མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁག་གསུམ་པ།(1)
2019.10.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

 ད་ལོའི་ཟླ6ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་མཚོ་སྔོན་ཞིང་ཆེན་ནས་དངོས་སུ་མགོ་བརྩམས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དུས་རབས་གསར་བའི་མགོ་ཚུགས་པ་རེད།

མཚོ་སྔོན་ནི་རང་རྒྱལ་གྱི་གལ་ཆེ་བའི་སྐྱེ་ཁམས་བྱེད་ནུས་ཁུལ་དང་རྒྱལ་ཁབ་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཡིན། ལྷོ་རུ་ཀྲུང་ཧྭའི་ཆུ་མཛོད་དུ་གྲགས་པའི་གཙང་གསུམ་འབྱུང་ཡུལ་ཡོད་པས། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་གསོ་སྐྱོང་བྱས་ཡོད་ལ། བྱང་དུ་ཀྲུང་གོའི་ནུབ་རྒྱུད་ཀྱི་ཆེས་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་མདོ་ལ་རི་བོ་ཡོད་པས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་གྲུབ་ཆའི་ཁྲོད་གོ་གནས་ཧ་ཅང་གལ་ཆེན་བཟུང་ཡོད།

2016ལོར་རྒྱལ་ཡོངས་ནས་ཨང་དང་པོ་ཡིན་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་མཚོ་སྔོན་ཞིང་ཆེན་ནས་མགོ་བརྩམས་པ་དང་། མིག་སྔའི་བར་དུ་བྱ་བ་སྣ་ཚོགས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསླེབས་ཡོད་ལ། བླངས་བའི་གྲུབ་འབྲས་ལ་དཔེ་སྟོན་གྱི་ནུས་པ་ཆེན་པོ་ལྡན་པས། སྔོན་སྐྱོད་ཀྱི་ཁྱད་སྟོབས་འཛོམས་ཡོད། 2017ལོར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་མགོ་བརྩམས་པ་དང་། མིག་སྔའི་བར་དུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུའི་སྒོ་བྱང་དངོས་སུ་བཀལ་བ་དང་། སྒྲིག་སྲོལ་ཚོད་ལྟ་གོ་རིམ་ལྡན་པའི་ངང་སྤེལ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་ནས། ད་ལྟའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ནས་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས། དེ་ནི་ མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་ཏེ། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བ་དང་། སྐྱེ་ཁམས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། གཙང་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་མཛེས་ཉམས་ཡང་བསྐྱར་མངོན་པ་དང་། བརླན་སའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཀྱི་ཚད་དེ་བཅོས་སྐྱོང་མ་བྱས་སྔོན་གྱི་བརྒྱ་ཆའི་ཉི་ཤུ་ནས་བརྒྱ་ཆའི་བརྒྱད་ཅུ་ཡན་དུ་འཕར་སྣོན་བྱུང་བ་དང་། རི་དྭགས་གཙོད་ཀྱི་གྲངས་ཀ་དེ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ཁྲི་གཉིས་ནས་ད་ལྟའི་ཁྲི་བདུན་ལྷག་ཏུ་སླར་གསོ་བྱུང་ཡོད།

མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལོ་རྒྱུས་སྟེང་དེ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་ཅིག་ཡིན་པ་རེད།

2016ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་མཚོ་སྔོན་ཞིང་ཆེན་དུ་དངོས་སུ་སྤེལ་མགོ་བརྩམས། མཚོ་ངོས་ལ་ས་བབ་མཐོ་ཞིང་སྐྱེ་ཁམས་ཉམས་ཞན་ཡིན་པའི་གཙང་གསུམ་འབྱུང་ཡུལ་དུ་སྒྲིག་སྲོལ་ཚོད་ལྟ་སྤེལ་བ་ནི། མཚོ་སྔོན་ཞིང་ཆེན་ལ་བཏོན་པའི་མཚོ་སྔོན་དང་ཐ་ན་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དགོས་མཁོ་དངོས་དང་མཐུན་པའི་རིན་ཐང་ཆེས་ཆེ་བའི་རྒྱུགས་གཞི་ཞིག་ཡིན་པ་རེད།

