མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁག་གསུམ་པ།(2)
2019.10.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

 ད་ལོར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་བཅད་ཁུལ་ནས་རི་དྭགས་གསའ་ལྔ་མཉམ་དུ་ཡོད་པ་ལྟ་ཞིབ་ཚད་ལེན་བྱས་ནས་སྤྱི་ཚོགས་ལ་ཁྱབ་སྤེལ་བྱས་པར་གྲགས་འགུལ་ཆེན་པོ་བྱུང་བ་དང་། ཚས་མས་ལང་ལོང་སྒོས་ཉེ་བའི་ལོ་འདི་འགར་མདོ་ལ་རི་བོའི་མཚོ་སྔོན་བཅད་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གྲུབ་འབྲས་ཐོབ་པར་གཟེངས་བསྟོད་བྱས། ཐེངས་དེར་ད་དུང་མཐོང་དཀོན་པའི་རི་དྭགས་འཕར་བ་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་མང་པོ་ལྟ་ཞིབ་ཚད་ལེན་བྱུང་ཡོད།

མདོ་ལ་རི་བོ་ནི་རྒྱལ་ཁབ་ཀྱི་གནད་སའི་སྐྱེ་ཁམས་བྱེད་ནུས་ཁུལ་ཉེར་ལྔའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ནུས་ཡོད་སྒོས་བྱེ་ཐང་ཆེན་པོ་བཞི་གཅིག་བསྡུས་བྱེད་པ་བཀག་འགོག་བྱས་ཏེ། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་བྱེ་ཐང་གི་ལྗང་མདོག་སྐྱེ་ཁམས་དོ་སྙོམས་ཡོང་བར་སྲུང་འཛིན་བྱེད་ཀྱིན་ཡོད།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་མགོ་བརྩམས་པ་དེས། མདོ་ལ་རི་བོའི་གལ་ཆེ་བའི་སྐྱེ་ཁམས་ཀྱི་གོ་གནས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཁྲོད་ཀྱི་རིན་ཆེན་ཆེན་པོ་གང་ལེགས་སྒོས་མཚོན་པར་བྱས། སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་ཚན་གཙོ་ཟུང་གི་འགན་འཁུར་བའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། 《མཚོ་སྔོན་བཅད་ཁུལ་གྱི་ལག་བསྟར་ཇུས་གཞི》པར་འགྲེམ་སོགས་ཀྱི་བྱ་བའི་རྨང་གཞིའི་སྟེང་། དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བརྟན་བརླིང་ངང་སྐུལ་སྤེལ་བྱས་ཏེ། ཉིན་རྒྱུན་གྱི་བསྐོར་སྲུང་དོ་དམ་སོགས་ཀྱི་བྱ་བའི་ལམ་ལུགས་གཏན་འབེབས་བྱས་པར་མ་ཟད། དུས་ཐོག་ཏུ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འཛུགས་བྱ་བ་སྤེལ་མགོ་བརྩམས་པ་དང་། ད་ལྟ《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག》འཆར་འགོད་གཏན་འབེབས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་ཁྲིམས་མཐུན་ལྟར་སྲུང་སྐྱོབ་དོ་དམ་བྱེད་པ་དང་། ཁྲིམས་ལུགས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་རྨང་གཞི་བཏིང་ཡོད།

སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐོ་ས་བསྐྲུན་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་རྨང་གཞི་ཡིན་པའི་སྡོད་ཁུལ་མཉམ་བསྐྲུན་མཉམ་སྤྱོད་དང་མཉམ་དུ་དོ་དམ་བྱེད་པའི་ཁྲོད་ཞུགས་པའི་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་འདེགས་སྐྱོར་བྱས་ཏེ། རྫོང་དང་གྲོང་ཁྱེར་བཞི་ནས་ཚོད་ལྟའི་སྡེ་བ་དགུ་གདམ་གསེས་བྱས་ནས། སྲུང་སྐྱོབ་དྲིལ་སྒྲིག་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། 《སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མཉམ་བསྐྲུན་མཉམ་སྤྱོད་དང་མཉམ་དུ་དོ་དམ་བྱེད་པའི་གྲོས་མཐུན་ཡི་གེ》བཀོད་དེ། དུས་ཐོག་ཏུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་སློབ་སྦྱོང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་བྱ་བའི་འགུལ་རྣམ་དྲིལ་སྒྲོག་བྱས་ནས། དངོས་གནས་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་དོ་དམ་སྟོབས་ཤུགས་ཇེ་དྲག་ཏུ་བཏང་།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཀྱིས་ཤུགས་ཆེན་པོས་སྐྱེ་ཁམས་རིག་གནས་ཀྱི་མཐོ་ས་བསྐྲུན་ཏེ། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་བཙུགས་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་འབྲེལ་ཡོད་ཆེད་ལས་འཇོན་མི་བསྡུ་ལེན་བྱས་ཏེ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དྲིལ་སྒྲོག་སློབ་གསོ་ཁྱབ་སྤེལ་དང་སྐྱེ་ཁམས་རིག་གནས་ཞིབ་འཇུག་འགྲེམ་སྟོན། དེ་མིན་འབྲེལ་ཡོད་སྟེགས་བུ་འཛུགས་སྐྲུན་བཅས་ཀྱི་ཁྲོད་ཟབ་ཞུགས་བྱས།

དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་སྐྱེ་ཁམས་ཀྱི་ཚན་ཞིབ་མཐོ་ས་བསྐྲུན་པར་མ་ཟད། ད་དུང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིབ་འཇུག་ལྟེ་གནས་བཙུགས།

