གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ཇེ་བཟང་དུ་འགྲོ་བཞིན་ཡོད།
2020.03.19 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 36

 ཉེ་ལམ། གསར་འགོད་པས་ཀྲུང་གོ་ཚན་རིག་གླིང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་ནས་ཤེས་བ་ལྟར་ན། མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི2019ལོའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལས།  གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཁོངས་དང་དེ་མིན་ཉེ་འཁོར་ས་ཁོངས་སྤྱིའི་ཆ་ནས་ཇེ་དྲོ་དང་། བརླན་འགྱུར། སྔོ་ལྗང་བཅས་སུ་འགྱུར་བ་དང་། སྔོ་ཁེབས་ཀྱི་ཐོན་སྐྱེད་ནུས་ཤུགས་བརྟན་ཆགས་སུ་འགྲོ་བ། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་ནས་སྐྱེ་ཁམས་ཞབས་ཞུའི་ནུས་པ་རིམ་བཞིན་ཆེ་རུ་འགྲོ་བཞིན་པ་ཤེས།

མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྔོ་ཁེབས་ཐོན་སྐྱེད་ནུས་ཤུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི་ལག་ལེན་དུ་བསྟར་རྗེས་ཀྱི2005ལོ་ནས2012ལོའི་བར་གྱི་ལོ་བརྒྱད་དང་། ལས་གཞི་ལག་ལེན་དུ་མ་བསྟར་སྔོན་གྱི1988ལོ་ནས2004ལོའི་བར་གྱི་ལོ་བཅུ་བདུན་གྱི་ཆ་སྙོམས་སྐྱེ་དངོས་ཀྱི་ཚད30.31%ཇེ་མཐོར་ཕྱིན་པ་དང་། 2012ལོའི་རྗེས་ཀྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ས་ཁོངས་ཀྱི་རྩྭ་རའི་སྐྱེ་དངོས་ཀྱི་ཚད་རྒྱུན་མཐུད་ངང་ཇེ་མཐོར་ཕྱིན་པ་མ་ཟད་བརྟན་བརླིང་དུ་གྱུར་ཡོད།

འཁོར་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁུལ་གྱི་སྲུང་སྐྱོབ་ཁུལ་གཙོ་བོའི་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་དང་སྟོང་གསུམ་གྱི་ཁྱབ་ཁོངས་ནང་གཙོད་དང་། དགོ།  རྐྱང་བཅས་ཀྱི་གྲངས་འབོར་སོ་སོ་རིམ་པ་བཞིན་ཁྲི་གསུམ་དང་སྟོང་བདུན་དང་། ཁྲི་གསུམ་དང་སྟོང་བཞི། ཁྲི་གཅིག་དང་སྟོང་བདུན་བཅས་སུ་སླེབས་ཡོད་པས། མིའི་ཐབས་ལ་བརྟེན་ནས་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྱུ་ཚོགས་ལས་ཆ་སྙོམས་ཀྱིས་མཐོ་བ་རེད།

ཀྲུང་གོ་ཚན་རིག་གླིང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་རིག་གཞུང་ཡོན་ཀྲང་ཀྲའོ་ཞིན་ཆོན་གྱིས་བཤད་རྒྱུར། “ཚན་རིག་རྟོག་ཞིབ་བྱེད་པའི་རིང་ཚན་ཞིབ་མི་སྣས་ཨ་ཆེན་གངས་རྒྱབ་ནས་སྤྱང་ཀི་དྲུག་ལས་གྲུབ་པའི་སྤྱང་ཁྱུའི་འགུལ་སྐྱོད་བྱེད་པའི་པར་ཐོག་མར་བླངས་པ་མ་ཟད། ད་དུང་ཝ་མོས་བྱི་བ་དང་རི་བོང་འཛིན་པའི་པར་རིས་ཀྱང་ཆ་ཚང་ཟིན་ཐོར་བཀོད་ཡོད། གཙོད་ཀྱིས་གཟན་འཚོལ་བའི་པར་རིས་མང་དུ་ཕབ་སྐྲུན་བྱས་ཡོད་པས། དཔྱད་གཞི་རྩ་ཆེན་དེ་དག་ལས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ནུས་ཡོད་སྒོས་སླར་གསོ་བྱུང་བའི་ཚན་རིག་ཞིབ་འཇུག་གི་རིན་ཐང་ཅུང་ཆེན་པོ་ལྡན་ཡོད་ཟེར།

