མཐོ་སྒང་གི་གཅེས་སུ་འོས་པའི་མི་སྐོར་ཞིག་ལ་ཐུན་མོང་གི་མིང་བྱང་ཞིག་ཡོད་པ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ་ཞེས་པ་དེ་རེད། ཁོ་ཚོས་གཙང་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་གསུམ་བརྒལ་ནས་སེམས་ཞིབ་མོས་ངང་ས་དེར་སྐྱེས་པའི་མེ་ཏོག་ཚོམ་བུ་གཅིག་དང་གནས་དེར་བག་ཡངས་སུ་རྒྱུ་བའི་རི་སྐྱེས་སྲོག་ཆགས་དག་ལ་སྲུང་སྐྱོབ་བྱས་ཏེ། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་ས་འདིའི་སྔོ་ལྗང་གི་རི་ཆུར་སྲུང་སྐྱོབ་བྱེད་ཀྱིན་ཡོད།
བསྟན་རྒྱལ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མཚོ་ཁྲི་སྡེ་བའི་སྡེ་མི་ཡིན་ལ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་རྒྱུན་མཐུད་ངང་སྤེལ་བ་དང་བསྟུན་ནས། ཁོ་རང་ཕྱུགས་རྫི་ཞིག་ནས་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར། ཁོ་ཚོའི་སྡེ་བ་ན་ཁོ་དང་འདྲ་བའི་སྐྱེ་ཁམས་ལྟ་སྲུང་པ་བརྒྱ་ལྷག་ཡོད།
དེ་སྔོན་རྩྭ་ས་བེད་སྤྱོད་བྱེད་མཁན་ཞིག་ནས་རང་འགུལ་ངང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པའི་བསྟན་རྒྱལ་ལྟ་བུའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་པ་ད་ལྟ་ཁྲི་གཅིག་ལྷག་ལས་བརྒལ་ཡོད། ཁོ་ཚོས་ཟླ་རེར་བརྟན་འཇགས་ཀྱི་གླ་ཕོགས་ལེན་གྱིན་ཡོད་ལ། འཚོ་བའི་ཆ་རྐྱེན་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་གཏིང་ཟབ་ཏུ་དངོས་འབེབས་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་གྲུབ་འབྲས་ཆེན་པོ་ལེན་པར་སྐུལ་འདེད་བཏང་།
མིག་སྔར་རྒྱལ་ཁབ་སྤྱི་གླིང་དུ་བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་འཛིན་ཡིག་བཟུང་ནས་ལས་རྐང་དུ་ཞུགས་བཞིན་ཡོད། ལོ་གསུམ་གྱི་རིང་ལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་ལྷག་བཏང་བ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ལོ་རེར་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡོད།
སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གི་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་ཡོད་པ་མངོན་འགྱུར་བྱས།
2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་མཚོ་སྔོན་ཞིང་ཆེན་ནས་མགོ་བརྩམས། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་དུས་རབས་ཀྱི་འགྲན་སློང་ཐེངས་ཤིག་ཡིན་ལ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བགྲོད་ལམ་སྟེང་བསྒྲགས་པའི་དུང་བརྡ་ཞིག་ཀྱང་རེད།
སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་བར་གྱི་འགལ་བ་ཐག་གཅོད་ལེགས་པོ་བྱེད་དགོས་ན། ཐོག་མར་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དོ་སྙོམས་ཡོང་ས་བཙལ་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པ་དང་། ཧུར་ཐག་གིས་ས་གནས་ཀྱི་འབྲོག་པ་མང་ཚོགས་སྔར་ལས་མང་པོ་ཞིག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལེགས་པོ་མུ་མཐུད་དུ་བེད་སྤྱོད་བྱེད་པའི་ཁྲོད་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།
མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ནས་ཐོག་མར《གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་པ་དང་འཚོལ་ཞིབ་བྱེད་པའི་སྐོར་གྱི་བསམ་འཆར་འགའ》གཏན་འབེབས་བྱས་ཏེ། 2006ལོ་ནས་བཟུང་གཙང་གསུམ་འབྱུང་ཡུལ་གྱི་ས་ཁུལ་གཙོ་བོའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་གྱི་དཔྱད་ཞིབ་མེད་པར་བཟོས་པ་དང་། སྐྱེ་ཁམས་ཁ་གསབ་ཀྱི་སྲིད་ཇུས་བཅུ་གཅིག་གཏན་ལ་ཕབ་མོད། འོན་ཀྱང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མགོ་བརྩམས་པ་དང་བསྟུན་ནས། ཡུལ་བབ་དང་མཐུན་པའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྐྱེན་སྲོལ་ཞིག་འཚོལ་ཞིབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།
སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་ཆད་མེད་པར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་འབྲོག་པ་མང་ཚོགས་ཀྱི་ནུས་པ་གཙོ་བོ་ཇེ་དྲག་ཏུ་བཏང་བ་དང་། ཚོད་ལྟའི་སྲིད་ཇུས་གཏན་འབེབས་བྱེད་པའི་ཐད་ནས་སྐྱེ་ཁམས་སྲུང་སྐྱོབ་དང་གནད་འཁེལ་དབུལ་སྐྱོར་ཕན་ཚུན་ཟུང་འབྲེལ་བྱས། 2015ལོར་མཚོ་སྔོན་ཞིང་ཆེན་གྱིས《རྩྭ་ས་དང་བརླན་སའི་སྐྱེ་ཁམས་ལྟ་སྲུང་པ་གསར་སྣོན་བྱེད་པའི་དམིགས་ཚད་གཤམ་བསྒྲགས་བྱེད་པའི་སྐོར་གྱི་ལས་འགན་》པར་སྐྲུན་འགྲེམ་སྤེལ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རྩྭ་ས་དང་བརླན་སའི་སྐྱེ་ཁམས་ལྟ་སྲུང་པའི་དམིགས་ཚད་སྟོང་གཉིས་དང་ལྔ་བརྒྱ་ང་བཞི་བཀོད་སྒྲིག་བྱས་པ་དང་། དོན་དངོས་ཐོག་དམིགས་ཚད་སྟོང་གཉིས་དང་དྲུག་བརྒྱ་སུམ་ཅུ་དངོས་འབེབས་བྱས།
གཙང་གསུམ་འབྱུང་ཡུལ་དུ་འཆམ་མཐུན་མཉམ་གནས་ཀྱི་ཟབ་ཞུགས་རྐྱེན་སྲོལ་ཕལ་ཆེར་བཙུགས།
2016ལོར་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཞབས་ཞུའི་དབུལ་ཐར་མཁྲེགས་གཏོར་བྱ་སྤྱོད་འཆར་གཞིའི་སྐོར་གྱི་བརྡ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་སྟོང་བདུན་དང་བཞི་བརྒྱ་ཉེར་གཅིག་གསར་དུ་བསྣན་པ་དང་། གླིང་ཁུལ་དུ་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་བསྡོམས་པས་ཁྲི་གཅིག་ལྷག་ཡོད་པས། གླིང་ཁུལ་གྱི་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་ཡོད་པར་བྱས། 2017ལོར་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་བཏོན་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་གླིང་ཁུལ་གྱི་འབྲོག་པ་ཁྱིམ་ཚང་གི་དངོས་གཞིའི་གྲངས་ཀ་གཞིར་བཟུང་ནས། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་སྟོང་བདུན་དང་ཆིག་བརྒྱ་དྲུག་ཅུ་གསར་དུ་བསྣན་པས། གླིང་ཁུལ་གྱི་འཛིན་ཡིག་བཟུང་ནས་ལས་རྐང་དུ་ཞུགས་པའི་སྐྱེ་ཁམས་ལྟ་སྲུང་པ་བསྡོམས་པས་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ཏུ་བསླེབས་པ་དང་། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གི་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་ཡོངས་སུ་ཁེབས་པར་བྱས།
