ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས(2019)》ཁྱབ་བསྒྲགས་བྱས། སྤྱི་བསྒྲགས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་ཀྱི་ནུས་པ་སྲ་བརྟན་དུ་ཕྱིན་པ། འབྱུང་ཡུལ་གྱི་ཆུ་གསོག་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར་བ། རྩྭ་སའི་ཁེབས་ཚད་དང་རྩྭའི་ཐོན་ཚད་ལོ་བཅུའི་སྔོན་དང་བསྡུར་ན་སོ་སོར11%དང30%ཡན་འཕར་བ། སྐྱེ་ཁམས་ཀྱི་གནས་ཚུལ་སྤྱི་ཡོངས་ནས་བརྟན་འཇགས་ཡིན་པ་བཅས་ཀྱི་རྣམ་པ་མངོན་ཡོད་པས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཆགས་སྟངས་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།
སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2019ལོའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིར་མངོན་གསལ་དོད་པོའི་ཕན་འབྲས་ཐོན་པས། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དུས་སྐབས་གཉིས་པའི་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས་ཁག15ལག་བསྟར་བྱས་ལ། ས་ནག་དང་བྱེ་ཐང་སྤྱི་ཆིང་ཁྲི་གཅིག་དང་སྟོང་བཞི་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཤིང་། ན་འདམ་སྤྱི་ཆིང་ཁྲི་གསུམ་དང་སྟོང་གསུམ་ལྷག་སྲུང་སྐྱོབ་བཅས་བྱས་ཏེ་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྤྱི་ཆིང་འབུམ་དྲུག་དང་ཁྲི་གཉིས་སྟོང་དྲུག་བདུན་བརྒྱ་སྔོན་འགོག་ཚོད་འཛིན་ལེགས་འགྲུབ་བྱུང་ཡོད། དེ་དང་ཆབས་ཅིག་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་དང་། ནགས་ལས་འཕེལ་རྒྱས་བཅོས་སྒྱུར། ཞིང་ལས་འཕེལ་རྒྱས། ཞིང་ལས་ཐོན་ཁུངས་ཁ་གསབ་སོགས་རིགས་ཁག་གི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་དགུ་དོན་འཁྱོལ་བྱས་པ་རེད།
སྤྱི་བསྒྲགས་ལས་མངོན་པ་ལྟར་ན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་སོགས་སྒྲིག་གཞིས་དཔྱད་དཔོག་བྱེད་སྐབས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་བྱས་ཤིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ་མཚོ་སྔོན་བཙུགས་པ་ནས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་མཚོ་སྔོན་གྱི་ཉམས་མྱོང་བསགས་པ་དང་། དངོས་སུ་འཛུགས་སྐྲུན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པའི་ངོས་འཛིན་བྱས་པ་རེད། སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་སྲུང་སྐྱོབ་དང་སླར་གསོ་སྔར་བས་ལེགས་པོ་བྱུང་བ་དང་། ཚོད་ལྟའི་ཁུལ་གྱི་སྡེ་ཁུལ་གྱི་གྲོང་མིའི་ཡོང་འབབ་བརྟན་བརླིང་ངང་འཕར་ལ། “ཁྱིམ་ཚང་རེར་ལས་གནས་རེའི”སྲིད་ཇུས་ལག་ལེན་དུ་བསྟར་བས། འབྲོག་པ་མང་ཚོགས་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ལ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་ནས། འཚོ་བའི་ཆུ་ཚད་རིམ་བཞིན་ཇེ་མཐོར་སོང་བ་རེད།
སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2019ལོར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཆེད་དོན་བཅོས་སྒྲིག་སོགས་ཆེད་དོན་བྱ་འགུལ་ཐེངས8སྤེལ་བ་དང་། རང་བྱུང་སྲུང་སྐྱོབ་ཁུལ་དང་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཀྱི་ས་ཁོངས61ལ་སྐོར་ཞིབ་བྱས་ཤིང་། རང་བྱུང་ཐོན་ཁུངས་ཀྱི་སྲིད་འཛིན་གྱོད་གཞིར་གཏོར་བརླག་བཏང་བའི་གྱོད་གཞི4ཐོ་འགོད་རྩད་ཞིབ་བྱས་པ་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཁོངས་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་མངོན་གསལ་དོད་པོས་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། ཚན་རྩལ་ཐད་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དཔེ་མཚོན་སྔོ་ཁེབས་རིགས་གསུམ་ལ་དམིགས་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་རྩྭ་ཐང་དང་། སྤང་ཐང་། ན་འདམ་ཅན་གྱི་སྤང་ལྗོངས་བཅས་ཡུན་རིང་ཚོད་ལྟའི་དཔེ་སྟོན་ཁུལ3བཙུགས་པ་དང་། དམར་ཕྱིའི་བརྒྱུད་ཚོར་སྒྲིག་ཆས་སྤྱད་དེ་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་གནས་སྟངས་ལ་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་བྱས་པ་རེད། །
《སྤྱི་བསྒྲགས》ལས་མངོན་པ་ལྟར་ན། 2019ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ལག་བསྟར་བྱས་པའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞིས་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དོད་པོས་ཇེ་ལེགས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ལས་གཞི་དེ་དག་ནང་ས་ནག་ཐང་མུའུ་ཁྲི་གཉིས་སྟོང་གཅིག་ཕྱོགས་བསྡུས་བཅོས་སྐྱོང་དང་། འདམ་རྭ་མུའུ་འབུམ་ལྔ་སྲུང་སྐྱོབ། རྩྭ་ས་མུའུ་ས་ཡ་དགུ་འབུམ་བཞི་ཡི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན། བྱེ་འགྱུར་ས་ཆ་མུའུ་ཁྲི་གཉིས་སྟོང་བདུན་འགོག་བཅོས་བྱེད་པ། ཕྱུགས་རྩྭ་མུའུ་ཁྲི་གཉིས་གསབ་འདེབས་བྱེད་པ་སོགས་ཚུད་ཡོད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ཕན་འབྲས་ཀྱི་དུས་མཚམས་རང་བཞིན་གྱི་ཕྱོགས་བསྡུས་དཔྱད་དཔོག་སྙན་ཞུའི་ནང་བསྟན་དོན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་ཚུལ་སྤྱི་ཡོངས་ནས་བརྟན་འཇགས་ཡིན་པའི་རྣམ་པ་མངོན་ཡོད།
2019ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་ལས་གཞིའི་རྣམ་གྲངས་ཀྱི་རིགས་ཆེན་པོ་ལྔ་ཡི་རྣམ་གྲངས15ལག་བསྟར་བྱས་པ་དང་ཆབས་ཅིག སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་དང་། ཕྱུགས་ལས་འཕེལ་རྒྱས། ཞིང་ལས་འཕེལ་རྒྱས། ཞིང་ལས་ཐོན་ཁུངས་ཁ་གསབ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཕེལ་རྒྱས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་དགུ་དོན་འཁྱོལ་བྱས་པ་དེས་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དོད་པོས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་ཆེན་པོ་བཏང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་པའི་ལས་གནས་ཁ་གསབ་ཀྱི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་དོན་འཁྱོལ་བྱས་ནས་དུས་ཐོག་ཏུ་སྤྲད་ཡོད།
2020ལོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་དང་། རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་གཉིས་པ། “སའི་གོ་ལའི་སྲུང་སྐྱོང་པའི་བྱ་དགའི”རེ་ཞུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། འབྱུང་རྩའི་འགན་འཁྲི་ལག་བསྟར་དང་འབྱུང་རྩ་ནས་ལེགས་སྐྱེས་ཕུལ་ཏེ་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་པར་འགན་ལེན་བྱ་རྒྱུ་རེད།
