མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁག་ལྔ་བ།
2019.11.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

 མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་ཏུན་ཁྲི་བརྒྱད་དང་སྟོང་བརྒྱད་དུ་བསླེབས་ཏེ། 2002ལོ་ལས་ལྡབ་སོ་བཞི་འཕར་སྣོན་བྱུང་། 2018ལོར་མཚོ་སྔོན་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་ལྔ་བརྒྱ་རེ་གསུམ་ལྷག་ཏུ་བསླེབས་ཏེ། 2004ལོའི་དུས་མཉམ་དང་བསྡུར་ན། མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སུམ་བརྒྱ་དང་བཅུ་དགུ་ལྷག་ཇེ་ཆེར་སོང་ཏེ། ལོ་བཅོ་བརྒྱད་རིང་གི་ཆེས་མཐོ་བའི་ཚད་དུ་བསླེབས་ཡོད།

མཚོ་སྔོན་པོ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཡིན་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལ་འབྲེལ་བའི་ཆུ་བོ་གལ་ཆེན་ཡིན་པ། ནུབ་ཕྱོགས་ཀྱི་བྱེ་མ་ཅན་ཤར་ཕྱོགས་སུ་མཆེད་པ་བཀག་འགོག་བྱེད་པའི་རང་བྱུང་གི་སྲུང་ཡོལ་གལ་ཆེན་ཡིན་པ་རེད།

རྒྱུན་ཆད་མེད་པར་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་གཏིང་ཟབ་ཏུ་ངོས་འཛིན་བྱེད་པ་དང་། ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་དོན་འཁྱོལ་བྱས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་གཏིང་ཟབ་ཏུ་ལག་ལེན་དང་།  མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་དང་ལྗང་མདོག་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཙུགས་པས། མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ་དང་། མཚོ་སྔོན་པོའི་སྤྱི་ཡོངས་ཀྱི་སྐྱེ་ཁམས་བྱེད་ནུས་རྒྱུན་མཐུད་དང་ཇེ་དྲག་ཏུ་སོང་།

མཚོ་སྔོན་པོ་ལ་མཚོ་བོད་མཐོ་སྒང་གི་གཞི་རྐྱེན་མཛོད་ཀྱི་མཚན་སྙན་ལྡན་ལ། ཆུ་བྱའི་རིགས་ཀྱི་གཅིག་བསྡུས་འཚོ་སྡོད་བྱེད་ས་དང་རྒྱུད་སྤེལ་ས་གལ་ཆེན་ཡིན་ཞིང་། སྟོང་ལ་ཉེ་བའི་རི་དྭགས་དགོ་ཡི་འཚོ་སྡོད་བྱེད་ས་གཅིག་པུའང་ཡིན་པ་རེད།

ཉེ་ལམ། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་འབྲེལ་ཡོད་གླིང་ཁུལ་དང་མཉམ་འབྲེལ་སྒོས2019ལོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱ་བ་ཡོངས་འགྲུབ་བྱས་ཤིང་། རྟོག་ཞིབ་མཇུག་འབྲས་ལས་མངོན་པ་ལྟར་ན། བསྡོམས་པས་ཆུ་བྱ་ཁྲི་གསུམ་སྟོང་བརྒྱད་ལྷག་དང་རིགས་ཞེ་གཉིས་ལ་ལྟ་ཞིབ་ཚད་ལེན་བྱས་ནས་ཟིན་ཐོར་བཀོད་པ་དེ། ན་ནིང་ལོ་དང་བསྡུར་ན་ཆུ་བྱའི་རིགས་ཀྱི་གྲངས་ཀ་ཁྲི་གཅིག་དང་སྟོང་གཉིས་ལྷག་ཏུ་འཕར་སྣོན་བྱུང་། རི་དྭགས་དགོ་ཡི་ལྟ་ཞིབ་ཚད་ལེན་བྱེད་ས་ནས་བསྡོམས་པས་རི་དྭགས་དགོ་སྟོང་གསུམ་ལྷག་ལྟ་ཞིབ་ཚད་ལེན་བྱས་ནས་ཟིན་ཐོར་བཀོད་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་གཏིང་ཟབ་བྱས་ཏེ། བྱ་གླིང་དང་མཚོ་སྙིང་སོགས་བྱ་རིགས་འཚོ་སྡོད་བྱེད་ས་ཉེར་བཞི་དང་སྲུང་སྐྱོབ་བྱ་ཡུལ་ལ་ཆེད་དོན་ཐོན་ཁུངས་རྟོག་ཞིབ་ཚད་ལེན་བྱས་ཏེ། མཚོ་སྙིང་དང་རི་དྭགས་དགོ་ཡི་འཚོ་སྡོད་བྱེད་ས་སོགས་གནད་སའི་ས་ཁོངས་སོ་བརྒྱད་ཀྱི་སྔོ་ཁེབས་ལ་དུས་བཅད་ལྟར་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཁྱོན་ཡོངས་ནས་བྱ་རིགས་དང་རི་སྐྱེས་སྲོག་ཆགས། སྔོ་ཁེབས་བཅས་ཀྱི་ཁྱབ་སྟངས་ལ་རྒྱུས་ལོན་བྱས་ནས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་སྔོ་ཁེབས་སླར་གསོ། བྱེ་ཐང་ཅན་བཅོས་སྐྱོང་བཅས་ལ་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས།

