རི་སྔོ་ཆུ་དྭངས་ཀྱི་ཁྲོད་དུ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།
2019.10.21 ཁུངས། མི་དམངས་དྲ་བ། ཀློག་གྲངས། 21

 —— མཚོ་སྔོན་གྱིས་སྐྱེ་ཁམས་དབུལ་ཐར་ལམ་བུ་འཚོལ་ཞིབ་བྱེད་པའི་སྙན་ཞུ།

མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་གལ་ཆེན་མཉམ་དུ་རྒྱུན་འཁྱོངས་བྱས་ནས་ཆེས་དབུལ་བའི་ས་ཁུལ་དབུལ་ཕོངས་ལས་ཐར་ཐུབ་པ་མངོན་འགྱུར་བྱུང་ཡོད།  2018ལོའི་ལོ་མཇུག་བར་མཚོ་སྔོན་བོད་རིགས་ས་ཁུལ་གྱི་རྫོང་19དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་ཁྱིམ་ཚང་ཁྲི་དྲུག་སྟོང་བརྒྱད་དང་དབུལ་ཕོངས་མི་གྲངས་འབུམ་གཉིས་ཁྲི་གསུམ་སྟོང་དགུ་དབུལ་ཕོངས་ལས་ཐར་ཐུབ་པ་བྱུང་།

གཙང་གསུམ་འབྱུང་ཡུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དང་ཐོན་སྐྱེད་བྱེད་སྟངས་ཐད་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་སྐྱེ་ཁམས་དབུལ་ཐར་ལམ་བུ་སྔར་ལས་ཇེ་ཡངས་སུ་སོང་ཡོད།

དམངས་ཚིས་དམ་འཛིན་བྱས་པ་ལས་ཁྱིམ་ཚང་ཁྲི་སྟོང་གི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་།

རྫ་ཆུའི་ཆུ་མགོར་གནས་པའི་གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་ཞིག་དངུལ་མདོག་གི་དར་སྐུད་ལྟར་རྫོང་གི་མ་ལམ་ནས་ཆུ་གཞུང་གི་ཞིང་ཁ་དང་རི་ཁྲོད་ཀྱི་འབྲོག་རའི་བར་སྣུར་སྲིང་བྱས་ཡོད།

མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྐྱོ་བྲག་ཞང་དཀར་གཞུང་གྲོང་ཚོར་སྐྱོད་སྐབས་ཚོན་མདོག་རྣམ་པར་བཀྲ་བའི་སྣུམ་ཚོན་རི་མོའི་ཁྲོད་དུ་གནས་པ་ལྟར་ཡིན་མོད། འོན་ཀྱང་སྔོན་ཆད་གྲོང་ཚོའི་མང་ཚོགས་ཀྱིས་ལྟ་ན་སྡུག་པའི་མཛེས་ལྗོངས་མིག་གིས་མཐོང་ཡང་དབུལ་པོའི་འཚོ་བ་ལས་ཐར་ཐུབ་མེད།

དབུལ་པོར་འགྱུར་རྐྱེན་ནི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཐོན་ལས་འཕེལ་རྒྱས་ལ་དཀའ་ཁག་ཆེ་བ། འཐུང་ཆུ་དང་གློག་སྤྱོད་དཀའ་བ་དེ་རེད། 2015ལོར་གནད་ཕིགས་དབྱེ་འབྱེད་བྱེད་སྐབས་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང251ཁྲོད་ནས་ཁྱིམ་ཚང123ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད།

དཀར་གཞུང་གྲོང་ཚོའི་དབུལ་སྐྱོར་ཧྲུའུ་ཅི་དང་པོ་མ་ཁྲེང་ཞུའེ་ཡིས་གསར་འགོད་པར་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་སྤེལ་བའི་ཚུན་ལ་རིམ་པ་ཁག་གི་སྲིད་གཞུང་སྡེ་ཚན་གྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རོགས་སྐྱོར་བྱས་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་རྣམ་གྲངས་བསྟུད་མར་ལག་བསྟར་བྱས་ནས། ལོ་གཉིས་ཙམ་གྱི་ནང་གྲོང་ཚོའི་ཆུ་དང་། གློག  ལམ་སོགས་ཀྱི་དཀའ་ཁག་རེ་རེ་བཞིན་ཐག་གཅོད་བྱས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དམངས་ཁྲོད་སྲོལ་རྒྱུན་བཟོ་རྩལ་རིགས་ཀྱི་ཆེད་ལས་དངོས་སྦྱོང་སློབ་ཁང་གི་བརྙན་རིས་འཕྲུལ་ཆས་ནས་ཐང་ག་འབྲི་སྟངས་སྐོར་གྱི་སློབ་ཁྲིད་པར་གཞི་སྟོན་བཞིན་ཡོད་པ་རེད། གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུམ་པ་ཞང་རྫི་ལང་ཐང་གྲོང་ཚོའི་ལོ་18ལ་སླེབས་པའི་བན་ཏེ་བཀྲ་ཤིས་ཀྱིས་ལྟ་ཞོར་དུ་ཐང་གར་ཚོས་རྒྱག་བཞིན་ཡོད་པ་རེད།

