རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ་མཛེས་སྡུག་འཚོ་བའི་བརྩེ་བ་མངོན་པར་བྱེད། (1)
2019.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

 རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཛུགས་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་བཅོས་སྒྱུར་གྱི་ལས་འགན་གཙོ་བོ་ཡིན་ཞིང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་པའི་བཅོས་སྒྱུར་གྱི་དམིགས་འབེན་གཏན་འབེབས་གསལ་བོ་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱ་བར་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཏུ་བཞག

2018ལོའི་ལོ་མཇུག་ཏུ་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བའི་དོན་སྙིང་གལ་ཆེན་ནན་གྱིས་བསྟན། ད་ལོའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ནས། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་རྩོམ་པར་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་མངོན་པར་བྱེད་པའི་མདུན་སྐྱོད་ཁ་ཕྱོགས་གསལ་བོར་བསྟན།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པ་དེས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་ཐག་གིས་བཅད་ཡོད།

2016ལོར་། རྒྱལ་ཡོངས་ཀྱི་ཐོག་དང་པོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་མཚོ་སྔོན་ཞིང་ཆེན་ནས་མགོ་བརྩམས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་བ་འདིས་འཚོལ་ཞིབ་དང་གསར་སྐྲུན་རང་བཞིན་གྱི་བཅོས་སྒྱུར་ཁྲོད་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཉམས་མྱོང་བསྐྲུན། 2018ལོའི་བར《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་ཁྱབ་བསྒྲགས་བྱས་པ་ལས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱེད་པའི་དུས་རིམ་དུ་ཞུགས་པ་མཚོན་ཡོད།

དེའི་རྗེས་སུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་སྤེལ་མགོ་བརྩམས་ཤིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་བཅས་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི། མཚོ་སྔོན་གྱི་འདོར་དུ་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པས་རང་འགུལ་ངང་ཕྲག་ཏུ་ལེན་དགོས། བྱ་བ་སྤེལ་བའི་ཚུན་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མཚོ་སྔོན་བཅད་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པ་དེ་གོ་གནས་གཙོ་བོར་བཞག་ནས། ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་གྱི་མཐོ་ས་བསྐྲུན་པའི་ཕུགས་འདུན་རིམ་གྱིས་མངོན་འགྱུར་བྱས།

རྒྱལ་ཡོངས་ནས་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་གནད་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་ནི། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་གཏིང་ཟབ་ཏུ་དངོས་འབེབས་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། མུ་མཐུད་དུ་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་ཟིན་གཏིང་ཟབ་བྱེད་པའི་བྱེ་བྲག་གི་ལག་ལེན་དང་ཆེས་མངོན་གསལ་གྱི་ཆབ་སྲིད་འགན་འཁྲི་ཡིན་ཞིང་། དུས་རབས་གསར་བའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་གསར་བ་དང་ལག་ལེན་གསར་བ་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས། འཆམ་མཐུན་བརྟན་འཇགས་བཅས་ལ་སྐུལ་འདེད་བྱེད་པའི་ཐབས་ལམ་གསར་བ་ཞིག་ཀྱང་ཡིན་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་དཔེ་སྟོན་ཁུལ་དང་། གཙང་གསུམ་འབྱུང་ཡུལ་མཉམ་སྐྲུན་མཉམ་སྤྱོད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ། མདོ་དབུས་མཐོ་སྒང་གི་རང་བྱུང་ཁམས་ཆེན་པོར་སྲུང་སྐྱོབ་འགྲེམ་སྟོན་དང་སྐྱེ་ཁམས་རིག་གནས་ཀྱི་རྒྱུན་འཛིན་ཁུལ་བཅས་སུ་འཛུགས་སྐྲུན་བྱེད་དགོས།

དེ་ནི2016ལོར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱེད་སྐབས། སྒྲིག་སྲོལ་ཚོད་ལྟའི་དམིགས་འབེན་གཏན་འབེབས་གསལ་བོ་བྱས་པ་རེད། ལག་བསྟར་མགོ་རྩོམ་པའི་དུས་མགོ་ནས་ད་ལྟའི་བར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་དང་གསར་གཏོད་གསར་སྐྲུན་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་འདི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཚར་སྡུག་གི་མིང་བྱང་ཞིག་ཏུ་གྱུར་བར་མ་ཟད། རྒྱལ་ཁབ་ཀྱི་གནད་སའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་ཀྱི་དཔེ་མཚོན་ཞིག་ཏུའང་གྱུར་ཡོད།

