མཚོ་སྔོན་གྱི་ས་ཁུལ་ཁག་ཅིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མུ་མཐུད་དུ་ཤུགས་བསྣན་ནས་གྲུབ་འབྲས་བླངས།
2019.09.12 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 47

 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་དུས་ནམ་ཡང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་རྫོང་ཡོངས་ཀྱི་བྱ་བ་གཙོ་བོར་བརྩིས་ནས། དོན་དངོས་ཀྱི་བྱེད་ཐབས་བརྒྱུད་དེ་ལྗང་མདོག་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཁོར་སྲུང་མཁྲེགས་གཏོར་འཐབ་འཛིང་བསྟུད་མར་སྤེལ།

གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་། ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་ཀྱི་བླང་བྱ་ལྟར་དུ། རྫོང་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་དང་མུ་རི་སོལ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་སོགས་བྱ་བའི་ལས་ཁུངས་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གནོད་པ་བཟོ་བའི་འབུར་ཐོན་གནད་དོན་ལ་ཧུར་ཐག་གིས་ཞིབ་འཇུག་བྱས་ཏེ་ཐག་བཅད་པར་མ་ཟད། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་ལེགས་པོ་བྱས་ཏེ། མུ་རི་གཏེར་ཁུལ་གྱི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱ་བ་ཡོངས་འགྲུབ་བྱས་པར་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་ཀྱི་རྩིས་ལེན་ཐོབ།

གཉིས་ནས་སྟེང་རིམ་གྱི་བཀོད་འདོམས་ལ་ཤུགས་བསྣན། སྔ་གཞུག་ཏུ་ཐེན་ཆེན་རྫོང་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱི་བྱ་བའི་འགན་ནུས་དང་། ཐེམ་ཆེན་རྫོང་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་གྲོས་སྡུར་སྒྲིག་སྲོལ་སོགས་ཀྱི་ལམ་ལུགས་གཏན་འབེབས་བྱས་པར་མ་ཟད། ཚེ་གང་བོར་འགན་ཁུར་རྩད་གཅོད་ལམ་ལུགས་དང་འདེམ་ཤོག་གཅིག་གི་ཟློག་དབང་ལམ་ལུགས་ལག་བསྟར་བྱས་ཏེ། བྱ་བའི་བཀོད་སྒྲིག་དང་ལྟ་སྐུལ། ཞིབ་བཤེར། འགན་འདྲི་བཅས་མུ་འབྲེལ་རྐྱེན་སྲོལ་ཆགས་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡུན་ཕན་རྐྱེན་སྲོལ་ཧུར་ཐག་གིས་བཙུགས།

གསུམ་ནས་གཙོ་གཞིའི་འགན་འཁྲི་ཇེ་དྲག་ཏུ་བཏང་། སྐྱེ་ཁམས་ཁོར་སྲུང་གི་འགན་འཁྲི་ཞིབ་ཕྲ་གཏན་འབེབས་བྱས་ཏེ། བྱ་བའི་འགན་འཁྲི་དང་ལས་འགན་ཇེ་ཞིབ་ཏུ་བཏང་ནས། འབྲེལ་ཡོད་འགན་ཁུར་མགོ་ཁྲིད་ལ་བགོས་པ་དང་། རིམ་པ་བཞིན་དུ་གནོན་ཤུགས་བརྒྱུད་སྤྲོད་དང་འགན་འཁྲི་དོན་འཁྱོལ་བྱས། རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ལྟ་ཞིབ་དང་སྐོར་ཞིབ། ལྟ་སྒྲུབ་བཅས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ནས། ཁོར་སྲུང་གནད་དོན་གྱི་དག་ཐེར་དེ་ལྟ་ཞིབ་བྱ་བའི་གནད་སར་བརྩིས་པ་དང་། ཡུལ་དངོས་ཀྱི་ལྟ་ཞིབ་དང་ཡིག་ཐོག་གི་ལྟ་ཞིབ། མངོན་ཞིབ་ལྐོག་འདྲི་སོགས་ཀྱི་ཐབས་ཤེས་སྣ་མང་སྤྱད་ནས། ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས་ཀྱི་སྐོར་ཞིབ་སྒྲིག་གཞིའི་ཤུགས་ཚད་ཇེ་དྲག་ཏུ་བཏང་།