དེ་དང་ཆབས་ཅིག་སྐྱེ་ཁམས་བྱ་དགའི་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་སོགས་སྲིད་ཇུས་བྱེད་ཐབས་ཀྱི་ཁྲིད་སྟོན་འོག མིའི་རིགས་ཀྱི་བྱེད་སྒོས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འགོག་རྐྱེན་ཡང་རིམ་བཞིན་ཇེ་ཆུང་དུ་བཏང་ཞིང་། ཚན་ཞིབ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་ས་ངོས་ར་སྤྲོད་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་ ཀྱི་ཕྱུགས་རིགས་ཀྱི་གནོན་ཤུགས་མངོན་གསལ་དོད་པོས་ཇེ་ཆུང་དུ་ཕྱིན་པ་དང་། 2003ལོ་ནས2012ལོ་བར་གྱི་ཆ་སྙོམས་ཕྱུགས་རིགས་ཀྱི་གནོན་ཤུགས་སྟོན་གྲངས1988ལོ་ནས2002ལོའི་བར་གྱི་ལོ15ཡི་ཆ་སྙོམས་ཕྱུགས་རིགས་ཀྱི་གནོན་ཤུགས་སྟོན་གྲངས36.1%གིས་མར་ཆག་ཡོད་ལ། ཚན་རིག་རྟོག་ཞིབ་ཚོགས་པས་ཕྱུགས་རིགས་ཇེ་ཉུང་དུ་བཏང་བ་དེས་རྩྭ་སའི་ཕྱུགས་རིགས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་། ས་ཁོངས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ། གནམ་གཤིས་འགྱུར་ལྡོག་བཅས་ལ་ཐད་ཀའི་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད།

“ཀྲུང་ཧྭའི་ཆུ་མཛོད”ཞེས་པའི་གཙང་གསུམ་འབྱུང་ཡུལ་ནི་འཛམ་གླིང་གི་ས་བབ་མཐོ་བའི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན། ས་གནས་དེའི་སྲིད་གཞུང་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག ས་དེའི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཚན་རིག་རྟོག་ཞིབ་ཞིབ་འཇུག་གི་གྲུབ་འབྲས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྔར་བཞིན་སྟོངས་ལ་ཉེ་བའི་གནས་སུ་གྱར་ནས་རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ་དང་། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རྩྭ་ས་ཞན་འགྱུར་འགོག་བཅོས་བཅས་དང་དེ་བཞིན་སྐྱེ་ཁམས་ཁུལ་གཏོར་བརླག་ལ་བཅོས་སྒྲིག་དང་སྔོན་འགོག་བྱ་རྒྱུ་ནི་སྔར་བཞིན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་གནད་འགག་ཏུ་གྱུར་ཡོད།