བྱ་བ་དེའི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བྱ་བ་སྤེལ་ཏེ། རྒྱུད་སྤེལ་རྗེས་ཀྱི་ཆུ་བྱའི་ལྟ་ཞིབ་ཚད་ལེན་དང་རི་དྭགས་དགོ་ཡི་རྒྱུད་སྤེལ་དུས་ཀྱི་ལྟ་ཞིབ་ཚད་ལེན་གཙོ་བོ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྟོག་ཞིབ་བྱ་བ་ཡོངས་འགྲུབ་བྱས་པར་མ་ཟད། གོམ་གང་མདུན་སྤོས་སྒོས་རྩ་ཆེ་ཞིང་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གྱི་རྒྱུད་སྤེལ་དུས་སྐབས་ཀྱི་བདེ་འཇགས་ལ་ཤུགས་སྣོན་དང་། ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་བྱས།

མིག་སྔའི་གཞི་གྲངས་ལས་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ནུས་ཤུགས་ཇེ་དྲག་ཏུ་འགྲོ་བཞིན་པ་མངོན་ཐུབ། མཚོ་སྔོན་པོའི་བྱ་རིགས་དེ་དུས་རབས་དགུ་བཅུ་བའི་དུས་མཇུག་གི་སྣ་ཁ་བརྒྱ་དང་གྱ་དགུ་ནས་མིག་སྔའི་སྣ་ཁ་ཉིས་བརྒྱ་དང་ཉེར་ལྔར་འཕར་སྣོན་བྱུང་བ་དང་། ཁྲུང་ཁྲུང་མགོ་ཁྲ་དང་ཆུ་སྐྱར།   ངང་སེར།  སོ་བྱ་བཅས་རིགས་ཆེན་པོ་བཞི་གཙོ་བོ་ཡིན་པའི་ལོ་རེར་བྱ་རིགས་འབུམ་གསུམ་ལ་ཉེ་བ་ཙམ་གནས་འདིར་འཚོ་སྡོད་དང་རྒྱུད་སྤེལ་གྱིན་ཡོད། སྟོང་ལ་ཉེ་བའི་རི་དྭགས་དགོ་ཡི་གྲངས་ཀའང2004ལོའི་ཉིས་བརྒྱ་ང་བདུན་ནས་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ནི་ཆུའི་སྐྱེ་ཁམས་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་འབྲལ་ཐབས་མེད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་ནས་གནད་སའི་ལས་གཞི་ལག་བསྟར་བྱེད་པར་ཤུགས་ཆེན་པོས་སྐུལ་སྤེལ་བྱས་པ་དང་། སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་ལྔ་བཏང་ཏེ། གཙོ་བོ་མཚོ་སྔོན་པོའི་བརླན་ས་སྲུང་སྐྱོབ་ཀྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་རོགས་དངུལ་ལས་གཞི་དང་མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་མ་ལག་གི་རྒྱལ་ཁབ་རིམ་པའི་གནས་ཐིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ཀྱི་འཛུགས་སྐྲུན་ལས་གཞི། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་བརླན་ས་སྲུང་སྐྱོབ་དང་སླར་གསོའི་འཛུགས་སྐྲུན་ལས་གཞི། མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་མ་ལག་གི་ད་ཡོད་གནས་ཚུལ་ལ་དཔྱད་འཇོག་དང་དེ་མིན་བྱ་གླིང་གི་ཆུ་ལེགས་བཅོས་བྱེད་པའི་ལས་གཞི་བཅས་ལག་བསྟར་བྱས་ཏེ། ནུས་ཡོད་སྒོས་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་མགྱོགས་མྱུར་ངང་གོང་དུ་སྤེལ་བར་སྐུལ་འདེད་བཏང་།

དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་ཆད་མེད་པར་ཚན་ཞིབ་སྡེ་ཁག་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། ཀྲུང་གོའི་ཚན་རིག་གླིང་དང“ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཉམ་འབྲེལ་ཚན་རྩལ་ཞིབ་འཇུག་རྟེན་གཞི”བཙུགས་པ་དང་། མཚོ་སྔོན་པོའི་ཚན་རྩལ་ཞིབ་འཇུག་རྨང་གཞིའི་གཞི་གྲངས་སྟེགས་བུ་དང་མཚོ་སྔོན་པོའི་གཞི་གྲངས་ཅན་གྱི་དངོས་དཔེ་སྟེགས་བུ་སོགས་ཞིབ་འཇུག་བྱ་གཞི་མཉམ་འབྲེལ་སྒོས་སྤེལ་བ་དང་། ལྟ་ཞིབ་ཚོད་འཛིན་བརྙན་རིས་མ་ལག་དང་དྲ་མིག་བརྙན་རིས་མ་ལག བརྙན་མིག་བརྙན་རིས་དོ་དམ་བཀོལ་སྤྱོད་མ་ལག་བཅས་གཞི་གཅིག་ཡིན་པའི་ལྟ་ཞིབ་ཚོད་འཛིན་དྲ་རྒྱུའི་མ་ལག་བཙུགས་ནས། རྒྱལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་ཁྲོད་འཛུགས་སྐྲུན་ཆེས་སྔ་ཞིང་འཛུགས་སྐྲུན་ཆེས་ལེགས་པའི་གཞི་གྲངས་ཅན་གྱི་སྲུང་སྐྱོབ་ས་ཁུལ་མ་ལག་ཏུ་གྱུར། ལྟེ་བའི་ཁུལ་གྱི་བརྙན་རིས་ལྟ་ཞིབ་ཚོད་འཛིན་མ་ལག་གི་དྲ་སྦྲེལ་དང་བྱ་རིགས་ཀྱི་འཚོ་སྡོད་དང་རྒྱུད་སྤེལ་སར་སྐབས་བསྟུན་སྒོས་རྒྱང་རིང་ནས་བརྙན་རིས་ལྟ་ཞིབ་ཚོད་འཛིན་བྱེད་པ་མངོན་འགྱུར་བྱུང་ཏེ། སྲུང་སྐྱོབ་ཁུལ་གྱི་ཚན་རིག་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་།

ད་ལྟ་མཚོ་སྔོན་པོའི་གསེར་ཉ་ཕྱིར་རྐྱལ་བའི་རྣམ་པ་དེའང་མཚོ་སྔོན་པོའི་མཛེས་སྡུག་གི་མིང་བྱང་ཞིག་ཏུ་གྱུར་ཡོད། མིག་སྔར་མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་ཡང་ལྡབ་འགྱུར་སྒོས་འཕར་སྣོན་བྱུང་བ་དང་། མཚོ་སྔོན་པོའི་སྤྱི་ཡོངས་ཀྱི་སྐྱེ་ཁམས་བྱེད་ནུས་རྒྱུན་མཐུད་ངང་ཇེ་དྲག་ཏུ་སོང་ཏེ། སྐྱེ་ཁམས་དོ་མཉམ་མ་ལག་བཟང་པོ་རིམ་བཞིན་གྲུབ།

བརླན་སའི་རྒྱ་ཁྱོན་རིམ་བསགས་ཀྱིས་སྤྱི་ཆིང་ཁྲི་གཅིག་སྟོང་གསུམ་ལྔ་བརྒྱ་འཕར་སྣོན་བྱུང་བ་དང་། སྔོ་ཁེབས་ཀྱི་ཚད་རྒྱུན་སྲིང་ངང་འཕར་སྣོན་བྱུང་ཏེ། མཚོ་སྔོན་པོའི་སྤྱི་ཡོངས་ཀྱི་སྐྱེ་ཁམས་བྱེད་ནུས་མུ་མཐུད་དུ་ཇེ་བཟང་ལ་འགྲོ་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་ལྟར་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་ལ་ཤུགས་བསྣན་ཏེ། སྐྱེ་ཁམས་ཀྱི་ཚད་བཀག་དེ་འཆར་འགོད་ཀྱི་མཐའ་མའི་ཚད་གཞིར་བརྩི་བ་དང་།  འཕེལ་རྒྱས་གྱི་འཆར་འགོད་ ཡོད་ཚད་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་འཆར་འགོད་དང་ཕན་ཚུན་མཐུན་པར་བྱས་ནས། ཆུ་དང་རླུང་ཁམས་ཆེན་མོ། འུར་སྒྲའི་ཁོར་ཡུག་ཚོད་འཛིན་གྱི་བླང་བྱ་གཏན་འཁེལ་བྱས།

འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་དང་འཛུགས་སྐྲུན་ཁྱད་ཆོས། འཛུགས་སྐྲུན་གཞི་ཁྱོན་བཅས་ཀྱི་ཐད་ནས། མཛེས་ལྗོངས་ཁོར་ཡུག་དང་ཕན་ཚུན་མཐུན་སྦྱོར་བྱེད་པ་དང་། འཛུགས་སྐྲུན་གཞི་ཁྱོན་དང་ས་ཞིང་བཀོལ་སྤྱོད། བཟོ་སྐྲུན་ཁྱབ་ཚད། བཟོ་སྐྲུན་ཁྱད་ཆོས་བཅས་ལ་དོ་དམ་ནན་མོ་བྱེད་པ་དང་། འཛུགས་སྐྲུན་ལས་གཞིའི་ཁྲོད། ཁྱོན་ཡོངས་ནས་ཁོར་ཡུག་གི་ཤུགས་རྐྱེན་ལ་གདེང་འཇོག་དང་དུས་མཉམ་གསུམ་གྱི་ལམ་ལུགས་དངོས་འབེབས་བྱས་ཏེ། འབྱུང་ཁུངས་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་ཚོད་འཛིན་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

མུ་མཐུད་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་གྱིས་གོམ་གང་མདུན་སྤོས་སྒོས་སྲུང་སྐྱོབ་ཁུལ་གྱི་བསྐོར་ཞིབ་ཁྲིམས་འཛིན་ཤུགས་ཚད་ཇེ་དྲག་ཏུ་བཏང་བ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ལྗང་མདོག་གོ་ཆའི་བྱ་སྤྱོད་རྩ་འཛུགས་བྱས་ནས་སྤེལ་ཞིང་། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་ཕྱོགས་བསྡུས་བཅོས་སྐྱོང་མུ་མཐུད་དུ་སྤེལ་ཏེ། སྲུང་སྐྱོབ་ཁུལ་ནས་ཁྲིམས་དང་འགལ་ནས་ས་ཞིང་བཀོལ་སྤྱོད་དང་སྒྲིག་སྲོལ་དང་འགལ་ནས་འཛུགས་སྐྲུན་བྱེད་པ། རང་སྒེར་གྱིས་གནས་སྐོར་བདག་གཉེར་བྱེད་པ་སོགས་ཀྱི་བྱ་སྤྱོད་ལེགས་སྒྲིག་བྱས་པས། ཁྲིམས་ལྟར་དོ་དམ་བྱེད་པའི་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་།

མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤུགས་ཚད་སྔར་ལས་ཇེ་དྲག་ཏུ་གྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་མཐའ་བསྐོར་དུ་སྡོད་ཁུལ་གྱིས་མཉམ་དུ་དོ་དམ་བྱེད་པའི་རྐྱེན་སྲོལ་བཙུགས་པ་དང་། ཟབ་ཞུགས་རྣམ་པའི་ནུས་ཡོད་དོ་དམ་ཀྱི་འདུ་ཤེས་ལ་བརྟེན་ནས། མཚོ་སྔོན་པོའི་མཐའ་བསྐོར་གྱི་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་གནད་སའི་ས་ཁོངས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་རམ་འདེགས་པར་གདན་ཞུ་བྱས་པ་དང་། སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་པ་ཡིན་ལ་ས་གནས་མང་ཚོགས་ཀྱི་དྲིལ་སྒྲོག་པའང་ཡིན་པའི་ནུས་པ་འདོན་སྤེལ་བྱས་ཏེ། མཐའ་བསྐོར་གྱི་མང་ཚོགས་རྣམས་རང་འགུལ་ངང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པའི་བརྩོན་སེམས་སྐུལ་སྤེལ་བྱས།

《2018ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པ་ལྟར་ན།  2010ལོ་ནས2018ལོའི་བར། མཚོ་སྔོན་པོའི་བཞུར་རྒྱུན་གྱི་ཆུ་སྤུས་ལེགས་ཤིང་བརྟན་འཇགས་ཡིན་པ་དང་སྐྱེ་ཁམས་ཁོར་ཡུག་ཀྱང་ཇེ་བཟང་ནས་ཇེ་བཟང་ཡིན་པ་རེད།