བཞི་ནས་དཔྱད་ཞིབ་ལམ་ལུགས་གཟབ་ནན་དུ་བཏང་། ཁོར་ཡུག་སྲིད་འཛིན་ཁྲིམས་འཛིན་དང་ཁྲིམས་འཛུགས་སྦྲེལ་མཐུད་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། བྱ་སྤྱོད་རྣལ་མས་སྐྱེ་ཁམས་ཁོར་སྲུང་གནད་དོན་དག་ཐེར་བཟང་བོ་བྱས་པ་དང་། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོས་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན། །

གཞན་ཡང།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་ཆུ་དང་མཚེའུ་དཔོན་ལམ་ལུགས་ལག་བསྟར་བྱས་ཏེ། བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་བཙུགས་ནས། ཆུ་བོ་རེ་རེ་དང་། མཚེའུ་རེ་རེ་ལ་དོ་དམ་བྱེད་མཁན་ཡོད་པ་དང་། ལྟ་མཁན་ཡོད་པ། ལས་ཀ་ལས་མཁན་ཡོད་པ་ཁག་ཐེག་བྱས་ཏེ། “རགས་བརྟན་པ་དང་། ཆུ་ལོག་རྒྱུག་ལམ་ཡངས་པ། ཆུ་དྭངས་པ། ཆུ་འགྲམ་ལྗང་མདོག་ལྡན་པ། ཡུལ་ལྗོངས་མཛེས་པ”བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས།

ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་། སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་ཆུ་དང་མཚེའུའི་སྤྱི་ཁྱབ་ཆུ་དཔོན་གྱི་འགན་ཁུར་ཅིང་། ཏང་སྲིད་ཀྱིས་སྣེ་ཁྲིད་དང་། སྡེ་ཁག་མཉམ་འགུལ། གྲོང་ཁྱེར་དང་རྫོང་གིས་ཤུགས་འདོན། མང་ཚོགས་ཟབ་ཞུགས་བྱེད་པ་བཅས་ཀྱི་ མཉམ་འཛིན་མཉམ་བདག་གི་འགན་འཁྲི་ལག་བསྟར་དང་། རིམ་པ་ཁག་གི་ཆུ་དཔོན་གྱིས་ཆུ་ངོས་ཟིན་པ་དང་། ཆུ་ལ་སྐོར་གཡེང་བྱེད་པ། ཆུ་བཅོས་སྐྱོང་བྱེད་པའི་རྒྱུན་ལྡན་གྱི་རྣམ་པ་གྲུབ། མིག་སྔའི་བར་དུ། ཁུལ་ཡོངས་ཀྱིས་ཁུལ་རིམ་པའི་ཆུ་དཔོན་དང་མཚོ་དཔོན10དང་། གྲོང་ཁྱེར(རྫོང་དང་སྲིད་འཛིན་ཨུ་ཡོན་ལྷན་ཁང་།)རིམ་པའི་ཆུ་དཔོན་དང་མཚོ་དཔོན28དང་། ཞང(གྲོང་རྡལ་དང་སྲང་ལམ།)རིམ་པའི་ཆུ་དཔོན་དང་མཚོ་དཔོན91དང་། སྡེ་བ་རིམ་པའི་ཆུ་དཔོན་དང་མཚོ་དཔོན235དོན་འཁྱོལ་བྱས།

ཁྱོན་ཡོངས་ནས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བྱ་བའི་ཇུས་གཞི་གཏན་འབེབས་དང་པར་འགྲེམ་བྱས་ཏེ། ཚྭ་མཚོ་དེ་ཆུ་དཔོན་དང་མཚོ་དཔོན་གྱི་ལམ་ལུགས་དོ་དམ་ཁྲོད་བཞག་པ་དང་། ཁུལ་རིམ་པའི་གཙོ་གནད་ཆུ་དང་མཚེའུ་ལ“ཆུ(མཚོ)གཅིག་ལ་སྲིད་ཇུས་གཅིག”གི་ལག་བསྟར་ཇུས་གཞི་བཟོས་ནས།  ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་བརྡ་འཕྲིན་དོ་དམ་སྟེགས་བུ་བསྐྲུན། །

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་སྐྱེ་ཁམས་སླར་གསོའི“སྡོམ་རྩིས”དང་སྐྱེ་ཁམས་སྦགས་བཙོག་གི“འཐེན་རྩིས”རྒྱུན་མཐུད་དང་རྒྱུན་ཆད་མེད་པར་ལེགས་པོར་སྒྲུབ་ཏེ། སྐྱེ་ཁམས་ཁོར་ཡུག་སྔོན་ལ་སྲུང་སྐྱོབ་མཐའ་འཁྱོངས་བྱས་པ་དང་རི་ཆུ་མཉམ་འདྲེས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་ཧུར་ཐག་གིས་བསྐྲུན་པས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཆེས་ཆེར་ཇེ་ལེགས་སུ་ཕྱིན་ པ་རེད།