ལོ་གཅིག་གི་ནང་རྨང་གཞིའི་བྱ་བ་སྲ་བརྟན་དུ་གཏོང་བ་དང་། ལོ་གཉིས་ཀྱི་ནང་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པ། ལོ་ལྔའི་ནང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བྱ་བའི་དམིགས་འབེན་དམ་འཛིན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དེ་སྒྲིག་སྲོལ་ཚོད་ལྟའི་གཞི་རྩར་བརྩིས་ནས། སྔ་གཞུག་ཏུ་ཐོག་མའི་གསར་གཏོད་རང་བཞིན་གྱི་བཅོས་སྒྱུར་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། ཁྲིམས་ལྟར་སྤྱི་གླིང་འཛུགས་སྐྲུན་དང་ལྗང་མདོག་ལ་བརྟེན་ནས་སྤྱི་གླིང་འཛུགས་སྐྲུན། དམངས་ཡོངས་ཀྱིས་སྤྱི་གླིང་འཛུགས་སྐྲུན་སོགས་འདུ་ཤེས་ཆེན་པོ་བཅུ་གཏན་ལ་ཕབ་ཅིང་།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་དང་སྲིད་ཇུས། ལམ་ལུགས་སོགས་ཚད་གཞིའི་མ་ལག་ཆེན་པོ་བཅོ་ལྔ་རིམ་བཞིན་ཆགས་པ་དང་། སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་ལེགས་སྒྱུར་བྱས་ཤིང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་ཐག་གཅོད་བྱས་པ། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ནས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླངས།

ཁོངས་ཁུལ་ལོགས་བཅད་དང་དོ་དམ་ཐར་ཐོར། རང་སྲིད་རང་སྐྱོང་བཅས་ཀྱི་སྲོལ་རྒྱུན་དཔེ་དབྱིབས་གཏོར་ཆེད། 2016ལོའི་ཟླ6པར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སྒྲིག་འཛུགས་བྱས་པ་དང་། ཟླ9ཚེས26ཉིན་ཀྲུང་དབྱང་ལས་ཁུངས་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་དངོས་སུ་མཆན་བཀོད་བཀའ་ལན་གནང་ཏེ། འབྲི་ཆུའི་མགོ་ཁུངས་དང་རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་གླིང་ཁུལ་གསུམ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་བྱས་པར་མ་ཟད། ནགས་ལས་དང་རྒྱལ་ཁོངས། ཁོར་སྲུང་། ཆུ་བེད་སོགས་སྡེ་ཁག་གི་འགན་ནུས་ཧྲིལ་བསྡུས་བྱས་ཏེ། སྐྱེ་ཁམས་ཁོར་སྲུང་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་བཙུགས་པ་དང་། སྔོན་ཆད་ཀྱི་རྫོང་རིམ་པའི་སྲིད་གཞུང་ཁོངས་གཏོགས་ཀྱི་ནགས་ཚལ་སྤྱི་བདེ་དང་རྩྭ་ཐང་ལྟ་ཞིབ་དོ་དམ་སོགས་འགན་ནུས་སྡེ་ཁག་གི་ཁྲིམས་འཛིན་འགན་འཁྲི་ཧྲིལ་བསྡུས་བྱས་ཏེ། གླིང་ཁུལ་གསུམ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུའུ་བཙུགས་ནས། གཅིག་སྡུད་གཅིག་གྱུར་གྱི་ཕྱོགས་བསྡུས་ཁྲིམས་འཛིན་ལག་བསྟར་བྱས།

གླིང་ཁུལ་གསུམ་ལ་འབྲེལ་བའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་ལ་སྡེ་ཁག་ཆེན་པོའི་ལམ་ལུགས་བཅོས་སྒྱུར་བྱས་ཏེ། སྲིད་གཞུང་གི་བཙུགས་གྲུབ་སྡེ་ཁག་ཁུ་བསྡུ་བྱས་པ་དང་།  སྔོན་ཆད་ཀྱི་སྡེ་ཁག་ཉི་ཤུ་ལྷག་སྡེ་ཁག་བཅོ་ལྔར་ཁུ་བསྡུ་བྱས་ནས་སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང་དང་ཁྲིམས་འཛིན་དོ་དམ་ཐར་ཐོར་ཡིན་པའི་གནད་དོན་ཡོངས་སུ་ཐག་བཅད། གཞན་ད་དུང་རྩྭ་ཐང་ལས་དོན་ས་ཚིགས་དང་བརླན་ས་སྲུང་སྐྱོབ་ས་ཚིགས་སོགས་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བའི་སྡེ་ཁག་ཧྲིལ་བསྡུས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་བཙུགས། རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་ཞང་དང་གྲོང་རྡལ་བཅུ་གཉིས་ཀྱི་ནང་དུ་སྲུང་སྐྱོབ་དོ་དམ་ས་ཚིགས་ཀྱི་མིང་བྱང་ཇེ་མང་དུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་དོ་དམ་འགན་འཁྲི་འཕར་སྣོན་བྱས།