2018ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྐྱེ་ཁམས་ལྟ་སྲུང་པ་ཡོངས་ལ་གློ་བུར་གྱི་རྨས་སྐྱོན་ཉེན་ཚབ་ཉོས་ཏེ། འབྲོག་པ་མང་ཚོགས་དབུལ་ཕོངས་ལས་ཐར་བ་དང་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ནུས་པ་ཆེན་པོ་བཏོན།
སྡོད་ཁུལ་ནི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་ཀྱི་གྲུབ་ཆ་གཙོ་བོར་གྱུར།
རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་མཐུན་སྦྱོར་ལེགས་པོ་བྱེད་པར། ཐོག་མར་འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ནང་གནས་སྒུལ་ཤུགས་སུ་འགྱུར་བར་སྐུལ་སློང་བྱེད་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་ཞང་གྲོང་བཅུ་གཉིས་ཀྱི་སྲིད་འཛིན་སྡེ་བ་ང་གསུམ་ཡོད་པ་དང་། ཁྱིམ་ཚང་ཁྲི་གཅིག་དང་སྟོང་དགུ་ཆིག་བརྒྱ་ལྷག་དང་མི་ཁྲི་བདུན་དང་སྟོང་གཉིས་ལྷག་ཡོད་པས། ཆེ་ཕྱོགས་ནས་ཐར་ཐོར་ཡིན་པ་དང་ཆུང་ཕྱོགས་ནས་འདུས་སྡོད་ཡིན་པའི་རྣམ་པ་ཕལ་ཆེར་གྲུབ་ཡོད།
མིག་སྔར། སྐྱེ་ཁམས་ལྟ་སྲུང་པའི་སྤྱི་ཕན་ལས་རྐང་གི་ལམ་ལུགས་ལག་བསྟར་བྱས་པ་དང་བསྟུན་ནས། སྡོད་ཁུལ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་གྲུབ་ཆ་གཙོ་བོར་གྱུར་བ་དང་། རོང་འབྲོག་མང་ཚོགས་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེས་ཐད་ཀར་གྱི་ཁེ་ཕན་ཐོབ་མཁན་དང་ཧུར་བརྩོན་རང་བཞིན་ཆེས་ཆེ་བའི་སྲུང་སྐྱོབ་བྱེད་མཁན་ཏུ་གྱུར་ཡོད།
སྡོད་ཁུལ་གྱིས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་དོ་དམ་ནུས་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གྱི་ཚོད་ལྟ་སྤེལ་བ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་གནས་མདོ་སྡེ་བ་དང་ཆུ་དམར་ལེབ་རྫོང་ཡུ་གེ་ཞང་དར་དམར་སྡེ་བ། འབྲི་སྟོད་རྫོང་བྲག་དཀར་ཞང་དམར་སེལ་སྡེ་བ། ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སོགས་གདམ་གསེས་བྱས་ནས་ཚོད་ལྟ་སྤེལ།
སྔ་གཞུག་ཏུ་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་བདུན་འབུམ་དྲུག་ཁྲི་དགུ་བཏང་སྟེ། གཙོ་བོ་སྡོད་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུ་སྒྲིག་ཆས་ལེགས་བཅོས་བྱས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ཞིང་། ཡིག་ཚགས་བཙུགས་ནས་བྱང་བུ་ལས་པའི་ཁྱིམ་ཚང་དང་འབྲོག་པ་ཁྱིམ་ཚང་ཡོངས་ཀྱི་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གི་ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་ཚོད་ལྟ་ཐོག་མར་ལག་བསྟར་བྱས་པར་མ་ཟད། གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་དང་ཁོར་ཡུག་སློབ་གསོར་ཤུགས་བསྣན་ཏེ་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་བཏང་།
