ཉེ་བའི་ལོ་འདི་འགའི་འཚོལ་ཞིབ་དང་ལག་ལེན་གྱི་ཁྲོད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ད་ལྟ། གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཡོད་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནས། ལོ་རེར་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་ལྷག་གི་ཆུ་མགོའི་ཆུ་ཀྲུང་ཧྭ་འཛིན་མའི་ཁྱོན་ཡོངས་སུ་བཞུར་གྱིན་ཡོད། མཚོ་མོ་སྟོང་གི་མཛེས་ཉམས་ཡང་བསྐྱར་མངོན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་བརྒྱ་དང་ཉི་ཤུ་ལྷག་གནས་འདིར་འཚོ་སྡོད་བྱེད་ཀྱིན་ཡོད་ལ། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་རིགས་བཅུ་གཅིག་ལ་བསླེབས་ཡོད།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐོ་ས་བསྐྲུན།
ཅང་མ་འགོར་བའི་སྔོན་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་བཅད་ཁུལ་ནས་རི་དྭགས་གསའ་ལྔ་ལྟ་ཞིབ་ཚད་ལེན་བྱུང་བར་མ་ཟད། ད་དུང་མཐོང་དཀོན་པའི་འཕར་བ་དང་གཡུ་དཀར་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་ཡང་ལྟ་ཞིབ་ཚད་ལེན་བྱུང་ཡོད།
རི་སྐྱེས་སྲོག་ཆགས་ལ་མུ་མཐུད་དུ་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྲོད། མཚོ་སྔོན་ཞིང་ཆེན་གྱིས2018ལོའི་རི་དྭགས་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། རི་དྭགས་གསའ་ཡི་པར་སོགས་རྒྱུ་ཆ་དགུ་བརྒྱ་དང་ང་བདུན་འཚོལ་སྡུད་བྱུང་བས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དང་སྐྱོན་བྲལ་ངང་ཇེ་བཟང་དུ་འགྲོ་བཞིན་པ་མཚོན་ཡོད།
2017ལོའི་ཟླ3པར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་དང་། དེའི་རྗེས་སུ་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་པར་འགྲེམ་བྱས།
མཚོ་སྔོན་ལ་མཚོན་ན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ཞིང་ཆེན་ལ་སྤྲད་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོན་པོས་མཐོང་ཆེན་དང་གཅིག་གྱུར་གྱིས་སྐུལ་འདེད་བཏང་ཏེ། ཧྲུའུ་ཅི་དང་ཧྲིན་ཀྲང་གིས་ཚན་གཙོ་ཟུང་གི་འགན་འཁུར་བའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《མཚོ་སྔོན་བཅད་ཁུལ་གྱི་ལག་བསྟར་ཇུས་གཞི》པར་འགྲེམ་བྱས་་ཏེ། ཚོད་ལྟའི་ལས་འགན་སོ་གསུམ་ཁྱོན་ཡོངས་ནས་བཀོད་སྒྲིག་དང་དངོས་འབེབས་བྱས།
མིག་སྔར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་གཅིག་གྱུར་ཐོ་འགོད་ཚོད་ལྟའི་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས་པ་དང་། བརྟག་དཔྱད་གྲུབ་འབྲས་ལ་རྒྱལ་ཁབ་ཆེད་མཁས་ཚན་ཆུང་གི་དཔྱད་ཞིབ་རྩིས་ལེན་ཐོབ། དུས་མཚུངས་སུ། 