“བརྩམས་ཆོས་འདི་བྲིས་ཚར་བར་ཉིན40ཙམ་དགོས། ཁྲོམ་རའི་རིན་གོང་སྒོར་5000ཙམ་ཟིན་གྱི་ཡོད”ཅེས་བན་ཏེ་བཀྲ་ཤིས་ཀྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་། ཁོས་བཤད་རྒྱུར། སློབ་རིམ་མཐོ་བའི་སློབ་གྲོགས་ཚོ་སློབ་མཐར་ཕྱིན་རྗེས་ལ་ལ་ཁེ་ལས་སུ་ཞུགས་པ་དང་ལ་ལས་རང་བརྟེན་ལས་གཏོད་བྱས་ནས་ཐང་གའི་ཀུང་སི་བཙུགས་པར་ཟླ་རེར་ཡོང་འབབ་སྒོར་སྟོང4000ནས་སྟོང7000བར་ཡོད་པ་རེད།  ཁོས་མུ་མཐུད་དུ་བཤད་རྒྱུར།  “ ང་རང་སློབ་མཐར་ཕྱིན་རྗེས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་ཡིན” ཟེར།

ཉེ་བའི་ལོ་ཤས་རིང་། སློབ་གསོ་དང་། སྨན་བཅོས། རིག་གནས་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུར་དམིགས་ནས། “འགན་སྲུང་དྲ་བ”ཞིབ་ཚགས་གཉེར་བར་མཚོ་སྔོན་བོད་རིགས་ས་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་ཀྱིས་མ་མཐའི་འཚོ་བ་འགན་སྲུང་གི་རྣམ་པ་ལོངས་སུ་སྤྱད་ཏེ་ས་ཁུལ་དབུལ་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཚད་98%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་ཇེ་བརྟན་དུ་གཏོང་ཚད་94.2%ཟིན་ཡོད་པ་རེད། མི་རབས་ནས་མི་རབས་བར་ཞིང་ཕྱུགས་ལས་ཀྱི་ལས་ཀ་གཉེར་བའི་གྲོང་མིས་དེང་རབས་ཅན་གྱི་འཕེལ་རྒྱས་ཁེ་ཕན་ལོངས་སྤྱོད་ཐུབ་པ་བྱུང་ཡོད།

མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་མཱ་ཧྥེང་ཧྲན་གྱིས་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོའི་དབུལ་སྐྱོར། སྨན་བཅོས་འགན་སྲུང་སོགས་ལས་རིགས་དབུལ་སྐྱོར་གྱི་ཆེད་དོན་བྱ་སྤྱོད་བཅུ་ཤུགས་ཆེན་པོས་ལག་བསྟར་བྱས་པ་བརྒྱུད། རྨང་གཞིའི་སྒྲིག་བཀོད་དང་དམངས་ཚིས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པ་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་བོད་རིགས་ས་ཁུལ་གྱི་རོང་འབྲོག་པ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་11%འཕར་ནས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང“སེམས་ཁྲལ་མེད་པ་གཉིས”ཀྱི་དམིགས་ཚད་སྤྱི་ཡོངས་ནས་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ད་ལོ་ལོ54ཡིན་པའི་ཏའེ་ཚུན་ཀྲུང་གིས་བཤད་རྒྱུར།  “སྔོན་ཆད་དབུལ་པོ་ཡིན། དབུལ་པོར་འགྱུར་དོན་ནི། ལས་ཀ་ཕྲན་བུ་རེ་བྱས་ནས་ཡོང་འབབ་བཙལ་བ་ལས་གཞན་པའི་ཡོང་འབབ་སྐར་གང་ཡང་མེད”། ཏའེ་ཚུན་ཀྲུང་ནི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཁི་ལུའུ་ཁི་གྲོང་རྡལ་ཨན་ཁང་གྲོང་ཚོའི་ཁྱིམ་ཚང་དབུལ་པོ་ཞིག་རེད།