སྡོད་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་འདོན་སྤེལ་ལེགས་པོ་བྱས་ནས། སྡོད་ཁུལ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྡོད་ཁུལ་འཕེལ་རྒྱས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་འཆར་འགོད》བཟོ་སྒྲིག་བྱེད་སྐབས། ཞང་སྡེ་དར་སྤེལ་འཐབ་ཇུས་ཀྱི་སྤྱིའི་བླང་བྱ་དང་གཞི་རྩའི་རྩ་དོན་གང་ལེགས་སྒོས་མཚོན་པར་བྱས་ཏེ། དུས་ཐོག་ཏུ་སྲིད་ཇུས་དང་སྒྲིག་སྲོལ་རྐྱེན་སྲོལ་སྣ་ཚོགས་ཀྱི་ཁྲོད་ནས་གཏིང་ཟབ་ཏུ་སྔོག་འདོན་དང་ཆ་རྐྱེན་བསྐྲུན་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པ་དང་། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་ཁ་གསབ་སོགས་བཟོ་སྐྲུན་གལ་ཆེན་དག་གཙོ་གནད་དུ་བཟུང་ནས། ཧུར་ཐག་གིས་ཞང་སྡེའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱས།
དེར་མ་ཟད་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་པ་དང་བསྟུན་ནས། ད་ལྟ་སྤེལ་བཞིན་པའི་སྐྱེ་ཁམས་ཉམས་ཞིབ་དང་ཆེད་དམིགས་བདག་གཉེར་གྱིས་སྡོད་ཁུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྩལ་ཏེ། གླིང་ཁུལ་དང་དེ་མིན་མཐའ་འཁོར་གྱི་སྡོད་ཁུལ་དག་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།
ལས་ཞུགས་ནི་དམངས་ཚིས་ཀྱི་རྩ་བ་ཡིན་ལ། དམངས་ཚིས་ལེགས་བཅོས་བྱེད་པའི་རྩ་བའི་སྔོན་འགྲོ་དང་ཐབས་ལམ་ཡང་ཡིན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁྲོད། མཚོ་སྔོན་ཞིང་ཆེན་གྱིས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་པར་བླ་ལྷག་ཏུ་མཐོང་ཆེན་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྒྲིག་སྲོལ་ཚོད་ལྟ་ཤུགས་འདོན་སར་བརྩིས་ནས། ལས་ཞུགས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་རྒྱ་བསྐྱེད་པ་དང་། ཐབས་ལམ་མང་པོ་ནས་ལས་ཞུགས་ཀྱི་ལས་རྐང་གསར་གཏོད་བྱས་ཤིང་། ལས་ཞུགས་འགན་སྲུང་འདོན་སྤྲོད་བྱས་པས། གསར་དུ་འཕར་སྣོན་བྱས་པའི་ལས་ཞུགས་ལས་རྐང་ཁྲི་གཉིས་ཡན་དུ་བསླེབས་ཡོད།
མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་འབྲོག་པ་མང་ཚོགས་ཀྱིས་སྤྱི་གླིང་གི་སྐྱེ་ཁམས་ཉམས་ཞིབ་དང་ཁོར་ཡུག་སློབ་གསོའི་ཞབས་ཞུ་དེ་མིན་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་སྒྲུབ་པར་ཁྲིད་སྟོན་དང་རོགས་སྐྱོར་བྱས་ཏེ། ཁོ་ཚོར་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་གླིང་དོ་དམ་ཁྲོད་ནས་ཡུན་རིང་བརྟན་བརླིང་གི་ཕན་འབྲས་ཐོབ་པར་བྱས།
