མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་སོང་བ།
2019.10.21 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 14

 མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་ནང་ཁུལ་དུ་གནས་པའི་ཚྭ་མཚོ་ཆེས་ཆེན་པོ་ཞིག་ཡིན། ཉེ་བའི་ལོ་འགར། སྐྱེ་ཁམས་བཅོས་སྐྱོང་ལས་གཞི་རབ་དང་རིམ་པ་སྤེལ་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་དེ། མཚོ་སྔོན་པོ་བསྟུད་མར་རྒྱས་པ་དང་། ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4500ལས་བརྒལ་བས། གནས་དེ་ནི་ཆུ་གནས་སྲོག་ཆགས་ཀྱི་ངལ་གསོ་ས་གལ་ཆེན་ཞིག་དང་། སའི་གོ་ལ་ཧྲིལ་པོའི་བྱ་རིགས་ཀྱི་རྒྱུད་འཕེལ་ས་གཙོ་བོར་གྱུར་ཡོད།

མཚོ་སྔོན་པོ་སྲུང་སྐྱོབ་ཁུལ་དོ་དམ་ཅུས་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ཅིན་ལུང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2018ལོར་ཁོ་ཚོས་ལྟ་ཞིབ་ཚད་ལེན་བྱས་ཏེ་ཟིན་ཐོར་བཀོད་པའི་བྱ་རིགས་སྣ་ཁ51ཡོད་པ་དང་། ཆུ་བྱའི་རིགས་ཀྱི་ལོ་ཧྲིལ་པོའི་རིམ་བསགས་བསྡོམས་འབོར་འབུམ་གཅིག་ཁྲི་ལྔ་སྟོང་གཅིག་ཡོད། ཉེ་བའི་ལོ་འགའི་རིང་གི་ལྟ་ཞིབ་ཚད་ལེན་བྱས་པའི་སྡོམ་རྩིས་གཞི་གྲངས་ལྟར་ན། ཁྲུང་ཁྲུང་སྐེ་ནག་དང་ངང་ཁྲ། ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས10ལྷག་ནི་མཚོ་སྔོན་པོར་ཁྱད་དུ་མངའ་བའི་བྱ་རིགས་སུ་གྱུར་ཡོད།

མཚོ་སྔོན་པོ་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧི་ཡུས་པང་གིས་བཤད་རྒྱུར།“ད་ལྟ་མཚོ་སྔོན་པོ་ནི་ཨ་ཤེ་ཡ་དབུས་རྒྱུད་དང་ཤར་རྒྱུད་ཀྱི་ཆུ་བྱ་གནས་སྤོ་ལམ་ཐིག་གི་འབྲེལ་སར་གྱུར་པ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་སོང་བ་དང་བསྟུན་ནས་གནས་དེ་ནི་བྱ་རིགས་སྣ་ཚོགས་ཀྱི་ངལ་གསོ་སར་གྱུར་ཏེ། དུས་བསྟུན་གནས་སྤོ་བྱ་རིགས་མང་པོས་གནས་དེ་རུ་བྱ་ཚང་བཅོས་ནས་ཡུན་སྡོད་བྱས་ཡོད།”

ཉ་རིགས་ནི་མཚོ་སྔོན་པོའི་ཆུ་བྱ་ཉ་གསུམ་གྱི་སྐྱེ་ཁམས་མ་ལག་སྐྱོང་བའི་ལྷུ་ལག་གལ་ཆེན་ཞིག་ཡིན། ལོ་རེའི་ཟླ6པར། མཚོ་སྔོན་པོའི་ཆུ་ཁུངས་གཙོ་བོ་སྟེ་པུ་ཧ་ཆུ་བོ་དང་འོམ་ཆུ། མཚོ་འཁྱིལ་ཆུ་བོ། རྟ་ནག་མ་ཆུ་བོ་སོགས་ཀྱི་ཆུ་རྒྱས་པ་དང་བསྟུན་ནས། མཚོ་སྔོན་པོའི་གསེར་ཉས་ཆུ་མགོ་བསྙེགས་ནས་རྐྱལ་བ་རེད།

མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཅན་ཆོན་གྱིས་བཤད་རྒྱུར།“སྔོན་ཆད་རྒྱ་ཁྱོན་ཆེན་པོས་འཛིན་བཟུང་བྱས་པས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་། 1982ལོ་ནས་བཟུང་སྲིད་གཞུང་གིས་མཚོ་སྔོན་པོའི་གསེར་ཉ་འཛིན་བཟུང་བྱེད་པར་ཚོད་འཛིན་བྱས་པ་དང་། 2000ལོ་ནས་བཟུང་། སྲིད་གཞུང་གིས་མཚོ་བཀག་ཉ་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས་ནས་གསེར་ཉ་འཛིན་པ་དངོས་སུ་བཀག་སྡོམ་བྱས།”

