མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་བཅུ་དགུ་ཡོད།
2020.03.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 25

 མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2019ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་བརྒྱད་འབུམ་གཅིག་ཁྲི་བཞི་ལྷག་ཟིན་པ་དང་། རྒྱལ་ཡོངས་ཀྱི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི15.19%ཟིན་ནས་ཨང་དང་པོར་སླེབས་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་བྱེད་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དམིགས་ཚད་དཔྱད་ཞིབ་ཁྲོད་བཞག་ནས་བརླན་ས་སྲུང་སྐྱོབ་ཐད་མ་དངུལ་གཏོང་ཚད་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་ཏེ། མཚོ་སྔོན་དུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་བཅུ་དགུར་བསླེབས་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་བརླན་སའི་སྲུང་སྐྱོབ་མ་ལག་འཛུགས་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་གི་ནང་མཚེའུ་དང་། ཆུ་བོ། ན་འདམ། མིས་བཟོས་བརླན་ས་བཅས་རིགས་ཆེན་པོ་བཞི་ཚུད་ཡོད། སྲིད་འཛིན་ས་ཁོངས་ནས་བལྟས་ན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བརླན་སའི་རྒྱ་ཁྱོན་ཆེ་ཤོས་ཡིན་ཏེ་སྤྱི་ཆིང་ས་ཡ་གསུམ་འབུམ་བརྒྱད་ཙམ་ཟིན་ཡོད། སྐྱེ་ཁམས་བྱེད་ནུས་ཁུལ་ནས་བལྟས་ན། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་བརླན་སའི་རྒྱ་ཁྱོན་ཆེས་ཆེ་བ་སྟེ་སྤྱི་ཆིང་ས་ཡ་བཞི་འབུམ་གཅིག་ཁྲི་དྲུག་ལྷག་ཟིན་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་ཅུས་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་བརླན་ས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་དང་། བརླན་སའི་སྤྱི་གླིང་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་སྤེལ་བཏང་ནས། རྒྱལ་ཁབ་སྤྱི་གླིང་གིས་གཙོ་གཞི་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱིས་རྨང་གཞི་བྱས་ཤིང་། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱས་པའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་གྱི་རྟེན་གཞི་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི“ཚེ་སྲོག་ཐུན་མོང་གཅིག་འདུས”གཞི་རྩར་བྱས་ནས་རང་བྱུང་སླར་གསོ་དང་མི་ཐབས་ལ་བརྟེན་ནས་ཉམས་གསོ་བྱེད་པ་མཉམ་འཛིན་བྱེད་པའི་བྱ་ཐབས་སྤྱད་དེ། བརླན་སའི་སྐྱེ་ཁམས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལའདེད་བཏང་བ་དང་རྒྱལ་ཡོངས་ཀྱི་བརླན་སའི་ཞིང་ཆེན་དང་པོའི་སྐྱེ་ཁམས་གནས་བབ་སྲ་བརྟན་དང་མཐོར་འདེགས་བཏང་ཡོད།

རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་ཞིང་ཆེན་གྱིས་བརླན་ས་དོ་དམ་དང་སྲུང་སྐྱོབ་བྱ་ཐབས་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་། བརླན་སའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་གྱི་ནུས་པ་དང་སྲུང་སྐྱོབ་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་ཕན་འབྲས་བཟང་བོ་ཐོབ་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བརླན་སའི་སྤྱི་གླིང19ཡི་ནང་སྤྱི་གླིང10ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། རྒྱལ་སྤྱིའི་བརླན་ས་གལ་ཆེན3དང་རྒྱལ་ཁབ་རིམ་པའི་བརླན་ས་གལ་ཆེན17། ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན32བཅས་དཔྱད་ཞིབ་ཡར་ཞུ་བྱས་ཡོད་པས་བརླན་ས་སྲུང་སྐྱོབ་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་ལྔ་འབུམ་གཉིས་ཁྲི་གསུམ་ལྷག་ཟིན་ཡོད།

བརླན་སའི་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོབ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ས་ཁོངས་ཀྱི་སྐྱེ་ཁམས་གནས་ཚུལ་ལེགས་བཅོས་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་བྱེད་ཚད65%ཡན་ཟིན་རྒྱུ་རེད།

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་ཐད་ལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་།

ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རིག་གནས་ཡུལ་སྐོར་ཇེ་མཐོར་གཏོང་བའི་ལས་གཞི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ལ2020ལོར་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱས་པ་རེད།

རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཟུང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་འཁུར་བའི་ཞིང་ཆེན་ཐོག་མ་ཡིན་པའི་ངོས་ནས། 2017ལོར་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཆེད་དོན་ལས་གཞི་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་སྔོན་རྩིས་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར་བཅུ་དང་བྱེ་བ་དྲུག་ས་ཡ་དྲུག་བརྩོན་ལེན་བྱས་ཤིང་། དེའི་ནང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ས་ཡ་དྲུག་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་གཞིར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་བཏང་སྟེ།  སྔ་རྗེས་སུ་སྐྱེ་ཁམས་མ་ལག་དང་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོབ། ལྟ་ཞིབ་སྲུང་སྐྱོབ། ཚན་རིག་ཁྱབ་གདལ། རྨང་གཞིའི་སྒྲིག་བཀོད་སོགས་འཛུགས་སྐྲུན་ལས་གཞི35ལག་བསྟར་བྱས་པ་རེད། ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཚོད་ལྟའི་ས་ཁོངས་ནང་གི་སྲུང་སྐྱོབ་བེད་སྤྱོད་ཀྱི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་ནས། 2020ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུར་འགན་ལེན་བྱས་པ་དང་ཆབས་ཅིག འདྲ་བཤུས་ཆོག་པ་དང་དཔྱད་གཞིར་འཛིན་ཆོག་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་མ་ལག་ཆགས་རྒྱུར་ཡང་རྨང་གཞི་བརྟན་པོ་བཏིང་བ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།