གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་གཅིག་གྱུར་དོ་དམ་མངོན་འགྱུར་བྱུང་བ།
2019.10.31 ཁུངས། མི་དམངས་དྲ་བ། ཀློག་གྲངས། 19

    སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་ང་ཚོའི་ཕ་ཁྱིམ་སྲུང་སྐྱོབ་བྱེད་པ་འདྲ། “གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་། ‘ཀྲུང་ཧྭའི་ཆུ་མཛོད’ལ་སྲུང་སྐྱོབ་བྱ་རྒྱུ་ནི། མཚོ་སྔོན་གྱི་གཡོལ་དུ་མེད་པའི་འགན་འཁྲི་ཡིན་པས། ནོར་འཛོལ་ཅུང་ཙམ་ཡང་འབྱུང་མི་རུང་། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་ལ། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད་པ་དང་། སྦས་ནུས་ཆེ་ཤོས་དེའང་སྐྱེ་ཁམས་ཀྱི་ཕྱོགས་སུ་ཡོད།”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་མངག་བཅོལ་གལ་ཆེན་གནང་བ་དེ་ནི། ང་ཚོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྩ་བའི་གཞི་འཛིན་དང་འཛད་མེད་སྒུལ་ཤུགས་ཡིན།

སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་དགོས། ནུས་ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འོས་འགན་ཡིན་ལ། མུ་མཐུད་དུ་མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཐོན་རྫས་ཀྱི་དགོས་མཁོ་བསྐང་རྒྱུ་ནི་སྤུས་ཚད་མཐོ་བའི་འཚོ་བའི་ནང་དོན་གཙོ་བོ་ཡིན།

ནུས་ཤུགས་གང་ཡོད་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་ཇེ་མྱུར་དུ་གཏོང་བའི་བྱ་འགུལ་སྤེལ་དགོས་ལ། བྱེ་ཐང་ཅན་དུ་འགྱུར་བ་འགོག་བཅོས་བྱེད་པའི་ནུས་ཤུགས་ལ་མུ་མཐུད་དུ་ཤུགས་སྣོན་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སླར་གསོའི་བཟོ་འགོད་རྩ་འཛུགས་ལག་བསྟར་དང་། སྐྱེ་ཁམས་བདག་སྐྱོང་དྲ་བ་ཞིབ་ཚགས་དང་བརྟན་པོ་བཟོ་བ། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་སྐུལ་སྤེལ་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ལ་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས། །

གཙང་གསུམ་འབྱུང་ཡུལ་ལ་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། 2015ལོའི་ཟླ་12ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་གཙོ་སྐྱོང་གནང་སྟེ། 《ཀྲུང་གོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་བསྟན་དོན། མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་ཁུལ་དུ་དཔེ་མཚོན་དང་མཚོན་བྱེད་ཀྱི་ས་ཁོངས་བདམས་ནས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་ཏེ། གཙང་གསུམ་འབྱུང་ཡུལ་ཁུལ་གྱི་རང་བྱུང་ཐོན་ཁུངས་གལ་ཆེན་རྒྱལ་ཁབ་ལ་དབང་པ་དང་། དམངས་ཡོངས་ཀྱིས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་མངོན་འགྱུར་དང་། རང་བྱུང་ཐོན་ཁུངས་ཀྱི་ཡུན་རིང་བདག་སྐྱོང་དང་ནམ་ཡང་བེད་སྤྱོད་ལ་སྐུལ་མ་གཏོང་བའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཁོངས་ཀྱི་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་ལ།   ས་ཁོངས་རྒྱ་ཆེ་ཞིང་། གཙང་པོ་དང་། ན་འདམ། མཚོ་དང་མཚེའུ་སོགས་མང་ལ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཟིན་པས། འབྲི་སྟོད་དང་། ཆུ་དམར་ལེབ། རྨ་སྟོད། རྫ་སྟོད་བཅས་རྫོང་བཞི་དང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཁོངས་གཏོགས་ས་ཁོངས་ཀྱི་ཞང་དང་གྲོང་རྡལ12དང་སྲིད་འཛིན་སྡེ་བ53དང་འབྲེལ་ཡོད་པ་རེད།

“རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང”བཅས་ནི་གཞི་གཅིག་ཅན་གྱི་སྐྱེ་ཁམས་མ་ལག་ཅིག་ཡིན་པས། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་ལེགས་སྒྲིག་བྱས་ཏེ། འབྲེལ་ཡོད་རྫོང་4ལ་སྡེ་ཁག་ཆེན་པོའི་ལམ་ལུགས་ཀྱི་སྒྱུར་བཅོས་བྱེད་དགོས་པ་རེད། ཧའོ་ཝན་ཁྲེང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་། བརླན་ས་གལ་ཆེན། འཐུང་ཆུའི་མགོ་ཁུངས་གལ་ཆེན་གྱི་སྲུང་སྐྱོབ་ཁུལ། རང་བྱུང་ཤུལ་བཞག་ཁུལ་སོགས་སྲུང་སྐྱོབ་བྱ་ཡུལ་སྣ་ཚོགས་ཀྱི་བྱེད་ནུས་བསྐྱར་སྒྲིག་དང་ལེགས་བཅོས་བྱེད་པ་དང་། གཅིག་སྡུད་གཅིག་གྱུར་གྱི་དོ་དམ་བྱས་ཚེ། གཞི་ནས་གསར་གཏོད་ཀྱི་གོམ་པ་དང་པོ་སྤོ་ཐུབ་ངེས་རེད་ཅེས་དེ་ལྟར་བཤད་བྱུང་།

“སྔོན་ཆད་ཕན་ཚུན་ཐེ་གཏོགས་མི་བྱེད་པར་རང་ཉིད་ཀྱིས་ས་ཆ་རེར་དོ་དམ་བྱེད་ཀྱི་ཡོད། ཚོད་ལྟ་སྒྱུར་བཅོས་བྱས་པ་བརྒྱུད། རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་བསྡུ་སྒྲིལ་ཐད་དེ་སྔོན་སོ་སོར་དོ་དམ་བྱེད་པའི་ཆུ་བེད་དང་། རྩྭ་ཐང་། རྒྱལ་ཁབ་ས་ཁོངས་སོགས་ཀྱི་སྒྲིག་གཞི་དག་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་དོ་དམ་བྱས་ནས་ངར་ཤུགས་འདོན་གྱིན་ཡོད”ཅེས་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀན་ཞུའེ་པིན་གྱིས་དེ་ལྟར་བཤད་བྱུང་།  ཁོས་ད་དུང་མུ་མཐུད་དུ་བཤད་རྒྱུར། སྔར་ཡོད་ཀྱི་ས་གནས་སྲིད་གཞུང་དང་གླིང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚན་ཁག་གཅིག་གིས་ཁྲིམས་འཛིན་ལྟ་འདོམས་ཀྱི་རང་སོ་སོར་བཅོས་སྐྱོང་བྱེད་པའི་ཁ་ཐོར་གྱི་གནད་དོན་རྩ་བ་ནས་ཐག་བཅད་ཡོད་ཟེར།

དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག》བཀྲམ་ནས་ལག་བསྟར་བྱས་པའི་རྨང་གཞིའི་ཐོག   གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཆར་འགོད་དང་། དོ་དམ་འཆར་འགོད། སྡེ་ཁུལ་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཆར་འགོད། སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་འཆར་འགོད། ཐོན་ལས་འཕེལ་རྒྱས་དང་དམིགས་བསལ་ཆོག་མཆན་བདག་གཉེར་འཆར་འགོད་བཅས་བཟོས་ཏེ་རྒྱལ་ཡོངས་སུ་སྔོན་ལ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་མ་ལག་འཛུགས་སྐྱོང་བྱས་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་ནན་མོ་ལག་བསྟར་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་གཞི་ནན་མོ་ལག་བསྟར། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱེད་ཐབས་ནན་མོ་དོན་འཁྱོལ་བཅས་བྱེད་ཀྱི་ཡོད། མིག་སྔར། རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་དང་། ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་ནས་ས་གནས་དེའི་མངགས་གཏོང་ཁང་གི“རིམ་གསུམ”ཁྲིམས་འཛིན་སྒྲིག་གཞིའི་མཉམ་འགུལ་སོགས་མངའ་ཁོངས་ཁ་གསལ་དང་། དབང་འགན་ཁ་གསལ། ཁྲིམས་འཛིན་ནན་མོ། ལྟ་འདོམས་ནུས་ལྡན་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དོ་དམ་གྱི་སྒྲིག་སྲོལ་གསར་པ་ཁྱོན་ཡོངས་ནས་གྲུབ་པར་མ་ཟད། གོང་འོག་ཕན་ཚུན་མཉམ་ལས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་སྲོལ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་ཡོད། 2019ལོའི་ལོ་སྟོད་བར། ཆེད་དོན་གྱི་བྱ་སྤྱོད་སྣ་ཚོགས་ཐེངས17སྤེལ་བ་དང་། ས་ཁོངས་ཡོངས་སུ་གཅིག་སྡུད་སྐོར་སྲུང་ཐེངས་20ལྷག་བྱས་པ། ཁྲིམས་འགལ་ཉེས་གསོག་གྱོད་གཞི་200ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོད་བཅས་བྱས་པ་རེད།

“གཟབ་ནན”གསུམ་དོན་འཁྱོལ་བྱེད་པའི་འགག་རྩ་ནི་མིར་ཐུག་ཡོད། གཙང་གསུམ་འབྱུང་ཡུལ་དུ་ས་རྒྱ་ཆེ་ཞིང་མི་ཉུང་བ་དང་། ཞང་གྲོང་གི་སྒྲིག་ཁོངས་ཀྱི་མི་གྲངས་ཀྱང་ཉུང་བས། ལས་བྱེད་པ་ཁོ་ནར་བརྟེན་ན་དོ་དམ་གནད་སྨིན་ཡོང་ཐབས་བྲལ། རྨ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་མཱ་ཀུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཁོ་ཚོས་གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོབ། གནད་འཁེལ་དབུལ་སྐྱོར། བརྟན་ལྷིང་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། བསམ་པའི་དཔལ་ཡོན་བཅས“གནས་དྲུག་གཞི་གཅིག”གི་དྲ་མིག་འཛུགས་སྟངས་ལ་བསམ་བློ་བཏང་ནས་སྐྱེ་ཁམས་ལྟ་སྲུང་པ་དང་དེའི་ནང་མི་གཞི་རྩའི་ཚན་པར་བརྩི་བ་དང་། སྡེ་དམངས་ཚོགས་ཆུང་དང་།  སྡེ་བའི“ ཨུ་ཡོན་ལྷན་ཁང་གཉིས”ཚན་ཁག   ཞང་དང་གྲོང་རྡལ། རྫོང་བཅས་ཀྱིས་རིམ་པ་བཞིན་འགན་འཁུར་བ་དང་། དོ་དམ་བྱེད་པ། ཆ་ཚང་མཉམ་འགུལ་བཅས་བྱེད་ཀྱི་ཡོད་པ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ལ་ཚད་བརྒལ་བྱུང་ནས། རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ཐད་དཔྱད་གཞིར་འཛིན་འོས་པ་དང་། ལད་ཟློས་བྱ་ཆོག་པ། ཁྱབ་གདལ་གཏང་ཆོག་པ་བཅས་ཀྱི་ཉམས་མྱོང་མཁོ་འདོན་བྱས་ཡོད། མིག་སྔར་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་གྱི་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱུང་ཟིན་པ་དང་། 2020ལོར་སླེབས་སྐབས་དངོས་སུ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཆ་རྐྱེན་གཞི་རྩའི་ཆ་ནས་འཛོམས་ཡོད་པ་རེད།

                                                                                                                            རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།