2018ལོའི་ལོ་མགོར《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དངོས་སུ་ཁྱབ་སྤེལ་བྱས་པ་དེས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་གྱི་དུས་རིམ་དུ་ཞུགས་པ་མཚོན་ཡོད། དེ་ལས་མཚོ་སྔོན་ཞིང་ཆེན་གྱིས་ཐེངས་དེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྒྱུགས་གཞི་ཆེན་པོའི་ཁྲོད། ཀྲུང་དབྱང་གི་ལམ་ཕྱོགས་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ནས། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་ནན་མོ་བྱེད་ཀྱིན་པ་མཚོན་ཡོད།

མིག་སྔར། གཏན་ལ་ཕབ་པའི་ལས་འགན་སོ་གཅིག་ཕལ་ཆེར་ཡོངས་འགྲུབ་བྱས་ཟིན་ལ། ལོ་གཅིག་གི་ནང་རྨང་གཞིའི་བྱ་བ་སྲ་བརྟན་ཏུ་གཏོང་བ་དང་ལོ་གཉིས་ཀྱི་ནང་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་པར་མ་ཟད། ལོ་ལྔའི་ནང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཆ་རྐྱེན་ལྡན་ཡོད།

དམིགས་འབེན་གསལ་ཞིང་འཚོལ་ཞིབ་གསར་སྐྲུན་དང་། བསྐྱར་བཤུས་དང་ཁྱབ་སྤེལ་བྱེད་འོས་པའི་གཙང་གསུམ་འབྱུང་ཡུལ་གྱི་དཔེ་མཚོན་བསྐྲུན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཁོངས་ཁུལ་ལོགས་བཅད་དང་དོ་དམ་ཐར་ཐོར་གྱི་སྲོལ་རྒྱུན་དཔེ་དབྱིབས་གཏོར་ཏེ། ཞིང་ཆེན་དང་ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་གཞི་སྒྲིག་འཛུགས་བྱས་ཤིང་།  གྲུབ་ཆ་གཙོ་བོའི་དོ་དམ་འགན་འཁྲི་ལག་བསྟར་བྱས་ཏེ། སྡེ་ཁག་མང་པོས་མཉམ་དུ་བཅོས་སྐྱོང་དང་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ཐར་ཐོར་ཡིན་པའི་གནད་དོན་ཡོངས་སུ་ཐག་བཅད་པར་མ་ཟད། གླིང་ཁུལ་གསུམ་གཏོགས་པའི་རྫོང་བཞི་ཡི་སྡེ་ཁག་ཆེན་པོའི་ལམ་ལུགས་བཅོས་སྒྱུར་བྱས་པ་དང་། ནགས་ལས་དང་རྒྱལ་ཁོངས། ཁོར་སྲུང་། ཆུ་བེད། ཞིང་ཕྱུགས་སོགས་སྡེ་ཁག་གི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་འགན་འཁྲི་ཧྲིལ་བསྡུས་བྱས་ཏེ། ཁྱོན་ཡོངས་ནས་གཅིག་བསྡུས་གཅིག་གྱུར་དང་ཕན་ནུས་མཐོ་བའི་སྲུང་སྐྱོབ་དོ་དམ་དང་ཁྲིམས་འཛིན་གྱི་རྣམ་པ་མངོན་འགྱུར་བྱས།

འཆམ་མཐུན་མཉམ་གནས་ཀྱི་ཟབ་ཞུགས་རྐྱེན་སྲོལ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གསར་སྐྲུན་དང་ལག་བསྟར་བྱས་ཤིང་། འབྲོག་པ་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཧུར་བརྩོན་རང་བཞིན་གང་ལེགས་སྒོས་སྐུལ་སྤེལ་བྱས།  གླིང་ཁུལ་དུ་བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་འཛིན་ཡིག་བཟུང་ནས་ལས་རྐང་དུ་ཞུགས་ཡོད་པ་དང་། ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་ཡོད་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཤིང་། ཁྱིམ་ཚང་རེར་ཆ་སྙོམས་ཀྱིས་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་ཡོད།