སྔོན་ཆད་ཨན་ཁང་གྲོང་ཚོའི་འཚོ་བའི་ཆ་རྐྱེན་ཡག་པོ་མེད། ཏའེ་ཚུན་ཀྲུང་བཟའ་ཟླ་གཉིས་ཀས་སོ་ཕག་བཟོ་གྲྭར་ལས་ཀ་བྱས་ནས་འཚོ་བ་འཁྱོལ་ཐབས་བྱེད་བཞིན་ཡོད། འོན་ཀྱང་2014ལོར་བཟའ་ཟླར་ནད་ལྕི་མོ་ཕོག་ནས་བདག་སྐྱོང་བྱེད་དགོས་པའི་ཁར་བུ་མོ་གཉིས་ཀ་སློབ་གྲྭར་འགྲོ་བཞིན་ཡོད་པས་འཚོ་བར་དཀའ་ཁག་ཆེན་པོ་བྱུང་ཡོད།

དབུལ་ཐར་མཁྲེགས་གཏོར་གྱི་བྱ་སྤྱོད་སྤེལ་བ་ལས་ཁྱིམ་ཚང་དེར་གོ་སྐབས་ཡག་པོ་ཞིག་བྱུང་ཡོད། 2017ལོར་ཏའེ་ཚུན་ཀྲུང་གིས་གནད་ཕིགས་དབུལ་སྐྱོར་གྱི་གྲངས་ཉུང་སྐྱེད་གསབ་དངུལ་བུན་གཡར་ནས་ས་ཞིང་མུའུ་10འགན་གཙང་ལེན་བྱས་ཏེ་གྲོ་ལི་བཏབ་པར་ལོ་དང་པོར་ཁེ་སྤོགས་སྒོར་ཁྲི1ལྷག་ཙམ་འཕར་སྣོན་བྱུང་། “མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གཙོ་གནད་ནི་ལས་དོན་གཏིང་ཟབ་སྤེལ་རྒྱུ་དེ་ཡིན”ཞེས་མཱ་ཧྥེང་ཧྲེང་གིས་དེ་ལྟར་བཤད་པ་དང་། སྲོལ་རྒྱུན་གྱི་ཕྱུགས་ལས་དང་མཐོ་སྒང་གི་ཞིང་ལས་གཙོ་བོར་བྱས་པའི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཆ་དང་། འཕེལ་རྒྱས་གཏོང་སྟངས་རགས་ལས་དང་ཐོན་སྐྱེད་ལས་ཕྱོད་དམའ་བ། རོང་འབྲོག་པའི་ཡོང་འབབ་འཕར་དཀའ་བ་བཅས་ནི་ཆེས་དབུལ་ཕོངས་ས་ཁུལ་གྱི“དཀའ་གནད་ཁྲོད་ཀྱི་དཀའ་གནད”རེད་ཅེས་མུ་མཐུད་དུ་དེ་ལྟར་བཤད་བྱུང་།

བོད་རིགས་ས་ཁུལ་གྱི་མི་རེའི་ཆ་སྙོམས་ཀྱི་ཚད་གཞི་སྒོར6400གཞིར་བཟུང་ཏེ།  ནུས་པ་ཡོད་པའི་ཁྱིམ་ཚང་དབུལ་པོ་འབུམ་གཉིས་དང་ཁྲི་གཅིག་སྟོང་ལྔ་དྲུག་བརྒྱ་ལ་ཐོན་ལས་དབུལ་སྐྱོར་གྱི་མ་རྩ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ་དང་། གྲོང་ཚོ་རེར་སྒོར་འབུམ་ལྔ་ཡི་ཚད་གཞི་གཞིར་བཟུང་ཏེ། བོད་རིགས་ས་ཁུལ་གྱི་གྲོང་ཚོ་དབུལ་པོ་658ལ་རོགས་རམ་མ་དངུལ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ། མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཅིག་ས་ཡ་ལྔ་བཏང་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ཏེ་བོད་རིགས་ས་ཁུལ་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རོགས་སྐྱོར་རྣམ་གྲངས་སྲིད་འཛིན་གྲོང་ཚོ་1623ལ་ཁྱབ་ཐུབ་པ་བྱུང་ཡོད།

རྩེ་ཁོག་རྫོང་གི་རྫོང་དཔོན་ཀུན་གྲགས་ཚེ་རིང་གིས་བཤད་རྒྱུར། 2018ལོར་རྫོང་ཡོངས་ཀྱི་ཁྱིམ་ཚང་སུམ་སྟོང་བཞི་བརྒྱ་དོན་གསུམ་དང་མི་གྲངས་ཆིག་ཁྲི་བཞི་སྟོང་སོ་གཉིས་དབུལ་ཕོངས་ལས་ཐར་བ་དང་དབུལ་པོ་ཇེ་ཉུང་དུ་གཏོང་ཐུབ་པ་བྱུང་ཡོད་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།