གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྙན་ཞུ།
2019.09.25 ཁུངས། མི་དམངས་དྲ་བ། ཀློག་གྲངས། 355

 སའི་གོ་ལའི“སྣེ་གསུམ་པར”གྲགས་པའི་མཚོ་བོད་ས་མཐོའི་ལྟེ་བར་རྩེ་མོ་མཁའ་ལ་ཟུག་འདྲའི་ས་འཛིན་གྱི་མྱུ་ཁྱུད་འགྱིང་ངེར་གནས་པ་དང་འཁྱག་རོམ་དང་འདམ་ར་མུ་འབྲེལ་ནས་ཆགས་ཡོད། སྤྱི་ལེ་གྲུ་བཞི་མ་འབུམ་བཞི་ཡི་ཁྱབ་ཁོངས་སུ་ཆུ་ཕྲན་དང་། འདམ་ར། མཚོ་དང་མཚེའུ་སྣ་ཚོགས་གཅིག་ཏུ་འདུས་ནས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་གྲུབ་སྟེ་ལྷུང་ལྷུང་དུ་འབབ་བཞིན་མཆིས།

གཙང་གསུམ་འབྱུང་ཡུལ་ལ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཆུ་བོ་དལ་གྱིས་བབས་ནས་ཀྲུང་ཧྭ་དང་ཐ་ན་ཨེ་ཤེ་ཡའི་དཔལ་ཡོན་བསྐྱངས་ཡོད། འོན་ཀྱང་སྔོན་ཆད་མིའི་བྱེད་སྒོ་དང་། ཕྱུགས་གྲངས་ཚད་ལས་བརྒལ་བ། རང་བྱུང་གི་འགྱུར་ལྡོག་བཅས་ལས་གདོད་མའི་ས་རྒྱུ་གཤིན་པོ་དེ་ཞན་འགྱུར་དང་བྱེ་འགྱུར་གྱི་ཉེན་ཁ་དང་འཕྲད།

“ཀྲུང་ཧྭའི་ཆུ་མཛོད”དྭངས་ཤིང་གཙང་བ་དང་ལྷུང་ལྷུང་དུ་འབབ་པར་འགན་ལེན་ཇི་ལྟར་བྱེད་དགོས་པའི་ཐད་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡུན་རིང་རྗེས་སྙེག་བྱས་ནས་དེའི་ལན་འཚོལ་བར་བསྐྱོད་པ་རེད།

2001ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་གི་འབྲོག་པ་སྟོབས་རྒྱལ་གྱིས་རང་ཁྱིམ་གྱི་རྩྭ་ཆུ་བཟང་བའི་རྩྭ་ཐང་ལ་ཨ་བྲས་གནོད་པ་བཟོས་པ་མཐོང་སྐབས་ག་བྱེད་འདི་བྱེད་མེད་པར་གྱུར། སྟོབས་རྒྱལ་གྱིས“ཨ་བྲའི་གནོད་འཚེ་ཐེབས་པ་ཚབས་ཆེ་ཤོས་སུ་མུས་གྲུ་བཞི་མ་རེར་ཧ་ལམ་བྲ་ཁུང10ཙམ་ཡོད་པས།  རྩྭ་ར་སྐྱ་ཐེར་ཐེར་དུ་འགྱུར་བ་རེད”ཅེས་བཤད།

དེ་དང་འདྲ་བར་ས་ཆ་གཞན་དུའང་ཨ་བྲ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། 2004ལོར་རྫ་ཆུའི་མགོ་ཁུངས་སུ་གནས་པའི་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ཨ་བྲའི་གནོད་འཚེ་ཐེབས་ནས་རྩྭ་ས་མུའུ་ས་ཡ་དགུ་ལྷག་ཙམ་ཉམས་ཞན་དུ་གྱུར་བ་དང་། དེས་བེད་སྤྱོད་ཆོག་པའི་རྩྭ་སའི་རྒྱ་ཁྱོན་གྱི20%ཙམ་བཟུང་ཡོད། འབྲི་ཆུའི་མགོ་ཁུངས་སུ་གནས་པའི་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་དུ་རྩྭ་ས་ཞན་འགྱུར་གྱི་རྒྱ་ཁྱོན་མུའུ་ས་ཡ་བརྒྱད་དང་འབུམ་གཉིས་ལྷག་ཙམ་ཟིན་ཡོད།

མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། 2004ལོར་ གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་བྱེ་འགྱུར་རྒྱ་ཁྱོན་མུའུ་བྱེ་བ་གསུམ་དང་ས་ཡ་བརྒྱད་ལྷག་ཟིན་པ་དང་། ལྟེ་བའི་ཁུལ་དུ་ཞན་འགྱུར་ཚད་གཞི་འབྲིང་ཙམ་དུ་སླེབས་པའི་རྩྭ་ས་མུའུ་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཟིན་ཡོད། རྨ་ཆུའི་མགོ་ཁུངས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་སྔོན་ཆད་ཀྱི་མཚོ་4000ལྷག་ཙམ་གྱི་ཁྲོད་ནས་90%ཡན་སྐམ་ཡོད་པས། རྨ་ཆུའི་ཆུ་མགོ་བར་སྐབས་ཤིག་བཞུར་མཚམས་ཆད། དབྱེ་ཞིབ་བྱས་རྗེས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དེ་ནི་གོང་གསལ་གྱི་རྐྱེན་ངན་དེ་བྱུང་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད།

རྩྭ་ཆུ་ཉམས་པ་དང་བསྟུན་ནས་འབྲོག་པའི་ཐོན་སྐྱེད་ཡང་རིམ་བཞིན་དཀའ་ཁག་དང་འཕྲད། གུང་ཧོ་རྫོང་ཐེ་ཀེ་ཞང་ལཱ་རྒན་གྲོང་ཚོའི་འབྲོག་པ་ཚེ་དབོན་སྐྱབས་ཀྱིས་མིག་ཆུ་བཞུར་བཞིན་གསར་འགོད་པར“གཏན་འཇགས་ཀྱི་འཚོ་བ་སྐྱེལ་བཞིན་པ་ནས་ལོག་སའི་ཁྱིམ་མེད་པར་གྱུར་བ་དེ་ནི་རྨི་ལམ་ངན་པ་ཞིག་དང་འདྲ། 2003ལོ་ནས་བཟུང་གཙང་གསུམ་འབྱུང་ཡུལ་ནས་འབྲོག་པ་མང་ཚོགས་འབུམ་གཅིག་ཙམ་ཕ་ཡུལ་དང་བྲལ་ཏེ་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་སའི་རྩྭ་ཐང་ནས་རིམ་བཞིན་གནས་སྤོས་པ་དང་། འབྲོག་པ་ཁྱིམ་ཚང་འབུམ་བདུན་ཙམ་གྱིས་རང་འགུལ་ངང་སྒོ་ཕྱུགས་ཀྱི་གྲངས་ཀ་ཇེ་ཉུང་དུ་བཏང་ཡོད”ཅེས་བཤད།

རྩྭ་ཆུ་འཛོམས་པའི་རྩྭ་ཐང་ཉམས་ཞན་དུ་གྱུར་པས་འབྲོག་པ་མང་ཚོགས་ཇི་ལྟར་བྱེད་དགོས་སམ།

སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་པ། 2005ལོར་རང་རྒྱལ་གྱིས《མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》ལག་ལེན་བསྟར་རྒྱུ་ཡིན་པ་དངོས་སུ་ཡོངས་བསྒྲགས་བྱས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་75བཏང་བ་དང་ལག་བསྟར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་ལྔ་སྟོང་གཉིས་སུམ་བརྒྱ་ཟིན་པའི་རྣམ་གྲངས་དེས་སྐྱེ་ཁམས་སྲུང་སྐྱོབ་དང་། དམངས་ཚིས་ལེགས་བཅོས། ཐོན་སྐྱེད་བཀོད་སྒྲིག་སོགས་ཕྱོགས་མང་པོར་ལྟ་རྟོག་བྱས་ཡོད་པ་དང་། ལོ་དེར་མ་དངུལ་སྒོར་དུང་ཕྱུར་7བཏང་ཡོད།

