རྒྱལ་ཁབ་སྤྱི་གླིང་ཐོག་མ་སྟེ་གཙང་གསུམ་ཆུ་མགོའི་སྤྱི་གླིང་།
2019.08.26 ཁུངས། མི་དམངས་དྲ་བ། ཀློག་གྲངས། 23

 གངས་རིའི་རྩེ་མོ་ནས་ལོ་རེར་དྭངས་གཙང་གི་ཆུ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་600མཐོ་སྒང་གི་འཕར་རྩ་ནས་དལ་བུར་ཤར་ཕྱོགས་སུ་བཞུར་ནས་རྩི་ཤིང་ལ་རྩི་བཅུད་སྟེར་བཞིན་ཡོད། རི་ཚོགས་ཀྱི་ཁྲོད་དང་། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་གི་གཙོད་ནི་གཙོད་རིགས་ཀྱི་“དྲན་ཤེས”ལ་གཞིགས་ནས་ལོ་རེར་གནས་སྤོ་བ་དང་གཙོད་ཕྲུག་སྐྱེས་ནས་འཚོ་བཞིན་ཡོད ། མཚོ་མོ་སྟོང་ཕྲག་གི་ནང་དུ། འཁྱགས་རོམ་དང་གངས་རིའི་གྲུབ་གཟུགས་མཚོ་ངོས་སུ་མངོན་པས། དེ་ནི་སྲུང་དམག་ནང་བཞིན་ཁུ་སུམ་མེར་མིའི་རིགས་ཀྱི་དྭངས་གཙང་གི་གནས་མཆོག་འདི་སྲུང་བ་དང་ཀུན་ནས་འདྲ།

གཙང་གསུམ་འབྱུང་ཡུལ་ནི་ཐག་རིང་པོ་ཞིག་ཡིན་སྙམ་མོད། ཡིན་ནའང་། དོན་དངོས་སུ་ང་ཚོ་དང་ཐག་ཇེ་ཉེ་དང་ཇེ་ཉེར་འགྲོ་བཞིན་ཡོད། ཟླ་8ཚེས་19ཉིན་སྤེལ་བའི་རྒྱལ་ཁབ་སྤྱི་གླིང་གི་བགྲོ་གླེང་སྐབས་དང་པོའི་ཐོག རིགས་གཅིག་མཁས་པ་དང་མཁས་དབང་། སྲིད་གཞུང་གི་འཐུས་མིས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་ཏེ། གཙང་གསུམ་འབྱུང་ཡུལ་ལ་ཞིབ་བརྗོད་དང་གདེང་འཇོག་བྱས་ནས། གནས་འདིའི་ངོ་མཚར་ཆེ་བའི་གསང་རས་ཕྱེ་ཡོད།

མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་ཆགས་པའི་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་འདུས་ཆེ་བའི་ཁུལ་ཞིག་ཡིན། འདི་ལ་ཚང་མས་ཡ་གླིང་གི་འབྱུང་ཡུལ་གལ་ཆེན་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ལ་ངོས་འཛིན་གྱི་ཡོད།

2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་སྒྲིག་སྲོལ་ཚོད་ལྟ་ས་གནས་འདིར་བཙུགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཡོད་ལ། དེའི་འོག་ཏུ་འབྲི་ཆུའི་ཆུ་ཁུངས་དང་རྨ་ཆུའི་ཆུ་ཁུངས། རྫ་ཆུའི་ཆུ་ཁུངས་བཅས་ཡན་ལག་སྤྱི་གླིང་3བཙུགས་ཡོད།

འབྲི་ཆུའི་ཆུ་ཁུངས་སྤྱི་གླིང་དུ། འཕྲུལ་རྟར་བཞོན་ནས་སྐོར་ཞིབ་བྱེད་མཁན་སྐྱེ་ཁམས་ལྟ་སྲུང་པ་སྒྲོལ་མ་སྐྱབས་ནི་བྱ་རྒོད་བཞིན་ཉིན་རེར་མཐོ་དམའ་མི་འདྲ་བའི་རི་ཁུག་ཏུ་“ལྡིང་སྐོར”  བྱེད་དགོས་པ་དང་། ལག་གི་པར་ཆས་དང་རི་སྐོར་ཟིན་ཐོའི་ཐོག་གནས་འདིའི་འགྱུར་ལྡོག་འགོད་བཞིན་ཡོད།

རྨ་ཆུའི་འབྱུང་ཡུལ་དང་བར་ཐག་སྤྱི་ལེ་200ཙམ་ཡོད་པའི་ཨ་མྱེ་རྨ་ཆེན་གངས་རིའི་ཉེ་འཁོར་དུ། ཚན་ཞིབ་མི་སྣས་དུས་ཡུན་ལོ་གཉིས་རིང་གསའ་ཡི་འདྲ་པར་500ལྷག་བླངས་ཡོད།

འཆར་འགོད་ལྟར་ན། གཙང་གསུམ་འབྱུང་ཡུལ་སྤྱི་གླིང་ནི2020ལོར་དངོས་སུ་འཛུགས་རྒྱུ་དང་། 2035ལོའི་བར། འདི་རུ་དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་བསྐྲུན་ཚར་བ་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཆ་ཚང་སྲུང་སྐྱོབ་མངོན་འགྱུར་བྱུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་དཔེ་མཚོན་ཞིག་ཏུ་འགྱུར་བར་བྱེད་དགོས།

