མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁག་བཞི་བ།
2019.10.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

 མཚོ་སྔོན་ལ་མཚོན་ན། ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས།  ཆེས་ཆེ་བ་གསུམ་གྱིས་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ངེས་པར་དུ་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་ཐག་གིས་བཅད།

2018ལོའི་ལོ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་མངོན་གསལ་སྒོས་ནན་གྱིས་བསྟན།

2019ལོའི་ལོ་འགོར《 སྲིང་གཞུང་བྱ་བའི་སྙན་ཞུའི》ནང་ཐོག་དང་པོར་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་གྲོས་གཞི་བཏོན། སྙན་ཞུའི་ནང་ད་དུང་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་མཛེས་སྡུག་མཚོ་སྔོན་གྱི་བརྩེ་བ་མངོན་པར་བྱེད་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་མདུན་སྐྱོད་ཁ་ཕྱོགས་ཀྱང་གསལ་བོར་བསྟན།

ད་ལོའི་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བང་ཅན་ཅོན་དང་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ཀྲང་ཅན་ལུང་གིས་མཉམ་དུ་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་གྱི་མིང་བྱང་བཀལ་བ་དེས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་མཚོ་སྔོན་དུ་དངོས་སུ་མགོ་བརྩམས་པ་མཚོན།

ལྗང་མདོག་གི་རྒྱུགས་གཞི་རེ་རེ་ཡིས་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྔོན་འགྲོ་ཡིན་པ་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པའི་གྲུབ་འབྲས་བསྐྲུན།

2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་གནང་རྗེས། མཚོ་སྔོན་གྱིས་ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་གཏིང་ཟབ་ཏུ་དངོས་འབེབས་བྱས།  2017ལོར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དང་། ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་གསལ་བོར་བཏོན། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་དང་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པར་ནུས་པ་འདོན་བཞིན་ཡོད།

2019ལོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མཁྲེགས་གཏོར་གྱི་ལོ་ཞིག་ཡིན་ལ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་མགོ་རྩོམ་པའི་ལོ་ཞིག་ཀྱང་ཡིན། ལོ་འདིར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གྲོས་གཞི་བཏོན་པ་དང་། དེ་ནི་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་མཉམ་འདྲེས་བྱེད་པ་དང་མིག་རྒྱང་རིང་པོས་འཛམ་གླིང་ལ་ལྟ་བའི་མཐོང་རྒྱ་ཆེ་རུ་ཕྱེས་ཏེ། རང་ཉིད་ཀྱི་མིང་བྱང་གྲགས་ཅན་བསྐྲུན་པ་དང་། རྒྱུན་ཆད་མེད་པར་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏིང་།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གྲོས་གཞི་བཏོན་པ་ནས་དངོས་སུ་མགོ་བརྩམས་པའི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་འདིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཁྱད་པར་དུ་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པའི་ཕྱོགས་སུ་གོམ་པ་བརྟན་པོ་ཞིག་སྤོས།

རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གོ་རིམ་བརྒྱུད་ནས་ང་ཚོས་མཐོང་བ་ནི། རྒྱལ་ཡོངས་ནས་ཐོག་མར་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ནི། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་བཏོན་པའི་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་དང་། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཏན་ཏན་ཏིག་ཏིག་བཞི་དང་ཆེས་ཆེ་བ་གསུམ་གྱི་བླང་བྱ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེ་བྲག་གི་ལག་ལེན་དང་ཆེས་མངོན་གསལ་གྱི་ཆབ་སྲིད་འགན་འཁྲི་ཡིན་ལ། དུས་རབས་གསར་བའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་གསར་བ་དང་ལག་ལེན་གསར་བ་ཡིན་པ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས། འཆམ་མཐུན་བརྟན་འཇགས་བཅས་ཀྱི་ཐབས་ལམ་གསར་བ་ཡིན་པ། ཏན་ཏན་ཏིག་ཏིག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་རེད།

2016ལོར་རྒྱལ་ཡོངས་ནས་ཐོག་དང་པོ་ཡིན་པའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་མགོ་བརྩམས་ཤིང་། མེད་པ་ནས་ཡོད་པར་གྱུར་བའི་བཅོས་སྒྱུར་གྱི་ཐབས་ལམ་དེ་མཛེས་སྡུག་གི་གཙང་གསུམ་འབྱུང་ཡུལ་ནས་ལག་བསྟར་བྱེད་མགོ་བརྩམས་པ་རེད། 2017ལོའི་ཟླ་བདུན་པའི་ཚེས་བདུན་ཉིན། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་གི་མིང་བྱང་ཁྲོད་བཀོད་པ་ལེགས་འགྲུབ་བྱུང་།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་རྗེས། 2017ལོར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་མགོ་བརྩམས། ད་ལྟ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་གྱི་མགོ་རྩོམ་པའི་གཏམ་བཟང་བསྒྲགས་ཡོང་ཚེ། ང་ཚོའི་སེམས་སུ་སྤྲོ་བས་བརྟས་ཤིང་ང་རྒྱལ་གྱིས་ཁེངས་ཡོད།