དུས་རབས20པའི་ལོ་རབས90པའི་དུས་མཇུག་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གསེར་ཉར་མིའི་ཐབས་ཀྱིས་སྐྱེ་འཕེལ་རྒྱུད་གསོ་བྱས། ཧྲི་ཅན་ཆོན་གྱིས་བཤད་རྒྱུར། མིག་སྔའི་བར། སྔ་གཞུག་ཏུ་མཚོ་སྔོན་པོར་མིའི་ཐབས་ཀྱིས་གསོས་པའི་ཉ་ཕྲུག་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལྷག་བཏང་བ་དང་། 2018ལོའི་ལོ་མཇུག་བར། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་བསགས་ཚད་ཏུན་ཁྲི་བརྒྱད་དང་སྟོང་བརྒྱད་ལ་སླེབས་པས། ལོ་རྒྱུས་སྟེང་ཆེས་ཉུང་བའི་ལོ་སྟེ2002ལོའི་ཏུན2592ལས་ལྡབ30ལྷག་འཕར་ཡོད།

མཚོ་སྔོན་ཞིང་ཆེན་ཉ་སྲིད་དོ་དམ་སྤྱི་ཁྱབ་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཀྲང་པོ་ཐེ་ཡིས་བཤད་རྒྱུར། ཆུ་སྐྱེས་སྐྱེ་དངོས་ཀྱིས་སྐྱེ་ཁམས་དོ་སྙོམས་ཡོང་བའི་སྲོག་ཤིང་འབྲེལ་མཐུད་ཀྱི་ནུས་པ་འདོན་ཐུབ་པས། དཔལ་འབྱོར་དང་སྐྱེ་ཁམས། ཚན་ཞིབ་བཅས་ཀྱི་རིན་ཐང་ཆེན་པོ་ལྡན། མིག་སྔར་ཁོ་ཚོས་རྒྱལ་ཡོངས་སུ་ཐོག་མར་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་གང་ལེགས་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། ཉ་སྲིད་དང་སྤྱི་བདེ་ཡིས་མཉམ་འབྲེལ་སྒོས་གཞུང་དོན་བསྒྲུབས་ཏེ། མཚོ་སྔོན་པོའི་ཉ་ལས་ཐོན་ཁུངས་ཀྱི་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་། “ང་ཚོས‘མཚོ་ཐོག་ནས་འཛིན་པ་དང་། མཚོ་འགྲམ་དུ་འགོག་པ། ལམ་དུ་ཞིབ་བཤེར་བྱེད་པ། དངོས་སྡོད་སྲུང་སྐྱོབ་བྱེད་པ’སོགས་བྱེད་ཐབས་སྣ་མང་སྤྱད་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་གསེར་ཉ་ཁྲིམས་འགལ་སྒོས་འཛིན་བཟུང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་བས། ལྐོག་ཏུ་འཛིན་བཟུང་བྱེད་པའི་བྱ་སྤྱོད་རྩ་བ་ནས་བཅད་པ་ཡིན”ཟེར།

ད་ལྟ་མཚོ་སྔོན་པོར་ཆུ་བྱ་སྣ་ཚོགས་གར་དུ་རྩེན་ཞིང་གསེར་ཉས་འཁྱུག་རྩལ་ངོམ་པའི་མཛེས་ལྗོངས་སླར་ཡང་མངོན་པས། “མཐོ་སྒང་གི་བེེཌཱུརྱ་སྔོན་པོ”རུ་གྲགས་པའི་མཚོ་སྔོན་པོས་མིག་དབང་འཕྲོག་པའི་རང་བྱུང་གི་མཛེས་པ་མངོན་ཅི་ཐུབ་བྱེད་ཀྱིན་ཡོད། “ཉ་བྱ་མཉམ་གནས”བྱེད་པའི་སྣང་བརྙན་རྒྱུན་མི་ཆད་པར་མངོན་པ་དེས། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་དང་། སྐྱེ་དངོས་སྣ་མང་ཅན་ཉིན་རེ་བཞིན་ཕུན་སུམ་ཚོགས་པོར་འགྱུར་བཞིན་པ་གསལ་པོར་མཚོན་ཡོད།

མིག་སྔར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྣེ་ཁྲིད་ནས་རྩོམ་སྒྲིག་བྱས་པའི《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འཆར་གཞི》དངོས་སུ་འགོད་བཞིན་འདུག །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།