“ལས་དོན་སྤེལ་ཤུགས་དང་བསམ་ཕྱོགས་སྔོན་ཐོན་དེ་འདྲ་སྔར་བྱུང་མ་མྱོང་བ་རེད”ཅེས་དེ་སྔའི་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་ལས་ཁང་གི་ཆེད་བསྐོས་ ཀྲུའུ་རིན་གཞོན་པ་ལི་ཞའོ་ནན་གྱིས་དེ་ལྟར་བཤད་བྱུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཏེ། ཐོན་ཁུངས་ལེགས་པོ་ཚང་མ་གཙང་གསུམ་འབྱུང་ཡུལ་དུ་གཅིག་སྡུད་བྱེད་དགོས་པའི་ནན་བཤད་ཐེངས་མང་བྱས།

གཙང་གསུམ་འབྱུང་ཡུལ་གྱི་ཚན་རྩལ་རྣམ་གྲངས100ལྷག་ཙམ་ལ་སྐུལ་འདེད་བཏང་བ་དང་། སྡེ་ཚན་མང་པོས་མཉམ་ལས་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་རྐྱེན་སྲོལ་བཟོས་པ། ས་ཁོངས་སྐྱེ་ཁམས་ཀྱི་རྩ་བའི་གཞི་གྲངས་མེད་པའི་སྟོང་ཆ་བསྐངས་བ། གཞིས་ཆགས་ཐུབ་པ་དང་ལས་ཀ་འཇོན་པའི་ལས་ཡུལ་དང་པོའི་སྐྱེ་ཁམས་ལས་དོན་པ་ཁག་གཅིག་གསོ་སྐྱོང་བྱས་པ་སོགས“ནུབ་རྒྱུད་ཀྱི་ཤེས་ལྡན་པའི་འདུ་གནས”ཞེས་སུ་འབོད་པའི་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་སྤྱད་དེ། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་དང་སྤུས་ཚད་ཇེ་ལེགས་སུ་བཏང་བ་རེད།

མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས“འཕེལ་རྒྱས་ཀྱི་གོ་སྐབས་ཤོར་ཀྱང་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོབ”གི་ཆོད་སེམས་བཞག་སྟེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་གྱི་དཔྱད་ཞིབ་ཕྱོགས་ཡོངས་ནས་བྱེད་མཚམས་བཞག་པ་དང་། སྦགས་བཙོག་ཆེ་བ་དང་ཐོན་ནུས་ཟད་གྲོན་ཆེ་བའི་ཐོན་ལས་ཁག་གཅིག་རིམ་བཞིན་སྒོ་བརྒྱབ་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་མངའ་ཁོངས་ཀྱི90%ཡས་མས་བཟོ་ལས་གསར་སྤེལ་བཀག་འགོག་དང་ཚོད་འཛིན་ཁྱབ་ཁོངས་སུ་བཅུག

ལོ་བརྒྱད་ཀྱི་རིང་ལ་འབད་འཐབ་བྱས་པ་བརྒྱུད། 2013ལོའི་ལོ་མཇུག་ཏུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་བ་བཀག་འགོག་བྱས་པ་དང་། རྩྭ་ཐང་དུ་རྩྭ་སྐྱེ་ཚད་30%ཇེ་མང་དུ་ཕྱིན་པ། གཙང་གསུམ་ཆུ་མགོ་ནས་ལོ་ལྟར་སྨད་རྒྱུད་དུ་སྤུས་ལེགས་ཀྱི་དྭངས་གཙང་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་58མཁོ་འདོན་བྱས་ཡོད།  རིགས་གཅིག་མཁས་ཅན་གྱིས“དེ་ནི་མངོན་འགྱུར་བྱེད་ཐབས་མེད་པའི་ངོ་མཚར”ཞིག་རེད་ཅེས་བརྗོད་ཀྱི་ཡོད།