དེའི་རྨང་གཞིའི་སྟེང་མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ཉེར་གཉིས་དང་བྱེ་བ་ལྔ་བཏང་ཏེ། གཙོ་བོ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་དང་། ལྟ་ཞིབ་ཚད་ལེན་སྒྲིག་ཆས་དང་ཚན་རྩལ་ཁྱབ་སྤེལ་སློབ་གསོའི་ཞབས་ཞུ་སྒྲིག་ཆས་སྲུང་སྐྱོབ། གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ཏེ། གླིང་ཁུལ་གྱི་དོ་དམ་སྲུང་སྐྱོབ་ནུས་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་བར་མ་ཟད། མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ལྟ་སྐུལ་ཤུགས་ཚད་རྒྱ་བསྐྱེད་དེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་མཉམ་ལས་རྐྱེན་སྲོལ་བཙུགས་པ་དང་། ཧུར་ཐག་གིས་སྐྱེ་ཁམས་སྤྱི་ཕན་གྱི་ཁྲིམས་འཛིན་སྲུང་སྐྱོབ་དང་འཕེལ་རྒྱས་ཞིབ་འཇུག་གི་མཉམ་ལས་རྐྱེན་སྲོལ་བཙུགས་པ། ཡུལ་ཤུལ་གྲོང་ཁྱེར་ཁྲིམས་ཁང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁྲིམས་ར་བཙུགས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་སྐྱོང་ཞིབ་འཇུག་ཚོགས་པ་སྒྲིག་འཛུགས་བྱས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བཅའ་ཁྲིམས་བློ་འདྲིའི་ལམ་ལུགས་བཙུགས་ཏེ། ཁྲིམས་དང་མཐུན་པར་གླིང་ཁུལ་དོ་དམ་དང་གླིང་ཁུལ་འཛུགས་པའི་ཆུ་ཚད་ཇེ་མཐོར་བཏང་།

དེ་དང་ཆབས་ཅིག   རྒྱུན་ཆད་མེད་པར་ཚན་རྩལ་ཞིབ་འཇུག་དང་སྲིད་གཞུང་མིན་པའི་རྩ་འཛུགས་སོགས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་བཏང་བ་དང་། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ཚན་རིག་གླིང་གིས་ཀྲུང་གོ་ཚན་རིག་གླིང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་སྒྲིག་འཛུགས་བྱས་ཤིང་། ཡོན་ཧྲིའི་བྱ་བའི་ས་ཚིགས་བཙུགས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཆུ་ཚད་ཇེ་དྲག་ཏུ་བཏང་།

སྒྲིག་སྲོལ་ཚོད་ལྟ་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་ཅུས་དང་དོ་དམ་ཡན་ལག་ཅུས་སྒྲིག་འཛུགས་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་དང་ནགས་ས། བརླན་ས། ས་ངོས་ཆུ། སྐམ་སའི་རི་སྐྱེས་སྲོག་ཆགས་བཅས་ཐོན་ཁུངས་ཀྱི་གཞི་གདན་རྟོག་ཞིབ་བྱ་བ་སྤེལ་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་སྟེགས་བུ་བཙུགས་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ས་ངོས་ཆུ་དང་རྩྭ་ས། ནགས་ས། རི་སྐྱེས་སྲོག་ཆགས་སོགས་རང་བྱུང་ཐོན་ཁུངས་ཀྱི་གཞི་གདན་རྒྱབ་ཤ་དཀར་པོའི་དཔེ་དེབ་ཁྱབ་སྤེལ་བྱས།

ད་ལྟ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་ཡོད་པ་སྟེ། སྐྱེ་ཁམས་ཉམས་ཞན་དུ་གྱུར་བའི་གནས་བབ་རིམ་བཞིན་བཀག་འགོག་བྱུང་བ་དང་། གནད་སའི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་མུ་མཐུད་དུ་ཇེ་བཟང་དུ་གྱུར་བ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་ཉིན་བཞིན་འཐུས་ཚང་དུ་གྱུར་བ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་ལས་སྲ་བརྟན་ཏུ་གྱུར་ཡོད་པ་རེད།

ལོ་ཙཱ།སྒྲོལ་མ་སྐྱིད།