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་བཟོ་སྒྲིག་ལམ་ལུགས》གཏན་འཁེལ་བྱས་ཏེ། མདོ་ལ་རི་བོའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཁུལ་གྱི་དངོས་ཟོག་གི་གྲངས་ཀའི་རྩིས་ཐོར་ཞིབ་རྩིས་བྱེད་པའི་མ་ལག་བཙུགས་པ་དང་། རྩིས་ཐོའི་རེའུ་མིག་སོགས་ཚོད་ལྟ་སྒྲིག་བཟོ་བྱེད་པའི་བྱ་བ་ཡོངས་འགྲུབ་བྱེད་པའི་རྨང་གཞིའི་སྟེང་། རང་བྱུང་སྐྱེ་ཁམས་ཀྱི་བར་སྟོང་བཀོལ་སྤྱོད་བཀག་སྡོམ་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། ཚོད་ལྟའི་ས་ཁུལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆི་ལེན་རྫོང་དང་མིན་ཡོན་རྫོང་་གཉིས་ཚོད་ལྟ་བྱེད་སར་བརྩིས་ནས། རང་བྱུང་སྐྱེ་ཁམས་བར་སྟོང་བཀོལ་སྤྱོད་དང་བཀག་སྡོམ་གྱི་ལག་བསྟར་ཞིབ་སྲོལ་སོགས་ལམ་ལུགས་སྒྲིག་བཟོ་བྱས་ཏེ། ཚན་རིག་ལྟར་རང་བྱུང་སྐྱེ་ཁམས་བར་སྟོང་དབྱེ་འབྱེད་བྱས།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱེད་སྐབས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་རྨང་གཞི་ཡིན་པའི་སྡོད་ཁུལ་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་དོ་དམ། མཉམ་སྤྱོད་བཅས་ཀྱི་ཁྲོད་ཞུགས་པའི་རྐྱེན་སྲོལ་འཛུགས་པ་དང་འཚོལ་ཞིབ་བྱེད་པ་དེ་ལྷང་ངེ་ས་ཆེན་པོ་ཞིག་ཏུ་གྱུར་བ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་འདེགས་སྐྱོར་བྱས་ཏེ། རྫོང་དང་གྲོང་ཁྱེར་བཞི་ནས་ཚོད་ལྟའི་སྡེ་བ་དགུ་གདམ་གསེས་བྱས་ཏེ། སྲུང་སྐྱོབ་དྲིལ་སྒྲོག་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། 《སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་དོ་དམ་གྱི་གྲོས་མཐུན་ཡི་གེ》བཀོད་ནས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་ཏང་ཡོན་གྱི་ཁྲིད་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ཤིང་། ཤུགས་ཆེན་པོས་ཏང་ཡོན་དང་མང་ཚོགས་ཀྱིས་འོས་འགན་དྲིལ་སྒྲོག་དང་དཔུང་སྡེ་གཉིས་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་སློབ་ཐུན་བཀོད་སྒྲིག་བྱེད་པ། མངའ་ཁོངས་སློར་གྲྭར་སོང་ནས་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ཞིབ་བྱ་འགུལ་སྤེལ་ནས། རིམ་བཞིན་དྲིལ་སྒྲིག་ལྡིང་ཁང་དང་དྲིལ་སྒྲོག་སྒེའུ་ཁུང་སོགས་དྲིལ་སྒྲོག་སློབ་གསོའི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་ཆབས་ཅིག དུས་ཐོག་ཏུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་སློབ་སྦྱོང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་བྱ་བའི་གནས་ཚུལ་དྲིལ་སྒྲོག་བྱས་ཏེ། ཤུགས་ཆེན་པོས་ཚོད་ལྟའི་བྱ་བའི་ཁྲོད་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་ཏུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་བྱེད་པའི་སྟོབས་ཤུགས་དངོས་གནས་ཇེ་དྲག་ཏུ་བཏང་།
གཞན་ད་དུང་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པ་དེ་གོ་གནས་དང་པོར་བཞག་ནས། 《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་བསྡུས་ཁྲིམས་འཛིན་བྱ་བའི་ཇུས་གཞི》སྒྲིག་བཟོ་བྱས་ཏེ། ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་དང་ལྗང་མདོག་གོ་ཆའི་ཆེད་དོན་བྱ་སྤྱོད་གཅིག་བསྡུས་ངང་སྤེལ་བ་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ནགས་ཚལ་སྤྱི་བདེ་ཡིས་མཉམ་འབྲེལ་སྒོས་བསྐོར་སྲུང་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་སྤེལ་ནས། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ས་མཚམས་ཀྱི་མཉམ་སྲུང་བཀག་སྡོམ་རྐྱེན་སྲོལ་ལ་སྔར་ལས་ཤུགས་སྣོན་ཐོབ་ཏེ། སྐྱེ་ཁམས་བདེ་འཇགས་ཁག་ཐེག་བྱས།
རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནད་འགག་ལ་དམ་པོར་དམིགས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་ཏུ་བཏང་།
གཙང་གསུམ་འབྱུང་ཡུལ་ལ་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་ལ། མཚོ་སྔོན་པོར་ནུབ་ཕྱོགས་ཀྱི་བྱེ་ཐང་ཅན་དེ་ཤར་ཕྱོགས་སུ་མཆེད་པ་བཀག་འགོག་བྱེད་པའི་རང་བྱུང་གི་སྲུང་ཡོལ་ཏུ་འབོད་པར་མ་ཟད། མདོ་ལ་རི་བོའི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཉིན་བཞིན་འབུར་ཐོན་ཡིན་པར་བརྟེན། གལ་ཆེ་བའི་སྐྱེ་ཁམས་ཀྱི་གོ་གནས་དང་ཚབ་བྱེད་མི་ཐུབ་པའི་སྐྱེ་ཁམས་ཀྱི་རིན་ཐང་ལྡན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་སྲུང་བྱེད་པ་ནི་མཚོ་སྔོན་གྱི་འདོར་དུ་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པ་རེད།
ད་ལྟའི་མཚོ་སྔོན་ལ་མཚོན་ན། ཤར་ནས་ནུབ་དང་ལྷོ་ནས་བྱང་བཅས་སུ་དཔེ་མཚོན་རང་བཞིན་དང་མཚོན་བྱེད་རང་བཞིན། སྣ་མང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པའི་ནགས་ཚལ་དང་བརླན་ས། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་འབབ་རྒྱུད། མདོ་ལ་རི་བོའི་རི་རྒྱུད། ཚྭ་འདམ་གཞོང་ས། རྨ་ཆུའི་བཞུར་རྒྱུན་བཅས་སུ་ཁེབས་པའི་ས་གཤིས་ཀྱི་ས་ཁོངས་ཆེན་པོ་ལྔ་ཆགས་ཡོད།
དོན་དངོས་ལྟར་ན། མཚོ་སྔོན་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་ནི་ཆེས་གལ་ཆེ་བ་རེད།
མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་གསར་སྐྲུན་ཅིག་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད་ལ། མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་འཆར་འགོད་ཀྱང་སྒྲིག་བཟོ་བྱེད་བཞིན་པའི་སྒང་རེད།
ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱས་ནས་སྔར་ལས་བཟང་ཞིང་སྔར་ལས་མགྱོགས་མྱུར་ངང་རྒྱལ་ཡོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བྱེད་ཆེད། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞི》འཆར་འགོད་ཡོངས་འགྲུབ་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བདུན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཐེངས་རེ་གསུམ་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། གོམ་གང་མདུན་སྤོས་སྒོས་ལས་འགན་བྱེ་བྲག་ཅན་དང་ཞིབ་རྒྱས་ཅན་དུ་གཏོང་བ་དང་། འགན་འཁྲི་ལས་བགོས་ཁ་གསལ་ཡོང་བར་བྱ་ཆེད། སླར་ཡང《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞི》ལ་འཆར་ཟིན་བཀོད་དེ། བྱེ་བྲག་གི་བྱ་བ་ཞེ་ལྔར་ཕྱོགས་སྡོམ་བྱས་ནས། སྡེ་ཁག་གི་འགན་ནུས་གསལ་བོ་བྱས་པ་དང་དུས་ཚོད་རེའུ་མིག་གཏན་འཁེལ་བྱས་པ། བྱ་བའི་བླང་བྱ་བཏོན་པར་མ་ཟད། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གསུམ་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཤུགས་ཆེན་པོས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་རྟོག་ཞིབ་བྱེད་པའི་དཔྱད་འཇོག་བྱ་བ་སྤེལ་བ་དང་། ཁྱོན་ཡོངས་ནས་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་དང་རང་བྱུང་སྐྱེ་ཁམས་མ་ལག