2016ལོར་ཀྲུང་དབྱང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཚན་ཆུང་གིས་གྲོས་ཞིབ་བྱས་པ་བརྒྱུད། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་བཙུགས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧེ་བན་ཁྲེང་གིས་ངོ་སྤྲོད་བྱས་དོན། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྔོན་སྐྱོད་ཚོད་ལྟའི་ལས་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་སྲོལ་རྙིང་པ་བློ་ཐག་ཆོད་པོས་སྒྱུར་བཅོས་བྱས་ནས་རྒྱལ་ཁོངས་མངའ་ཁོངས་དང་། ནགས་ལས། ཁོར་ཡུག་སྲུང་སྐྱོབ། ཆུ་བེད་བཅས་ཀྱི་ཁྲིམས་འཛིན་དབང་ཆ་ཧྲིལ་བསྡུས་བྱས་པ་དང་། རྨ་སྟོད་དང་། རྫ་སྟོད། འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་4ཡི་སྲིད་གཞུང་གི་སྡེ་ཚན་25%ཁུ་བསྡུ་བྱས་པ། དེ་སྔའི་རང་བྱུང་སྲུང་སྐྱོབ་ཁུལ་ཐར་ཐོར་དུ་གནས་པ་རྣམས་གཅིག་སྒྲིལ་བྱས་པ། སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཟིན་པའི་སྤྱི་གླིང་དུ་ཐད་ཀར་གཅིག་གྱུར་དོ་དམ་བྱས་པ་སོགས་བགྲངས་ཀྱིས་མི་ལངས།

མཚོ་སྔོན་ཞིང་ཆེན་གྱིས་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི“ཨང་དང་པོ”མང་པོ་ཞིག་བཏོད་པ་སྟེ། 2017ལོར་རྒྱལ་ཁབ་སྤྱི་གླིང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟར་སྤྱོད་རྒྱུ)》ལག་ལེན་བསྟར་བ་དང་། སྐྱེ་ཁམས་ཁྲིམས་ཁང་ཐོག་མ་ལོ་དེར་ཡུལ་ཤུལ་ཁུལ་ཏུ་བཙུགས་པ། 2018ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ཞིབ་འཇུག་ཁང་ཐོག་མ་མཚོ་སྔོན་དུ་སྒོ་བྱང་བཀལ་བ། 2019ལོར་སྐྱེ་ཁམས་ལྟ་སྲུང་ལས་རྐང་རྒྱལ་ཡོངས་ནས་སྔར་སྣུར་སྒོས་སྤྱི་གླིང་གི་འབྲོག་ཁྱིམ་ཡོངས་ལ་ཁྱབ་པ་བཅས་རེད།

ལས་རིགས་ཁག་གིས་མཉམ་དུ་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱས་པ།

རྫ་སྟོད་རྫོང་རྣམ་སྲས་ཞང་ནས་ཉེ་ལམ་གསར་འགོད་པས་པེ་ཅིན་སློབ་ཆེན་དང་པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་གཞོན་ནུ་ཚན་ཞིབ་ཚོགས་པ་དང་འཕྲད་བྱུང་། ཁོ་ཚོས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐད་ཐབས་འདོན་ཇུས་འགོད་བྱས་ཏེ། ལོ་རེར་ཟླ11བཅུ་གཅིག་ཙམ་ལ་གནས་དེར་བཅའ་སྡོད་བྱས་ནས་ཞིབ་འཇུག་བྱེད་ཀྱི་ཡོད། དུས་ཡུན་རིང་བོར་ཕྱིར་སྐྱོད་པ་དང་ཞག་སྡོད་བྱེད་དགོས་པས་ཁོ་ཚོའི་ངོ་གདོང་སྨུག་ནག་ཏུ་གྱུར་ནའང་དེའི་ཁྲོད་ནས་སྤྲོ་བ་འཕེལ་ཡོད།