དེའི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་ཆད་མེད་པར་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དཔྱད་འཇོག་མ་ལག་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། 2018ལོར་རི་དྭགས་གསའ་ཡི་ལྟ་ཞིབ་ཚད་ལེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པར་མ་ཟད། རི་དྭགས་གསའ་ཡི་བརྙན་རིས་རྒྱུ་ཆ957འཚོལ་སྡུད་བྱས་ནས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དང་སྐྱོན་བྲལ་ངང་ཇེ་བཟང་དུ་འགྲོ་བ་མཚོན་པར་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་པའི་གྲོས་གཞི་བཏོན་པ་དང་། ཀྲུང་་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྟེང《རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས།

མཚོ་སྔོན་ལ་མཚོན་ན། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལྡན་ལ་རྨང་གཞི་ལེགས་པོའང་ཡོད།

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་མགོ་རྩོམ་པའི་ཚོགས་ཆེན་འཚོགས་རྗེས་ཅང་མ་འགོར་བར།  མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་མགྱུགས་མྱུར་ངང་འཚོགས་པ་རེད།

མིག་སྔར། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གིདཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་འཐབ་ཇུས་བཀོད་སྒྲིག་ནས་འཛུགས་སྐྲུན་དུས་རིམ་དུ་ཞུགས་ཡོད་པ་དང་། དུས་རབས་འཕེལ་རྒྱས་ཀྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་ཡོད་པའི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་དེ་མཐོ་སྒང་གི་ས་གཞི་ཆེན་པོ་འདིའི་སྟེང་སྐྱེ་སྟོབས་ཆེན་པོས་འཚར་ལོངས་འབྱུང་ངེས་རེད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ་ནས་ད་ལྟའི་བར། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་མགྱོགས་མྱུར་ངང་སྐུལ་སྤེལ་བྱས་པ་དང་། མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་འཆར་གཞིའང་མྱུར་དུ་བཟོ་འགོད་བྱེད་བཞིན་པའི་སྒང་རེད།

རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་གྱིས་སྔར་ལས་བཟང་ཞིང་སྔར་ལས་མགྱོགས་མྱུར་ངང་རྒྱལ་ཡོངས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞིར》འཆར་ཟིན་བཀོད་ནས་ཡོང་འགྲུབ་བྱས་པ་དང་། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞིར》  འཆར་ཟིན་འགོད་པར་རྩ་འཛུགས་བྱས་པར་མ་ཟད། བྱེ་བྲག་གི་བྱ་བ་ཞེ་ལྔར་ཕྱོགས་སྡོམ་བྱས་ཏེ། སྡེ་ཁག་གི་འགན་འཁྲི་ཁ་གསལ་བྱས་པ་དང་དུས་ཚོད་རེའུ་མིག་གཏན་ལ་ཕབ་པ། བྱ་བའི་བླང་བྱ་བཏོན་པ་རེད།

དུས་མཚུངས་སུ་ད་དུང《མཚོ་སྔོན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྟོག་ཞིབ་དཔྱད་འཇོག་ཧྲིལ་བསྡུས་དང་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་བྱ་བའི་ཇུས་གཞི》དང《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་གྱི་ལམ་ལུགས་ཚད་གཞིའི་མ་ལག་གི་ཞིབ་འཇུག་ལས་གཞི་བྱ་བའི་ཇུས་གཞི》རྩོམ་སྒྲིག་བྱས་ཤིང་། ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་དུས་སྐབས་སྔོན་མའི་བྱ་བའི་ནང་དོན་དང་གོམ་རིམ། མ་དངུལ་བཀོལ་སྤྱོད་བཅས་གཏན་ལ་ཕབ་ཏེ།  ཧུར་ཐག་གིས་སྲིད་ཇུས་དང་མ་དངུལ་མཐུན་སྦྱོར་དང་དངོས་འབེབས་བྱས་ནས། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱས།

ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་གྱི་བྱ་བར་ཚན་རིག་ལྟར་མཛུབ་སྟོན་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རིགས་བཀར་མ་ལག་གསར་བ་འཛུགས་ཆེད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཁུང་མེན་རྩད་ཞིབ་ཇུས་འགོད་ཁང་ལ་མངགས་བཅོལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལམ་ལུགས་ཚད་གཞིའི་ཞིབ་འཇུག་བྱ་བ་སྤེལ།

མིག་སྔར། བྱ་བ་དེ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་ཡོད་པ་དང་། འཆར་གཞི་ལྟར་ན་ད་ལོར《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྟོག་ཞིབ་གདེང་འཇོག་བྱེད་ཐབས་ཞིབ་འཇུག་སྙན་ཞུ》དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རིགས་བཀར་ཚད་གཞི》། 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཧྲིལ་བསྡུས་ལེགས་བཅོས་བྱེད་ཐབས》སོགས་ཚད་གཞིའི་ལམ་ལུགས་བཅུ་གཏན་ལ་ཕབ་ཏེ། རྒྱལ་ཡོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ཇུས་གཞི་འདོན་སྤྲོད་བྱེད་རྒྱུ་རེད།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བུ་ཕྲུག་ས་ཡ་དྲུག་ལྷག་གིས་དུས་རབས་གསར་བའི་རི་མོའི་རྩལ་དགུ་ངོམ་ནས་མཚོ་སྔོན་ཞེས་པའི་མཛེས་སྡུག་གི་གཡང་ཊི་ལེགས་པོར་བཞེངས་ཀྱིན་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།