སྐྱེ་ཁམས་ཁོར་ཡུག་སྔོན་འགྲོ་བྱེད་པར་དམིགས་ཏེ་དར་ལག་རྫོང་གིས་བྱ་སྤྱོད་ཇུས་གཞི་ཧུར་ཐག་གིས་བཟོས་ནས། “ལོ་གཅིག་ནང་གྲུབ་འབྲས་རགས་ཙམ་ཐོན་པ་དང་། ལོ་གཉིས་ནང་གཙོ་གནད་འགག་གནད་སྒྲོལ་བ། ལོ་གསུམ་ནང་ཕྱོགས་ཡོངས་ནས་ལེགས་སྒྲུབ”བཅས་ཀྱི་དམིགས་ཚད་ལས་འགན་ལྟར། ཁུལ་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གཏོད་པའི་བྱེད་སྒོ་དང་ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི་ཆེད་དོན་བྱ་སྤྱོད་སྔོན་ལ་སྤེལ་བ་རེད།

2017ལོ་ནས་མིག་སྔའི་བར། དར་ལག་རྫོང་གིས་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་ལྔ་འབུམ་བདུན་ཁྲི་དགུ་སྟོང་ལྔ་བསྡུ་སྒྲིག་བྱས་ཏེ་སྡོད་ཁུལ་དང་། སློབ་གྲྭ དབུལ་སྐྱོར་ཐོན་ལས་གླིང་བཅས་ཁག་གཅིག་ལ་དྭངས་གཙང་ནུས་རྒྱུའི་དྲོད་འདོན་ཁྲོ་ཐབ་འཛུགས་སྐྲུན་ ལག་བསྟར་བྱས་པ་དང་།  འཐུང་ཆུའི་ཆུ་ཁོངས་ས་ཆའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཆེད་དོན་བཅོས་སྒྲིག་ལས་དོན་ལག་བསྟར་དང“ཆུའི་དོན་ཚན་བཅུ”ལག་བསྟར་དམ་འཛིན་ནན་མོ་བྱས་ཏེ།  སྨད་རྒྱུད་ཀྱི་གཙང་པོ་དང་རྨ་ཆུའི་ཆུ་གཞུང་གི་བཅད་ཁུལ་ལ་ལྟ་ཞིབ་ཚད་ལེན་བྱས་པའི་ཆུ་སྤུས་དང་མཁར་གྲོང་གི་འཐུང་ཆུའི་ཆུ་ཁོངས་ཀྱི་ཆུ་སྤུས་རིམ་བཞིན་ཇེ་བཟང་དུ་སོང་ནས་ཆུ་སྤུས་ཀྱི་བསྡུར་ཚད་95%ཡན་ཟིན་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་འབྲས་མངོན་གསལ་དུ་གྱུར།  མ་དངུལ་སྒོར་ས་ཡ་གཉིས་འབུམ་དྲུག་ཁྲི་བདུན་བཏང་བའི2017ལོའི་དར་ལག་རྫོང་གི་གྲོང་གསེབ་འབྲོག་ཁུལ་གྱི་ཁོར་ཡུག་མུ་འབྲེལ་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ནས། འདམ་ར་སྨི་གྲུ་བཞི་མ་སྟོང་དྲུག་སླར་གསོ་བྱས་པ་རེད། འབྲོག་པའི་སྡོད་ཁུལ་གྱི་འཚོ་བའི་གད་སྙིགས་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ། ལོ་གཉིས་ནང་གད་སྙིགས་ཏུན་ཁྲི་གཉིས་སྟོང་གཉིས་སུམ་བརྒྱ་ལྷག་ཐག་གཅོད་བྱས་པས། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ། དགོན་སྡེ་བཅས་ཀྱི་ཁོར་ཡུག་རྣམ་པ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན།

མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས “ལྗང་མདོག་གིས་དྲིན་གཟོ་དང་སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་འཇལ་བའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་མ་ལག་བཙུགས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཕན་འབྲས་མངོན་གསལ་བླངས།

ཡུལ་ཤུལ་ཁུལ་གྱིས་སྔ་རྗེས་སུ《ཡུལ་ཤུལ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“ཏང་སྲིད་འགན་འཁྲི”དང“ལས་རྐང་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲིའི་ལམ་ལུགས》དང《ཡུལ་ཤུལ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་བྱ་ཐབས》སོགས་ས་གནས་དེ་གའི་དོན་དངོས་དང་མཐུན་པའི་ལག་བསྟར་ཇུས་གཞི་བཟོས་པས། ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད་པ་རེད།

སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་བརླིང་ངང་མཐོར་འདེགས་བྱུང་ཡོད།   ཕྱུགས་སྐྱུར་རྩྭ་འདེབས་དང་སྡོང་འཛུགས་ནགས་སྐྲུན་སོགས་ཀྱི་ཕན་འབྲས་ལྡན་པའི་ལས་དོན་བསྒྲུབས་ནས། གྲོང་ཁྱེར་སོ་སོ་དང་རྫོང་སོ་སོའི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་། གད་སྙིགས་ར་བ། ཡུལ་ཤུལ་སྨན་བཅོས་གད་སྙིགས་གཅིག་སྡུད་ཐག་གཅོད་ལྟེ་གནས་སོགས་ཀྱི་གལ་ཆེའི་ལས་གཞིའི་རྣམ་གྲངས་ཀྱི་བྱ་འགུལ་སྤེལ་ནས། ཡུལ་ཤུལ་ཁུལ་གྱི་གྲོང་ཁྱེར་དང་རྫོང་སོ་སོའི་བཏུང་ཆུའི་མགོ་ཁུངས་ཀྱི་ཆུའི་སྤུས་ཚད་ཚད་གཞི་དང་མཐུན་ཚད100%ལ་སླེབས་པ་དང་། ས་ངོས་ཆུའི་སྤུས་ཚད་ཚད་གཞི་དང་མཐུན་ཚད100%ལ་སླེབས་ཡོད་པས། ཆུ་བོ་ཆེན་པོ་དང་གཙང་བོ་ཆེན་པོའི་ཡན་ལག་ཆུ་བོའི་སྤུས་ཚད་མངོན་གསལ་སྒོས་ལེགས་བཅོས་བྱུང་ཡོད།

དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཁྱོན་ཡོངས་ནས་ཇེ་མཐོར་ཕྱིན་ཡོད། མིག་སྔར་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔེ་སྟོན་སྡེ་བ21དང་། ལྗང་མདོག་སློབ་གྲྭ7། ལྗང་མདོག་གཞིས་ཁུལ1། ཞིང་ཆེན་རིམ་པའི་ཁོར་ཡུག་སློབ་གསོའི་རྟེན་གཞི2 བཅས་བདེ་བླག་ངང་གསར་དུ་བསྐྲུན་ཏེ། ལྗང་མདོག་འཕེལ་རྒྱས་ལག་བསྟར་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་གཙང་གསུམ་འབྱུང་ཡུལ་དེ་སྐབས་གཉིས་པའི“ཀྲུང་གོའི་ཆུ་གཙང”ལ་བདམས་པ་དང་། ཡུལ་ཤུལ་ཁུལ་ལ་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གིས“རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར”ཞེས་པའི་མཚན་སྙན་གནང་ཤིང་། ཨ་ཆེན་གངས་རྒྱབ《འཛམ་གླིང་ཤུལ་བཞག་མིང་མཛོད》ནང་བཅུག་ནས་ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཨང་51པར་གྱུར་ཡོད། “རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མིང་གྲགས་གསར་དུ་བཏོད་རྒྱུ་ནི”ཡུལ་ཤུལ་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་འདུ་ཤེས་ཤིག་ཏུ་གྱུར་ཡོད།

ཡུལ་ཤུལ་ཁུལ་གྱིས“ལྗང་མདོག་གིས་དྲིན་གཟོ་དང་། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ”ཡི་འདུ་ཤེས་ལག་ཏུ་བསྟར་བ་དང་། “སྐྱེ་ཁམས་སྔོན་འགྲོ་དང་། ལྗང་མདོག་འཕེལ་རྒྱས། རྩེ་རིམ་ཇུས་འགོད། གཅིག་གྱུར་འཆར་འགོད། སྤྱི་ཚོགས་ཟབ་ཞུགས”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས།  ད་ལོའི་ལོ་མགོར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁོངས་ལྗང་བསྒྱུར་ལོ་གསུམ་གྱིས་ཇེ་མགྱོགས་སུ་གཏོང་བའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བདུན་ས་ཡ་གསུམ་ བཏང་ནས་རྒྱལ་ཁོངས་སྤྱི་ཆིང་ཁྲི་བཞི་སྟོང་དགུ་ལྗང་བསྒྱུར་བྱས་ཤིང་།  ཁུལ་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་ད་ལྟའི3.92%ནས4%ཡི་ཡན་ལ་སླེབས།