གཞན་ཡང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2005ལོར་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པའི་ཚུན་ལ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་ཉིས་བརྒྱ་བཅུ་གཉིས་ བཏང་ནས། སྔ་རྗེས་སུ་རིགས་ཆེ་གྲས་གསུམ་གྱི་ལས་གཞི30ལག་བསྟར་བྱས་པ་རེད། 2019ལོར་གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་དགུ་དང་བརྒྱད་བརྒྱ་ལྷག་ཏུ་འཕར་ཡོད་པ་དང་། 2005ལོ་ལས་ལྡབ་བཞི་ཡས་མས་ཟིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཕན་འབྲས་ཐོག་མར་མངོན་ཡོད།
གཙང་གསུམ་འབྱུང་ཡུལ་ནི་མཚོ་བོད་མཐོ་སྒང་གི་དཀྱིལ་དབུས་སུ་གནས་པ་དང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས“གཙང་གསུམ་ཆུ་འགོ”ཟེར། དེ་ནི་ཀྲུང་གོའི་ཚྭ་མེད་ཆུའི་ཐོན་ཁུངས་མཁོ་སྤྲོད་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་ཐ་ན་ཨེ་ཤ་ཡའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད།
ཤེས་རྟོགས་བྱུང་བ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པའི་ལས་གཞི་ལག་བསྟར་བྱས་པའི་ཚུན་ལ། གཙང་གསུམ་འབྱུང་ཡུལ་དུ་ནགས་ཚལ་ཁྱབ་ཚད་4.8%ནས་7.43%བར་མཐོར་འདེགས་བྱུང་བ་དང་། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་73%ནས་75%བར་མཐོར་འདེགས་བྱུང་བ། རྩྭ་ཐང་ཞན་འགྱུར་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་གཉིས་དང་སུམ་བརྒྱ་ལྷག་ཇེ་ཉུང་དུ་ཕྱིན་པ། བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱས་ཚད་45%ནས་47%བར་མཐོར་འདེགས་བྱུང་ཡོད་པ་རེད། ཆུ་ཁུངས་གསོ་སྐྱོང་གི་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཆིག་བརྒྱ་གོ་བདུན་ལྷག་ནས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཉིས་བརྒྱ་བཅུ་གཅིག་ལྷག་ཏུ་མཐོར་འདེགས་བྱུང་བ་དང་། 2005ལོ་ནས་2012ལོའི་བར་དུ་ལོ་རེར་ཆ་སྙོམས་ཀྱིས་ཕྱི་ཁོངས་སུ་གཏོང་ཚད་ལས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ང་དགུ་ལྷག་འཕར་སྣོན་བྱུང་བ་དང་། ས་ངོས་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད་ཇེ་མཐོར་ཕྱིན་པ་དང་། ལྟ་ཞིབ་ཚད་ལེན་བྱས་པ་ལས་ཆུའི་སྤུས་ཚད་རིགས་གཉིས་པ་ཡན་ཏུ་བསླེབས་ཡོད། འདམ་རའི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་གཙོད་དང་། དགོ་བ། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ས་ཁོངས་ཀྱི་སྐྱེ་ཁམས་བརྟན་པོའི་ངང་སླར་གསོ་བྱུང་ནས་སྲུང་སྐྱོབ་ལ་ཕན་འབྲས་ཐོག་མར་མངོན་ཡོད་པ་རེད།
ད་ལྟ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕན་འབྲས་རྒྱུན་མཐུད་ངང་ཐོན་བཞིན་པ་དང་། སྐྱེ་ཁམས་ཀྱི་ལེགས་ཆ་རིམ་བཞིན་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བཞིན་ཡོད། གཙང་གསུམ་འབྱུང་ཡུལ་གྱི་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། མང་ཚོགས་རང་རྟོགས་ངང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ཁྲོད་ཞུགས་པའི་སྤྲོ་སེམས་དང་ཧུར་སེམས་ཇེ་ཆེར་ཕྱིན་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།