ཀྲུང་གོ་ནགས་ལས་ཚན་རིག་ཁང་གི་ཞིབ་འཇུག་ཚོགས་པའི་ལིའུ་ཡན་ལིན་གྱིས་རྟག་ཏུ་རི་མཐོན་པོ་དང་། ནགས་ཚལ་སྟུག་པོ། གྲོག་རོང་བཅས་སུ་རྟོག་ཞིབ་ལ་སྐྱོད་དགོས་པས་གཙང་པོ་དང་། ཆུ་བོ། མཚེའུ། རྩྭ་ཐང་བཅས་ཀྱི་མཛེས་པ་ཉམས་སུ་མྱོང་ཐུབ་ཅེས་བཤད།

པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་གཙང་གསུམ་འབྱུང་ཡུལ་གྱི་ལས་གཞིའི་ཀྲུའུ་རེན་ཀྲའོ་ཞང་རྟག་ཏུ་རླངས་འཁོར་བསྐོར་ནས་རི་གཟར་ལ་གུ་དོག་པའི་གྱ་གྱུའི་ལམ་བུར་སྐྱོད་དགོས་པས་ཐེངས་མང་སྲོག་ཉེན་ལ་འཕྲད། ཁོ་ཡོད་སའི་ཚོགས་པ་དེས་ལོ་5ཡི་ནང་རི་དྭགས་གསའ100ལྷག་ཙམ་རྙེད་ཡོད་ལ། སྐབས་ཤིག་རིང་མཐོང་རྒྱུ་མེད་པའི་ཡོ་རོབ་དང་ཨེ་ཤེ་ཡའི་སྲམ་སོགས་རྙེད་ནས་འཛམ་གླིང་གི་སྐྱེ་ཁམས་རིག་པའི་ལས་རིགས་ཀྱི་ངོ་མཚར་བཏོད།

གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཀྱི་ཆེད་དུ། མི་མང་པོ་ཞིག་གིས་ཆེས་མཛེས་པའི་ལང་ཚོ་དང་ཐ་ན་ཚེ་སྲོག་སྐྱེས་སུ་ཕུལ་ཡོད། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་དེ་སྔའི་ཞིབ་འཇུག་པ་སུའུ་ཅན་ཕེན་ཨ་ཆེན་གངས་རྒྱབ་ཏུ་ཐེངས་30ལྷག་ཙམ་བསྐྱོད་མྱོང་།

སུའུ་ཅན་ཕེན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཀྱི་ཆེད་དུ་མི་ཚེ་གང་བོར་བརྟག་ཞིབ་བྱེད་རྒྱུ་ཡིན”ཞེས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་བརྗོད་བྱུང་།

གཙང་གསུམ་ཆུ་མགོ་ཡང་བསྐྱར་སླར་གསོ་བྱུང་། ལོ14ཡི་ནང་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རྒྱུན་མཐུད་ངང་མ་དངུལ་སྒོར་དུང་ཕྱུར་180ལྷག་ཙམ་བཏང་། ད་ལྟ་རྨ་ཆུའི་ཆུ་མགོའི་གང་སར་རྩྭ་སྐྱེ་ཚད་ལེགས་པའི་རྩྭ་ཐང་མཐོང་རྒྱུ་ཡོད་པ་དང་། རྫ་ཆུའི་ཆུ་མགོ་ནས་ནགས་ཚལ་སྟུག་པོ་མཐོང་རྒྱུ་ཡོད་པ། འབྲི་ཆུའི་ཆུ་མགོ་ནས་ཕ་མཐའ་བྲལ་བའི་འདམ་ར་མཐོང་རྒྱུ་ཡོད། གཙང་གསུམ་འབྱུང་ཡུལ་ཁུལ་དུ་སླར་ཡང་ཆུ་བོ་རྒྱས་ཏེ་ཆུ་འདུས་ཚད་དང་ཆུ་མཁོ་འདོན་བྱེད་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པས་སྔོན་ཆད་བཅར་འདྲི་བྱེད་མྱོང་བའི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་བརྒྱ་ལྷག་ཙམ་གྱི་ཁྲོད་ནས་མང་ཆེ་བས“རྩྭ་ཁ་ཇེ་ལེགས་དང་ཆུ་ཇེ་མང་དུ་ཕྱིན་པ་མ་ཟད། བྱེ་རླུང་ཇེ་ཆུང་དང་གནམ་གཤིས་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་དེ་ལྟར་བཤད་བྱུང་། གནམ་སྔོ་ལ་ཆུ་དྭངས་བ་དང་རྩྭ་ལྗང་བའི་རྣམ་པ་དེ་གཙང་གསུམ་འབྱུང་ཡུལ་གྱི་ས་ཁུལ་མང་པོར་མངོན་ནས་སྐབས་ཤིག་རིང་མཐོང་རྒྱུ་མེད་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མི་རྣམས་ཀྱི་མིག་ལམ་དུ་རྒྱུ་འོང་།