ཉེ་ལམ། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་དང་ཀྲུང་གོ་ཚན་རིག་གླིང་ཆུ་སྐྱེས་སྐྱེ་དངོས་ཞིབ་འཇུག་ཁང་གིས《མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་དཔྱད་འཇོག་ཞིབ་འཇུག་འཐབ་ཇུས་མཉམ་ལས་གྲོས་མཐུན》བཀོད་པ་དེས། མཉམ་དུ་མཚོ་སྔོན་པོའི་རང་བྱུང་གི་མཛེས་ཉམས་སྲུང་སྐྱོབ་བྱས་ནས། དྭངས་གཙང་མཛེས་སྡུག་གི་རྣམ་པ་དེ་མཚོ་སྔོན་པོའི་དུས་གཏན་གྱི་མིང་བྱང་ཞིག་ཏུ་འགྱུར་བར་བྱེད་རྒྱུ་རེད།

སྐྱེ་ཁམས་ཀྱི་རྨང་གཞི་ལེགས་པོར་བརྟེན་ནས་ཉེ་ལམ་ང་ནི་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་དང་བླངས་པ་ཡིན་ཞེས་པའི་བྱ་སྤྱོད་སྤེལ་མགོ་བརྩམས་ཏེ། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་གཞིར་བཟུང་ཏེ། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བར་མ་ཟད།  མུ་མཐུད་དུ་ལྷིང་འཇགས་དང་འཆམ་མཐུན། མཛེས་སྡུག  སྐྱེ་ཁམས་དཔལ་ཡོན་བཅས་ཀྱི་མཚོ་སྔོན་པོ་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་མང་པོ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་དུ་ཞུགས་པར་ཁྲིད་སྟོན་བྱས་ཏེ། མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ལག་ལེན་དང་མཉམ་དུ་མཚོ་སྔོན་པོའི་ཆུ་དང་བྱ། ཉ་རིགས་བཅས་འཆམ་མཐུན་མཉམ་གནས་ཡོང་བའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱས། བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་སྒྲོག་ལག་དེབ་པར་འགྲེམ་བྱས་པ་དང་སྡེ་བ་དང་ཁྱིམ་ཚང་རེ་རེར་སོང་ནས་དྲིལ་སྒྲོག་བྱས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》དང《མཚོ་སྔོན་པོའི་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དྲིལ་སྒྲོག་བྱ་འགུལ་ནན་ཏན་སྒོས་སྤེལ་ཏེ། མཚོ་སྔོན་པོའི་མཐའ་བསྐོར་གྱི་འབྲོག་པ་མང་ཚོགས་ཀྱིས་རང་རྟོག་གིས་བཅའ་ཁྲིམས་བརྩི་སྲུང་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་།

དེའི་རྨང་གཞིའི་སྟེང་། ཤུགས་ཆེན་པོས་སྐྱེ་ཁམས་དྲིལ་སྒྲོལ་སློབ་གསོ་སློབ་གླིང་དུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ། རྒྱ་ཆེའི་ན་གཞོན་ལོ་ཆུང་རྣམས་ཡོངས་ཁྱབ་ཏུ་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་པར་མ་ཟད། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་རིགས་སོ་སོའི་ན་གཞོན་ལོ་ཆུང་རྣམས་ཀྱིས་ཕན་ཚུན་ལག་རྡང་སྦྲེལ་ནས་དུས་རབས་གསར་བའི་ལོ་ཆུང་ཁོར་སྲུང་པ་བྱེད་པའི་བྱ་འགུལ་སྟེ་མཚོ་སྔོན་པོའི་རང་བྱུང་སློབ་ཚན་གྱི་བྱ་གཟིགས་ཞིབ་འཇུག་སློབ་སྦྱོང་བྱ་འགུལ་སྤེལ།

དུས་མཚུངས་སུ་ད་དུང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་སློབ་གསོའི་རྟེན་གཞི་དང་རྒྱལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་སྡེ་ཁག་སོགས་སྟེགས་བུའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། བྱ་འགུལ་ཆེན་པོ་དང་དུས་ཆེན་གལ་ཆེན་སོགས་ལ་བརྟེན་ནས། ནང་དོན་ཕུན་སུམ་ཚོགས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་བྱ་འགུལ་སྤེལ་ཏེ། རྒྱུན་ཆད་མེད་པར་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱས། ད་ལྟ་སྲུང་སྐྱོབ་ཁུལ་གྱི་མིང་གྲགས་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱས་ཚད་ཆེས་ཆེར་ཇེ་མཐོར་སོང་བར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་འདུ་ཤེས་བརྟན་པོ་ཆགས་ཡོད།

ལོ་ཙཱ། སྒྲོལ་མ་སྐྱིད།