དེའི་རྗེས་སུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་མགོ་བརྩམས་པ་དང་།   གནས་དེ་ནི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ལས་བརྒལ་ཡོད་མོད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་བཅས་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི། མཚོ་སྔོན་གྱིས་རང་འགུལ་གྱིས་ཕྲག་ཏུ་ལེན་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པ་རེད། བྱ་བ་སྤེལ་བའི་ཚུན་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མཚོ་སྔོན་བཅད་ཁུལ་གྱིས་མགོ་མཇུག་བར་གསུམ་དུ་སྐྱེ་ཁམས་བདེ་འཇགས་གོ་གནས་གཙོ་བོར་བཞག་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐོ་ས་བསྐྲུན་པའི་ཕུགས་འདུན་རིམ་གྱིས་མངོན་འགྱུར་བྱེད་བཞིན་ཡོད།

གནས་སའི་ས་ཁོངས་ནས་བལྟས་ན། གཙང་གསུམ་འབྱུང་ཡུལ་ལ་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་ལ། མཚོ་སྔོན་པོ་ནི་ནུབ་ཕྱོགས་ཀྱི་བྱེ་ཐང་ཅན་ཤར་ཕྱོགས་སུ་མཆེད་པ་བཀག་འགོག་བྱེད་པའི་རང་བྱུང་སྲུང་ཡོལ་ཡིན་པ། མདོ་ལ་རི་བོའི་སྐྱེ་ཁམས་གོ་གནས་སྔར་ལས་འབུར་ཐོན་དང་གལ་ཆེན་དུ་འགྱུར་བཞིན་པ་བཅས་ནི། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་དང་སྐྱེ་ཁམས་ཀྱི་རིན་ཐང་ཆེན་པོ་ཡིན་པར་བརྟེན་མཚོ་སྔོན་ལ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ཁྲོད་འབུར་ཐོན་གྱི་འཐབ་ཇུས་གོ་གནས་ལྡན་པར་བྱས།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་ཡོལ་བ་ཇེ་བརྟན་དུ་གཏོང་རྒྱུ་ནི་མཚོ་སྔོན་གྱི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པ་རེད།

མིག་སྔའི་མཚོ་སྔོན་ལ་མཚོན་ན། ཤར་ནས་ནུབ་དང་ལྷོ་ནས་བྱང་བཅས་སུ་དཔེ་མཚོན་རང་བཞིན་དང་མཚོན་བྱེད་རང་བཞིན། སྣ་མང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པའི་ནགས་ཚལ་དང་བརླན་ས། བྱེ་མ་ཅན་བཅས་ཀྱི་སྐྱེ་ཁམས་མ་ལག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཙུགས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་བཞུར་རྒྱུན། མདོ་ལ་རི་བོ་ས་ཁུལ། ཚ་འདམ་གཞོང་། རྨ་ཆུའི་ཆུ་རྒྱུན་བཅས་ལ་ཁྱབ་པའི་ས་གཤིས་ཀྱི་ས་ཁོངས་ཆེན་པོ་ལྔ་གྲུབ་ཡོད།

དེར་བརྟེན། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཐུན་མོང་གི་ངོས་ཟིན་གཅིག་བསྡུས་བྱས་ཏེ། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་དང་དཔེ་མཚོན་གསར་བསྐྲུན་བྱེད་པའི་བྱེད་ཐབས་ཤིག་ཡིན་པ་རེད། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་ཁྱབ་སྤེལ་བྱེད་པར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་གྱི་བྱ་བ་སྤེལ་བ་དང་། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞི》བཟོ་སྒྲིག་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཚོགས་སྤྱིར་གཅིག་གྱུར་སྒོས་བཀོད་སྒྲིག་དང་འཚོལ་ཞིབ་འཛུགས་སྐྲུན་བྱས། དེ་ཡིས་སྔར་ལས་ལྷག་པའི་སྒོ་ནས་རང་བྱུང་སྲུང་སྐྱོབ་ས་ཁུལ་སྣ་ཚོགས་ཧྲིལ་བསྡུས་དང་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པ་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་མ་ལག་བཙུགས་ནས། གལ་ཆེ་བའི་རང་བྱུང་སྐྱེ་ཁམས་མ་ལག་དང་རང་བྱུང་ཤུལ་བཞག  རང་བྱུང་མཛེས་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ཀྱི་རྒྱུད་རིམ་རང་བཞིན་དང་འཐུས་ཚང་རང་བཞིན་ལ་སྲུང་སྐྱོང་བྱེད་པར་འགན་སྲུང་བྱེད་པའི་དུས་མཚུངས་སུ་རྒྱལ་ཡོངས་ནས་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་ངེས་རེད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་རྒྱལ་ཁབ་ཀྱི་གལ་ཆེ་བའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་དང་དུས་རབས་གསར་བའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་སྤྱིའི་འཛིན་ཕྱོགས་ཡིན་པའི་ནས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དུས་རབས་གསར་བའི་མགོ་བརྩམས་པ་དང་། དེ་ལས་མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐོན་ངེས་རེད།