རང་བྱུང་རིག་གནས་ཤུལ་བཞག ས་མཚམས་སོགས་ཀྱི་གཞི་རྩའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་རང་བྱུང་སྐྱེ་ཁམས་མ་ལག་གི་གལ་ཆེན་རང་བཞིན་དང་ཐོན་ཁུངས་གྲུབ་ཚུལ་གྱི་ཆ་ཚང་རང་བཞིན། སྲུང་སྐྱོབ་བྱ་ཡུལ་གྱི་ཐུན་མིན་རང་བཞིན། ཁྱབ་ཁོངས་དབྱེ་མཚམས་ཀྱི་ལུགས་མཐུན་རང་བཞིན། དོ་དམ་རྣམ་པའི་ལུགས་མཐུན་རང་བཞིན་སོགས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དཔྱད་འཇོག་བྱས།
ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱ་བར་མཛུབ་སྟོན་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་མ་ལག་གསར་བ་འཛུགས་སྐྲུན་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཁུང་མེན་རྩད་ཞིབ་ཇུས་འགོད་ཁང་ལ་མངག་བཅོལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལམ་ལུགས་ཚད་གཞིའི་ཞིབ་འཇུག་བྱ་བ་སྤེལ།
མིག་སྔར། བྱ་བ་དེ་ཁྱོན་ཡོངས་ནས་སྤེལ་བ་དང་། འཆར་གཞི་ལྟར་ན་ད་ལོར《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྟོག་ཞིབ་དཔྱད་འཇོག་བྱེད་ཐབས་ཞིབ་འཇུག་སྙན་ཞུ》དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རིགས་བཀར་ཚད་གཞི》།
《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་ཧྲིལ་བསྡུས་ལེགས་བཅོས་བྱེད་ཐབས》སོགས་ཚད་གཞི་བཅུའི་ལམ་ལུགས་བྱེད་ཐབས་གཏན་འབེབས་ཡོངས་འགྲུབ་བྱས་ཏེ། རྒྱལ་ཡོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ཇུས་གཞི་འདོན་སྤྲོད་བྱེད་རྒྱུ་རེད།
དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱིས་ད་དུང《མཚོ་སྔོན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་ལ་རྟོག་ཞིབ་དཔྱད་འཇོག་ཧྲིལ་བསྡུས་དང་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་བྱ་བའི་ཇུས་གཞི》། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་ཞིབ་འཇུག་རྣམ་གྲངས་བྱ་བའི་ཇུས་གཞི》བཅས་རྩོམ་སྒྲིག་བྱས་ཏེ། ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་དུས་སྐབས་སྔོན་མའི་བྱ་བའི་ནང་དོན་དང་གོམ་རིམ། མ་དངུལ་བཀོལ་སྤྱོད་བཅས་གཏན་འབེབས་བྱས་པ་དང་། ཧུར་ཐག་གིས་སྲིད་ཇུས་དང་མ་དངུལ་མཐུན་སྦྱོར་བྱས་པར་མ་ཟད་དངོས་འབེབས་བྱས་ཏེ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བར་རྒྱབ་སྐྱོར་བྱས།
འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། སྲུང་སྐྱོབ་ཀྱི་ཁྲོད་ནས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁྲོད་ནས་སྔར་ལས་སྲུང་སྐྱོབ་ལེགས་པོ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པའི་ཁྲོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ཀྱིན་ཡོད།
ལོ་ཙཱ། སྒྲོལ་མ་སྐྱིད།