2017ལོའི་ཟླ་10པར་རྫ་སྟོད་རྫོང་རྣམ་སྲས་ཞང་དུ་ཡུལ་སྐོར་ལ་སྐྱོད་པའི་སློབ་ཆེན་སློབ་མ་ལི་ཡུས་ཧན་གྱིས་ཉིན་གཅིག་ལ་རི་དྭགས་གསའ7མཐོང་བ་རེད། ན་ནིང་དབྱར་ཁར་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞའོ་ནན་ཚིང་གིས་རི་དྭགས་གཙོད་སྟོང་ཕྲག་མཚོ་བོད་ལྕགས་ལམ་གྱི་སྨུག་སའི་སོག་ལམ་གྱི་ཟམ་ཆེན་སྒྲོལ་བ་མཐོང་། ད་ལོའི་ཟླ་དང་པོར་གསར་འགོད་པ་རྨ་ཆུའི་འབྱུང་ཡུལ་དུ་བརྟག་ཞིབ་ལ་སྐྱོད་སྐབས་རི་དྭགས་རྐྱང་བརྒྱ་ལ་ཉེ་བ་ཞིག་རླངས་འཁོར་དང་མཉམ་དུ་ཐག་རིང་པོར་བང་རྩལ་འགྲན་པ་མཐོང་།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྐྱེ་ཁམས་སྲུང་སྐྱོབ་ཁྲུའི་ཁྲུའུ་ཀྲང་འཇིགས་བྱེད་ཀྱིས་2018ལོའི་རྒྱང་ཚོར་ཞིབ་དཔྱད་བྱས་འབྲས་གསར་ཤོས་ལས་མངོན་པ་ལྟར་ན། 2013ལོའི་ལོ་མཇུག་དང་བསྡུར་ཚེ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་སླར་ཡང་བརྒྱ་ཆའི་གྲངས་2ཙམ་གྱིས་མཐོ་བ་དང་། ནགས་ཚལ་ཁེབས་ཚད་4.8%ནས་7.43%བར་མཐོ་རུ་ཕྱིན་པ། ཆུ་ཁོངས་བཟུང་ཚད་4.89%ནས་5.7%བར་མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་སྔར་ལས་མང་པོར་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་ཡོད་པ་དང་ཕྱི་ཕྱོགས་ཀྱི་ཡུལ་སྐོར་བྱེད་མཁན་ཚོར་དམིགས་ཏེ་འབྲོག་ཁྱིམ་གྱི་སྤྲོ་སྐྱིད་ཁང་དང་། བོད་ཟས་ཁང་། སྣུམ་སྣོན་ས་ཚིགས་བཅས་བཙུགས་ནས་ཕྱུག་པོའི་ལམ་དུ་བསྐྱོད་ཡོད། འབྲོག་པ་ཁྲི་གཅིག་དང་སྟོང་བདུན་སྐྱེ་ཁམས་ལྟ་སྲུང་པར་གྱུར་ནས་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱར་བསླེབས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།