འབྲོག་པ་མང་ཚོགས་ཀྱིས་ཐོན་སྐྱེད་བདག་གཉེར་གྱི་བྱ་བ་སྒྲུབ་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། སྲིད་ཇུས་ཀྱི་ཁྲིད་སྟོན་ཐད་ནས་འབྲོག་པ་མང་ཚོགས་ཡོངས་ཁྱབ་ཏུ་ཟབ་ཞུགས་དང་ཡོང་སྒོ་འཕར་སྣོན། ལས་བསྒྱུར་ལས་ཞུགས། ཐོན་སྐྱེད་འཚོ་བ་ལེགས་བཅོས་བྱེད་པ་བཅས་དང་ཟུང་འབྲེལ་བྱས་པ་དང་། ཐོན་ལས་དབུལ་སྐྱོར་དང་བདེ་སྡོད་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། དབུལ་ཐར་ཉེན་ཚབ། རོང་འབྲོག་མང་ཚོགས་ལས་བསྒྱུར་ལས་ཞུགས་བཅས་ཀྱི་གསོ་སྦྱོང་རྩ་འཛུགས་ལག་བསྟར་བྱས་ཤིང་། གླིང་ཁུལ་གྱི་ཕྱུགས་ལས་མཉམ་ལས་ཁང་ལ་རོགས་སྐྱོར་བྱས་ནས། གནས་སྤོས་མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གླིང་ཁུལ་གྱི་གནད་འཁེལ་དབུལ་སྐྱོར་བྱ་བ་སྤེལ་བར་རྒྱབ་སྐྱོབ་བྱས་པར་མ་ཟད། འབྲོག་པ་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གོང་དུ་སྤེལ་བ་དང་། རྩྭ་སའི་འགན་གཙང་ལེན་བདག་གཉེར་དེ་རིམ་བཞིན་ཆེད་དམིགས་བདག་གཉེར་གྱི་ཕྱོགས་སུ་བསྒྱུར་བའི་ཚོད་ལྟ་བྱས། དེ་མིན་ད་དུང་འབྲོག་པ་མང་ཚོགས་མ་རྐང་དུ་ཞུགས་པ་དང་མཉམ་ལས་ངལ་དོན་ཁྲོད་ཞུགས་པ་སོགས་བྱེད་སྟངས་སྣ་མང་གིས་ཁྱིམ་ཚང་གི་མགྲོན་ཁང་དང་གནས་སྐོར་ཁང་། མིག་རིགས་ཀྱི་འཁྲབ་སྟོན་སྒྱུ་རྩལ། འགྲིམ་འགྲུལ་འགན་སྲུང་། འབྲོག་པའི་སྤྲོ་ཁྱིམ། བཟང་བཏུང་གི་ཞབས་ཞུ་སོགས་བདག་གཉེར་ལས་གཞི་གཉེར་བར་སྐུལ་ལྕག་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་ལ་འཚམ་པའི་ཐོན་ལས་གསུམ་པ་གོང་དུ་སྤེལ་བར་ཡར་སྐུལ་བཏང་།
དེ་དང་ཆབས་ཅིག་ཏུ། འབྲོག་པའི་ཡོང་སྒོ་དེ་མགོ་རྩོམ་སར་བརྩིས་ཏེ། གླ་ཕོགས་རང་བཞིན་དང་ཚོང་གཉེར་རང་བཞིན། རྒྱུ་ནོར་རང་བཞིན་བཅས་ཀྱི་ཡོང་སྒོ་འཕར་སྣོན་ཐབས་ལམ་སྔོག་འདོན་བྱས་པར་མ་ཟད། དུས་ཐོག་ཏུ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་ཁ་གསབ་དང་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སོགས་ཀྱི་མ་དངུལ་དངོས་འབེབས་བྱས། གཞི་གྲངས་ལས་མངོན་པ་ལྟར་ན། 2017ལོའི་ལོ་མཇུག་གི་བར། གླིང་ཁུལ་གྱི་རྫོང་བཞིའི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་སྒོར་སྟོང་བདུན་དང་ཉིས་བརྒྱ་དོན་གཉིས་ལ་བསླེབས་པ་དེ། 2015ལོ་ལས་སྒོར་ཆིག་སྟོང་སུམ་བརྒྱ་ཞེ་དགུ་འཕར་སྣོན་བྱུང་ཞིང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་དང་ཚེག་བརྒྱད་འཕར་ཡོད།
ད་ལྟའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་འབྲོག་པ་མང་ཚོགས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་ཏེ། སྐྱེ་ཁམས་ཀྱི་ཁེ་སྤོགས་སྣ་ཚོགས་ལོངས་སུ་སྤྱོད་བཞིན་ཡོད་ལ། སྐྱེ་ཁམས་ཐོན་སྐྱེད་འཚོ་བ་དེ་འཁོར་སྐྱོད་བཟང་བོའི་ཕྱོགས་སུ་འཕེལ་རྒྱས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་ལྗོངས་ཤིག་ཚང་མའི་མིག་ལམ་དུ་མངོན་ཡོང་།
ལོ་ཙཱ། སྒྲོལ་མ་སྐྱིད།