《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་ཁྱབ་བསྒྲགས་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱིས་ཁ་གསལ་ཡིན་པའི་བྱ་བའི་ལས་འགན་ལྟར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་འཆར་འགོད་དང་དོ་དམ་འཆར་འགོད། སྡོད་ཁུལ་འཕེལ་རྒྱས་དང་རྨང་གཞི་སྒྲིག་ཆས་འཆར་འགོད། སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་འཆར་འགོད། ཐོན་ལས་འཕེལ་རྒྱས་དང་ཆོག་འཐུས་བདག་གཉེར་འཆར་འགོད་བཅས་བཟོ་སྒྲིག་བྱས་ཏེ། རྒྱལ་ཡོངས་སུ་ཐོག་མར་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་མ་ལག་བཙུགས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཅོས་སྒྱུར་ཆེན་པོ་ཞིག་ཡིན་པའི་ཆ་ནས། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གི་རྐྱེན་སྲོལ་གསར་འཛུགས་བྱས་པ་བརྒྱུད་དེ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་བཀོད་སྒྲིག་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་པ་དང་། གླིང་ཁུལ་གྱི་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་རྣམ་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱས། བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་འཛིན་ཡིག་བཟུང་ནས་ལས་རྐང་དུ་ཞུགས་པ་དང་། ལོ་གསུམ་གྱི་རིང་ལ་ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་དངོས་འབེབས་བྱས་ཏེ། ལོ་རེའི་ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་བསླེབས་པར་མ་ཟད།  དེ་དག་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཐེབས་པའི་ཉེན་ཚབ་གཅིག་གྱུས་གྱིས་ཉོས།

དེ་ལས་གཞན། ཞང་དང་གྲོང་རྡལ་གྱི་ལྟ་སྲུང་ས་ཚིགས་དང་སྡེ་བ་རིམ་པའི་ལྟ་སྲུང་རུ་ཁག  ལྟ་སྲུང་ཡན་ལག་རུ་ཁག་བཅས་བཙུགས་པ་དང་། གཅིག་ཏུ་སྦྲེལ་ཞིང་ཡོངས་སུ་འདྲེས་པའི་དོ་དམ་སྲུང་སྐྱོབ་མ་ལག་བཙུགས་ཏེ། འབྲོག་པ་མང་ཚོགས་རྣམས་རིམ་བཞིན་རྩྭ་ས་བེད་སྤྱོད་གཏོང་མཁན་ནས་སྐྱེ་ཁམས་ལྟ་སྲུང་པར་གྱུར་ནས། མིའི་རིགས་ཀྱི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བཏང་།

མི་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་སྤེལ་བྱས་པ་དང་། མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་བདུན་ལྷག་བཏང་ཏེ། གླིང་ཁུལ་གྱི་སྡེ་བ་བཞི་དང་ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་ཀྱི་སྲུང་སྐྱོབ་ས་ཚིགས་སུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ།

དུས་མཚུངས་སུ། འབྲོག་པ་མང་ཚོགས་ཀྱི་འདོད་བློར་སྲུང་སྐྱོབ་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གོང་དུ་སྤེལ་བ་བརྒྱུད་དེ། རྩྭ་ས་འགན་གཙང་ལེན་བདག་གཉེར་དེ་རིམ་བཞིན་ཆོག་འཐུས་བདག་གཉེར་གྱི་ཕྱོགས་སུ་བསྒྱུར་བར་མ་ཟད། འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་སྒྲུབ་པར་སྐུལ་ལྕག་ཁྲིད་སྟོན་དང་རོགས་སྐྱོར་བྱས་པའི་དུས་མཚུངས་སུ། འབྲོག་པ་མང་ཚོགས་ཀྱིས་མ་དངུལ་མ་རྐང་དུ་འཇོག་པ་དང་མཉམ་ལས་ངལ་དོན་སོགས་བྱེད་སྟངས་སྣ་ཚོགས་ཀྱིས་ཐོན་ལས་གསུམ་པ་གོང་དུ་སྤེལ་བར་རྒྱབ་སྐྱོར་དང་སྐུལ་མ་བཏང་།

《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག》དེ2017ལོའི་ཟླ8ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཁྲིམས་ལྟར་སྤྱི་གླིང་འཛུགས་པའི་ཕྱོགས་སུ་བསྐྱོད་པ་མཚོན།  ཁྲིམས་འཛིན་གྱི་ཤུགས་ཚད་ཇེ་དྲག་ཏུ་གཏོང་ཆེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་བཅས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཁྲིམས་འཛིན་མཉམ་ལས་རྐྱེན་སྲོལ་བཙུགས་པ་དང་། ཡུལ་ཤུལ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་ར་སྒྲིག་འཛུགས་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་བཙུགས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་ལ་ཁྲིམས་འཛིན་ཐད་ནས་སྲུང་སྐྱོབ་བྱེད་པའི་ནུས་པ་འདོན་སྤེལ་ལེགས་པོ་བྱས།

ལོ་ཙཱ། སྒྲོལ་མ་སྐྱིད།