སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2019ལོའི་འཛམ་གླིང་ཁོར་ཡུག་ཉིན་མོར་མཛུབ་སྟོན་གལ་ཆེན་གནང་བ།
2019.06.12 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 23

 2019ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་གོ་ལ་ཧྲིལ་པོའི་ཚོགས་ར་གཙོ་བོའི་བྱ་འགུལ་ཚེས5ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ་རེད།

ཞི་ཅིན་ཕིང་གིས་མིའི་རིགས་ལ་སའི་གོ་ལ་གཅིག་མ་གཏོགས་མེད་པས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཁག་གི་ཐུན་མོང་གི་འགན་འཁྲི་ཞིག་རེད། མིག་སྔར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཧུར་ཐག་གིས་དོན་འཁྱོལ་བྱེད་བཞིན་ཡོད་ལ། དེ་དང་ཆབས་ཅིག་རྒྱལ་ཁབ་ཁག་ལ་ཁོར་ཡུག་སྦགས་བཙོག་དང་། གནམ་གཤིས་འགྱུར་ལྡོག སྐྱེ་དངོས་སྣ་མང་རང་བཞིན་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་འགྲན་རྩོད་དྲག་པོར་འཕྲད་ཡོད་པ་རེད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་གལ་ཆེན་མཐའ་འཁྱོངས་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་དར་སྤེལ་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད། མ་འོངས་པར་ཁ་ཕྱོགས་ན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞི་འདིང་རྒྱུ་ཡིན་པ་དང་། 2030ལོའི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མིའི་རིགས་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་སའི་གོ་ལར་སྲུང་སྐྱོབ་ཡག་པོ་བྱས་ཏེ། མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་ཆེན་པོ་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

གཞན་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས་གད་སྙིགས་རིགས་དབྱེའི་གོམས་གཤིས་ཡག་པོ་ཆགས་པར་བྱས་ནས་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་འབད་འཐབ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས་པ་ནན་གྱིས་བསྟན།

ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེ་ལག་བསྟར་བྱ་རྒྱུ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དང་འབྲེལ་བ་ཡོད་པ་དང་། ཐོན་ཁུངས་གྲོན་ཆུང་ངང་སྤྱོད་རྒྱུ་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་དཔལ་ཡོན་ཆུ་ཚད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད་ཅེས་ནན་བཤད་གནང་།

ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེ་ཁྱབ་གདལ་གཏོང་བའི་གནད་འགག་ནི་ཚན་རིག་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་བྱས་ནས། ཡུན་ཕན་རྐྱེན་སྲོལ་ཆགས་པར་བྱེད་པ་དང་། གོམས་གཤིས་སུ་གྲུབ་པར་སྐུལ་འདེད་གཏོང་བ་རེད་ཅེས་གསུངས་པ་དང་།  ཁྲིད་སྟོན་ལ་ཤུགས་སྣོན་བྱེད་དགོས་ལ། ཡུལ་བབ་དང་བསྟུན་དགོས་ཤིང་། རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་དགོས་པ་དང་། དམ་འཛིན་ལྷོད་མེད་ཀྱིས་སྒྲུབ་དགོས། རྒྱ་ཁྱབ་ཀྱི་སློབ་གསོ་ཁྲིད་སྟོན་ལས་དོན་སྤེལ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གད་སྙིགས་རིགས་དབྱེ་ལག་བསྟར་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ངོས་འཛིན་ཐུབ་པར་བྱེད་དགོས་པ་དང་། ཕན་ནུས་ལྡན་པའི་ལྟ་སྐུལ་ཁྲིད་སྟོན་བརྒྱུད་ནས་མི་སྔར་ལས་མང་པོར་གད་སྙིགས་རིགས་དབྱེའི་གོམས་གཤིས་བཟང་པོ་ཆགས་པར་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་ལག་པ་འགུལ་ནས་མཉམ་དུ་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད་འབད་བརྩོན་བྱེད་པ་དང་། མཉམ་དུ་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་ཡོད། 2016ལོའི་ཟླ་12པར་ཁོང་གིས་ཀྲུང་དབྱང་ནོར་དཔལ་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་གདལ་གཏོང་རྒྱུར་ཞིབ་འཇུག་གནང་ཞིང་། ཁོང་གིས་རིགས་དབྱེ་གཏོང་འགྲེམས་དང་། རིགས་དབྱེ་བསྡུ་རུབ། རིགས་དབྱེ་སྐྱེལ་འདྲེན། རིགས་དབྱེ་ཐག་གཅོད་བཅས་ཀྱི་གད་སྙིགས་གཙང་སེལ་མ་ལག་གང་མགྱོགས་སུ་བཙུགས་ཏེ། ཁྲིམས་སྐྱོང་རྨང་གཞིར་བྱེད་པ་དང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བ། དམངས་ཡོངས་ཞུགས་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ། ཡུལ་བབ་དང་བསྟུན་པ་བཅས་ཀྱི་གད་སྙིགས་རིགས་དབྱེའི་ལམ་ལུགས་ཆགས་པར་བྱས་ནས། གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་རྒྱ་ཇེ་ཆེ་རུ་གཏོང་དགོས་པར་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ད་དུང་གཞི་རིམ་དུ་གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག་ལས་དོན་དེར་བླང་བྱ་གསལ་བོ་བཏོན་པ་རེད།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་གདལ་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཡོངས་ཀྱི་གད་སྙིགས་རིགས་དབྱེའི་ལས་དོན་དེ་གནས་གཅིག་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། རིམ་བཞིན་སྤེལ་འགོ་ཚུགས་ལ། ཕན་འབྲས་རགས་ཙམ་ཐོན་ཡོད། གཙོ་གནད་གྲོང་ཁྱེར་46གིས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་ནས་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་བཏང་བས་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། 2019ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱིས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་རེད། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་གཙོ་གནད་གྲོང་ཁྱེར་46གིས་གད་སྙིགས་རིགས་དབྱེའི་གཙང་སེལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་ཡིན་པ་དང་། 2025ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱིས་གད་སྙིགས་རིགས་དབྱེའི་གཙང་སེལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།