གཞན་ཡང་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྱོང་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་ཚད་བརྒལ་དང་སྡེ་ཚན་བརྒལ་བ། ས་ཁོངས་བརྒལ་བའི་དོ་དམ་སྒྲིག་སྲོལ་འཚོལ་ཞིབ་དང་ནུས་ལྡན་འཁོར་སྐྱོད་རྐྱེན་སྲོལ་ཚད་ལྡན་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་པར་བརྟེན། ཉེ་བའི་ལོ་ཤས་ནང་རང་རྒྱལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་འབུར་དུ་ཐོན་པ་དང་། ཚད་ལྡན་དོ་དམ་གཅིག་གྱུར། ཐོན་ཁུངས་ཀྱི་གཏོགས་ཁོངས་གསལ་བཟོ། གཉེར་སྐྱོང་དོ་དམ་གསར་གཏོད། སྡེ་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཕན་པ་ཆེ་བའི་འཚོལ་ཞིབ་བྱས་པས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྱོང་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

འདི་ནི་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོག་བཞིན་པའི་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས)ཀྱི་ཅུས་ཀྲང་ཀྲང་ཅན་ལུང་གིས་བཤད་རྒྱུར། ཚོད་ལྟ་བྱེད་པའི་རྒྱལ་ཁབ་སྤྱི་གླིང་ཁག་ལ་གཅིག་གྱུར་གྱི་དོ་དམ་སྒྲིག་གཞི་བཙུགས་པ་དང་ཆེད་མངགས་ཀྱི་མི་སྣའི་དཔུང་ཁག་བཀོད་སྒྲིག་བྱས་ཏེ་ཐོན་ཁུངས་མཐིལ་རྟོགས་བརྟག་དཔྱད་དང་། འཆར་གཞི་རྩོམ་བཟོ། ཚད་གཞིའི་ལམ་ལུགས་ཞིབ་འཇུག བཟོ་གཏེར་ཁེ་ལས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱས་པ་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་སྐོར་སྲུང་ཁྲིམས་འཛིན་དང་།  སྐྱེ་ཁམས་སྲུང་སྐྱོབ་སླར་གསོ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བརྒྱབ་པས་ས་གནས་དེ་གའི་སྐྱེ་ཁམས་གནས་ཚུལ་དང་དམངས་འཚོའི་གནད་དོན་རིམ་གྱིས་ཇེ་ལེགས་སུ་ སོང་ནས་སྐྱེ་ཁམས་མཛེས་ཤིང་མི་དམངས་ཕྱུག་པོའི་ལམ་དུ་བསྐྱོད་པའི་དམིགས་ཡུལ་མངོན་འགྱུར་འབྱུང་བཞིན་ཡོད་ཟེར།

ངོ་སྤྲོད་བྱས་པར་གཞིགས་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བ་བརྒྱུད། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་སྤྱིའི་ཆ་ནས་མཐུན་སྦྱོར་བྱུང་ནས་གླིང་3དང་འབྲེལ་བ་ཡོད་པའི་རྫོང་4ཡི་སྡེ་ཚན་ཆེན་མོའི་ལམ་ལུགས་བཅོས་སྒྱུར་བྱས་པས། སྒྲིག་སྲོལ་རྐྱེན་སྲོལ་གྱི“ སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པའི”གནས་བབ་དང་ལྟ་འདོམས་ཁྲིམས་འཛིན་གྱི“ཐར་ཐོར་ཅན”གྱི་གནད་དོན་ཐག་གཅོད་ཐུབ་པ་བྱུང་ཡོད།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་ཐོབ་ཡོད།

རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ཟླ་བརྒྱད་པའི་ཚེས19དང་20ཉིན་ཟི་ལིང་དུ་འཚོགས་པ་དང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་སྟོབས་ཤུགས་འཕེལ་བཞིན་ཡོད་ཅེས་བཤད།

གཙང་གསུམ་འབྱུང་ཡུལ་གྱི་ཕང་བར་གནས་པའི་ཡུལ་ཤུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་1984ལོར་བསྐྲུན་པ་དང་། དེ་ནི་རང་རྒྱལ་དུ་བསྐྲུན་པའི་ཁྲུང་ཁྲུང་སྐེ་ནག་དང་དེའི་རྒྱུད་སྤེལ་ས་སྲུང་སྐྱོབ་བྱ་ཡུལ་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཞིག་རེད། གནས་དེར་མིག་སྔར། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་བྱ་རིགས་5ཡོད་པ་རེད།

རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱི་མགོ་གཙོ་པ་སངས་ཚེ་རིང་གིས་ས་ཚིགས་བཙུགས་ནས་ལོ་30ལྷག་ཙམ་གྱི་རིང་། སྲུང་སྐྱོབ་ཁུལ་དེའི་བྱ་རིགས་སྣ་ཚོགས་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ཅེས་དེ་ལྟར་བཤད་བྱུང་།

མིག་སྔའི་བར། རང་རྒྱལ་གྱིས་བྱང་ཤར་གྱི་སྟག་གཟིག་དང་། མདོ་ལ་རིང་མོ། དོམ་ཁྲ། གཙང་གསུམ་འབྱུང་ཡུལ།  ཚ་བ་ཆེ་ཞིང་ཆར་ཆུ་མང་སའི་ནགས་ཚལ། ཝུའུ་དབྱི་རི་བོ། ཧྲེན་ནུང་ཅ། པོ་ཏ་མཚོ། ཆན་ཅང་གཙང་པོའི་འབྱུང་ཡུལ ལྷོ་རི་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་བསྐྲུན་པར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་ལྷག་ཡོད། རིགས་གཅིག་མཁས་ཅན་གྱིས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཟོས་པ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་གྱི་གྲས་ཡིན་ལ་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།