རང་རྒྱལ་གྱིས་ཕྱི་དངུལ་ནང་འདྲེན་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ།
2019.07.03 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 0

 ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཕྱི་དངུལ་ནང་འདྲེན་སོགས་ཀྱི་བྱེད་ཐབས་བརྒྱུད་ དེ། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་སྣེ་གསུམ་པའི་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཉམས་མྱོང་བསགས་ཡོད་པ་རེད།

ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་དང་གོ་ལ་ཧྲིལ་པོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩའི“མཚོ་སྔོན་པོ་དང་མདོ་ལ་རིང་མོའི་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བྱེད་པའི་ལས་གཞི”ལག་བསྟར་བྱེད་མགོ་ཚུགས་པའི་ཚོགས་འདུ་མཚོ་སྔོན་དུ་འཚོགས་པ་རེད། རིགས་གཅིག་མཁས་ཅན་གྱིས་དེ་ཐོག་ནས་གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ནུས་པ་མུ་མཐུད་ཆེ་རུ་ཕྱིན་པའི་ངོས་འཛིན་བྱས་པ་རེད།

ཀྲུང་གོར་བཅའ་སྡོད་བྱས་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་འཐུས་མི་ཁྲུའུ་ཡི་ལས་གཞིའི་ཀྲུའུ་རིན་མཱ་ཁྲའོ་ཏེ་ཡིས། ལས་གཞི་ལག་ལེན་བསྟར་མགོ་ཚུགས་པའི་ཚོགས་འདུའི་ཐོག་ཀྲུང་གོ་ནི་འཛམ་གླིང་ཐོག་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཆེ་ཤོས་བྱེད་མཁན་ས་ཁུལ་གྱི་གྲས་ཤིག་ཡིན་ལ། འཛམ་གླིང་ཡོངས་ཀྱི་ཟིན་ཐོ་ཡོད་པའི་རྩི་ཤིང་རིགས་11%ཡོད། ལོ་བཅུ་ཕྲག་རིང་། ཕྱོགས་མང་པོས་མཉམ་དུ་འབད་བརྩོན་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱས་མོད། འོན་ཀྱང་འཚོ་གནས་ཁུལ་ལ་འགྱུར་ལྡོག་དང་། སྐྱེ་ཁམས་མ་ལག་ཞན་འགྱུར། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཉེན་ཁར་སྔར་བཞིན་འཕྲད་ཡོད་ཅེས་དེ་ལྟར་བཤད་བྱུང་།

མཱ་ཁྲའོ་ཏེ་ཡིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་དུ་གནས་པའི་མཚོ་སྔོན་ནི་མདོ་དབུས་མཐོ་སྒང་དུ་ཡོད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་ས་བབ་མཐོ་བའི་སྲུང་སྐྱོབ་ཀྱི་སྐྱེ་དངོས་སྣ་མང་མཛོད་གལ་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་ནི་མི་གྲངས་དུང་ཕྱུར་སུམ་ཅུ་ལྷག་ཙམ་ཤུགས་རྐྱེན་ཐེབས་པའི་ཨེ་ཤེ་ཡའི་སྐྱེ་ཁམས་མ་ལག་སྙོམས་སྒྲིག་ཁུལ་གཙོ་བོ་ཡིན་པ་རེད་ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། ནོར་སྲིད་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་སོགས་སྡེ་ཚན་གྱི་རོགས་རམ་འོག མཚོ་སྔོན་གྱིས་གོ་ལ་ཧྲིལ་པོའི་ཁོར་ཡུག་ཐེབས་རྩའི་མ་དངུལ་འཕར་སྣོན་དུས་ཐེངས་དྲུག་པའི་མཚོ་སྔོན་པོ་དང་མདོ་ལ་རིང་མོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་ཀྱི་མ་ལག་སྐྲུན་པའི་རྣམ་གྲངས་རེ་ཞུ་བདེ་བླག་བྱུང་བ་དང་། རྣམ་གྲངས་ཀྱི་མ་དངུལ་བསྡོམས་འབོར་ཨ་སྒོར་བྱེ་བ་གཉིས་ས་ཡ་གཅིག་ཟིན་པ་དང་། དེའི་ནང་གོ་ལ་ཧྲིལ་པོའི་ཁོར་ཡུག་ཐེབས་རྩའི་འཕར་དངུལ་ཨ་སྒོར་ས་ཡ་གསུམ་ ཟིན་པ། རྒྱལ་ནང་གི་མ་དངུལ་ཨ་སྒོར་བྱེ་བ་གཅིག་ས་ཡ་བརྒྱད་ཡོད་པ་རེད། རྣམ་གྲངས་དེའི་ལག་བསྟར་དུས་ཡུན་ནི2019ལོ་ནས་2023ལོ་བར་ཡིན་ལ་དུས་ཡུན་ལོ་ལྔ་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཅིང་ཡུས་ཀྱིས་བཤད་རྒྱུར། དུས་ཐེངས་གསར་པའི་རྣམ་གྲངས་ཀྱིས་རི་དྭགས་གསའ་དང་། མཚོ་སྔོན་ཁོ་ནར་ཡོད་པའི་དགོ་བ་སོགས་ཀྱི་སྲོག་ཆགས་རིགས་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ཐོག་མདོ་ལ་རིང་མོ་དང་མཚོ་སྔོན་པོ་ཁུལ་གྱི་བརླན་ས་དང་། ནགས་ཚལ། འདམ་ར། འཁྱགས་རོམ་སོགས་ཀྱི་མཛེས་ལྗོངས་མ་ལག་སླར་གསོ་དང་སྲུང་སྐྱོབ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་སྲུང་སྐྱོབ་ས་ཆ་ཁག་གི་མ་ལག་འཛུགས་སྐྲུན་དང་སྒྲིག་གཞིའི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་གཙོ་རྒྱུན་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།