ད་ལོའི་ཟླ་དྲུག་པར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》པར་འགྲེམ་བྱས། 《མཛུབ་སྟོན་བསམ་འཆར》ལས་བསྟན་དོན། 2020ལོའི་བར་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་སྤྱིའི་བཀོད་སྒྲིག་དང་འཕེལ་རྒྱས་འཆར་འགོད་བཏོན་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཡོངས་འགྲུབ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་སྐོར་ཞིག་འཛུགས་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་མཚམས་དབྱེ་འབྱེད་ཐོ་རྟགས་འཛུགས་པར་མ་ཟད་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་བཀག་འབྲེལ་མཐུད་ཡོངས་འགྲུབ་བྱེད་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་རིམ་དབྱེ་ཁག་བགོས་དོ་དམ་སྒྲིག་སྲོལ་གཏན་འཁེལ་བྱེད་རྒྱུ་རེད།

རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་བཏོན་པའི་བཅོས་སྒྱུར་གྱི་ལས་འགན་གལ་ཆེན་ཞིག་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་འདིར། 《བསམ་འཆར》འགྲེམ་སྤེལ་བྱས་པ་དེས་ང་ཚོར་ཁ་ཕྱོགས་གསལ་བོར་བསྟན་པ་དང་བསྲུང་བྱ་འདོན་སྤྲོད་བྱས།

རི་ཆུ་ནགས་གསུམ་དང་ས་ཞིང་མཚེའུ་བཅས་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཡིན་པས། མིའི་སྲོག་རྩ་ཞིང་སར་འབྲེལ་བ་དང་ཞིང་སའི་སྲོག་རྩ་ཆུ་དང་འབྲེལ། ཆུའི་སྲོག་རྩ་རི་བོར་འབྲེལ་བ་དང་རི་བོའི་སྲོག་རྩ་ས་གཞིར་འབྲེལ་ཞིང་ས་གཞིའི་སྲོག་རྩ་ནགས་ཚལ་ལ་ཐུག་ཡོད། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞི》ལྟར།  མཚོ་སྔོན་གྱིས་རི་ཆུ་ནགས་གསུམ་དང་ས་ཞིང་མཚེའུ་བཅས་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཞིག་ཡིན་པའི་འདུ་ཤེས་གཞིར་བཟུང་ཏེ། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་སྒྲིག་སྲོལ་རྐྱེན་སྲོལ་གསར་བསྐྲུན་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གཅིག་གྱུར་གྱིས་བཀོད་སྒྲིག་དང་རིམ་ཕྱེ་དོ་དམ། ཁག་བགོས་དོ་དམ་བཅས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་དེ་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཁྲོད་བཀོད་ནས་སྲུང་སྐྱོབ་ནན་མོ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཡིན་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་གྲུབ་པར་བྱེད་རྒྱུ་རེད།

《སྤྱིའི་ཇུས་གཞི》ལྟར། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་དང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་གཙོ་གནད་དུ་བཟུང་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་ས་མཚམས་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་འཆར་འགོད་བྱས་ནས། ཆ་རྐྱེན་ལྟར་མ་འོངས་པར་རིམ་བཞིན་འབྲེལ་ཡོད་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དང་། ཧྲིལ་བསྡུས་མ་བྱས་པར་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཞུགས་པའི་ལྗོངས་ཁུལ་གྲགས་ཅན་དང་ནགས་ཚལ་སྤྱི་གླིང་། ས་གཤིས་སྤྱི་གླིང་། བརླན་སའི་སྤྱི་གླིང་། བྱེ་ཐང་སྤྱི་གླིང་། ཆུ་བེད་ལྗོངས་ཁུལ་གྲགས་ཅན་སོགས་གླིང་ཁུལ་གཅིག་ལ་མིང་བྱང་གཅིག་ཏུ་ཧྲིལ་བསྡུས་བྱས་ནས་རང་བྱུང་སྤྱི་གླིང་གི་ཁོངས་སུ་གཏོགས་པར་བྱེད་རྒྱུ་རེད།

འཆར་འགོད་ལྟར། 2020ལོའི་བར། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཡིན་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་གི་གཞི་རྩའི་སྒྲོམ་གཞི་འཛུགས་པ། 2035ལོའི་བར་དུ་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཔེ་སྟོན་འཛུགས་སྐྲུན་བྱེད་རྒྱུ་རེད།

ལོ་ཙཱ། སྒྲོལ་མ་སྐྱིད།