སྤུས་ཚད་མཐོ་བའི་སྡོང་འཛུགས་ལྗང་བསྒྱུར་མཁྲེགས་གཏོར་འཐབ་འཛིང་སྤེལ་བ་དང་། ཁྱོན་ཡོངས་ནས་གྲོང་རྡལ་གྱི་ལྗང་བསྒྱུར་ཆུ་ཚད་མཐོར་འདེགས་གཏོང་བ། མགྱོགས་མྱུར་ངང་དུས་རབས་གསར་པའི་མཛེས་སྡུག་གི་ཡུལ་ཤུལ་འཛུགས་སྐྲུན་བཅས་བྱ་ཆེད།  ཡུལ་ཤུལ་གྱིས་ལྗང་བསྒྱུར་གྱི་གཙོ་གནད་བཟོ་འགོད་ལག་ཏུ་བསྟར་བ་དང་། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཀྱི་དུས་རིམ་གཉིས་པའི་བཟོ་འགོད་དང་། བྱེ་འགོག་བྱེ་བཅོས་བཟོ་འགོད། འབྲི་ཆུའི་བཞུར་རྒྱུན་སྲུང་སྐྱོབ་ནགས་ཚལ་བཟོ་འགོད་བཅས་གནད་སར་བཞག་ནས་ལག་བསྟར་བྱས། དུས་མཚུངས་སུ། སྐྱེ་ཁམས་བྱེད་ནུས་ཁུལ་སླར་གསོའི་བཟོ་འགོད་ལག་བསྟར་བྱས་ཏེ། མུ་མཐུད་དུ་ནགས་ཚལ་ཐོན་ཁུངས་ཀྱི་སྤྱིའི་གྲངས་ཀ་འཕར་སྣོན་བྱས་པ་དང་། ཁྱད་པར་དུ་ནགས་ཚལ་གྱི་སྤུས་ཚད་མཐོར་འདེགས་ལ་མཐོང་ཆེན་བྱས། གྲངས་ཀ་དང་སྤུས་ཚད་གཉིས་གཙོར་བཟུང་ནས། སྤུས་ཚད་སྔོན་ལ་འཇོག་པ་རྩ་དོན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་བདག་གཉེར་བྱེད་པ། གནད་ཁེལ་གྱི་སྒོ་ནས་ནགས་ཚལ་གྱི་སྤུས་ཚད་མཐོར་འདེགས་གཏོང་བ། ནགས་སྐྲུན་ལྗང་བསྒྱུར་བྱ་བའི་ཚད་གཞི་མཐོན་པོ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།

སྡོང་འཛུགས་ནགས་སྐྲུན་དང་། ལྗང་བསྒྱུར་དྲིལ་སྒྲོག  སྐྱེ་ཁམས་བདག་སྐྱོང་། གསོ་སྐྱོང་དོ་དམ། མུ་མཐུད་དུ་ལྗང་སྐྲུན་ལྗང་ཞེན་ལྗང་སྲུང་གི་སྐྱེ་ཁམས་དཔལ་ཡོན་དར་སྤེལ་བཏང་སྟེ། ནུས་ཤུགས་གང་ཡོད་ཀྱིས་གྲོང་ཁྱེར་དང་། ཞང་གྲོང་། སྡེ་བ་བཅས་ལྗང་བསྒྱུར་མཛེས་བཟོ་བྱས་ཏེ། ཧུར་ཐག་སྒོས་མཛེས་སྡུག་སློབ་གླིང་དང་། ལྗང་མདོག་དམག་སྒར་ སོགས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས།  འཚོ་བའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན། དུས་མཚུངས་སུ། མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན། རྫོང་བཅས་གཙོ་གནད་དུ་བཟུང་ནས། ཚད་གཞི་མཐོ་བའི་ལྗང་མདོག་བརྒྱུད་ལམ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་དང་། ལམ་གཅིག་ལྗོངས་གཅིག་གི་འཆར་འགོད་རྒྱུན་འཁྱོངས་བྱས་ཏེ། སྡོང་རིགས་མང་བ་དང་མཛེས་ལྗོངས་མང་བའི་ལྗོངས་རྣམ་ལམ་ཆེན་བསྐྲུན་ཏེ། མགྱོགས་མྱུར་ངང“ལྗང་མདོག་བར་ཁྱམས”ཀྱི་སྒྲོམ་གཞི་གྲུབ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།