གཞན་ཡང་། ཀྲུང་གོའི་སྐམ་སའི་མཚེའུ་ཆེ་ཤོས་ཡིན་པའི་ངོས་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཀྱིས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཆུའི་མ་ལག་གལ་ཆེན་དང་། ནུབ་རྒྱུད་བྱེ་ཐང་ཅན་དུ་འགྱུར་བ་དེ་ཤར་རྒྱུད་དུ་མཆེད་པར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་དང་། ནུབ་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་བྱ་ཡུལ་གལ་ཆེན་བཅས་ཡིན་པ་མ་ཟད། ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ཤར་མའི་དུས་བྱ་གནས་སྤོའི་ལམ་ཐིག་གཉིས་ཀྱི་འབྲེལ་མཚམས་ཤིག་ཀྱང་ཡིན་པས།  གནའ་ནས་ཀྲུང་གོའི་ནུབ་བྱང་རྒྱུད་ཀྱི“གནམ་གཤིས་སྙོམས་སྒྲིག་ཡོ་བྱད”དང“མཁའ་རླུང་བརླན་ཆས”མཚོ་བོད་ས་མཐོའི་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་ཅེས་པའི་མཚན་སྙན་ཡོད།

མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བརླན་སའི་རྒྱ་ཁྱོན་རིམ་རྩིས་བྱས་ན་སྤྱི་ཆིང་ཁྲི་གཅིག་དང་སྟོང་ལྔ་ཆིག་བརྒྱ་འཕར་བ་དང་། སྔོ་ཁེབས་ཚད13.5%འཕར་བ། མཚོ་སྔོན་པོའི་སྐྱེ་ཁམས་བྱེད་ནུས་ཧྲིལ་པོ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ཆབས་ཅིག  སྲུང་སྐྱོབ་ཁུལ་གྱི་བྱེ་འགྱུར་ས་ཆ་དང་། བ་ཚྭ་ཅན་སོགས་ཀྱི་ས་ཆའི་རྒྱ་ཁྱོན་རིམ་རྩིས་བྱས་ན་སྤྱི་ཆིང་སྟོང་བདུན་དང་བདུན་བརྒྱ་སོ་དྲུག་ཇེ་ཉུང་དུ་ཕྱིན་པ། སྲུང་སྐྱོབ་ཁུལ་གྱི་བྱེད་ནུས་བེད་སྤྱོད་པའི་ས་ཆ་ལོ15ཡི་རིང་ལ་འགྱུར་ལྡོག་མེད་པ་རྒྱུན་འཁྱོངས་བྱས་ཡོད་པ་རེད།

སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། མཚོ་སྔོན་པོའི་ས་ཁོངས་ཀྱི་འདབ་ཆགས་རིགས1996ལོའི་ཆིག་བརྒྱ་རེ་བཞི་ནས་མིག་སྔའི་ཉིས་བརྒྱ་ཉེར་ལྔའི་བར་ཇེ་མང་དུ་ཕྱིན་པ་དང་། མཚོ་སྔོན་པོའི་ཆུ་ཁ་ལོ15རིང་བསྟུད་མར་འཕར་ཏེ། 2019ལོར་ཆུ་ཁ་སྨི་སྟོང་གསུམ་ཆིག་བརྒྱ་གོ་དྲུག་ལྷག་ཟིན་པ་དང་དེ་ནི2004ལོའི་ཆུ་ཁ་ལས་སྨི་གསུམ་དང་གྲངས་ཆུང་ཉེར་བདུན་འཕར་བ་དང་། 2019ལོར་མཚོ་སྔོན་པོའི་ཆུ་ཁའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་ལྔ་བརྒྱ་ཞེ་དགུ་ལྷག་ཟིན་པ་དང་། དེ2004ལོའི་དུས་མཚུངས་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ་སུམ་བརྒྱ་ལྷག་ཇེ་མང་དུ་ཕྱིན་ཡོད།

ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། མཚོ་སྔོན་པོའི་མཛུབ་སྟོན་རང་བཞིན་གྱི་དངོས་རིགས་མང་པོ་རིམ་བཞིན་ཇེ་མང་དུ་ཕྱིན་པ་དང་། བརླན་སའི་འགག་རྩའི་རང་བཞིན་གྱི་སྲོག་ཆགས་ཏེ་མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི་དགུ་དང་སྟོང་གསུམ་ཟིན་ཞིང་། དེ་ནི2002ལོ་ལས་ལྡབ35.87འཕར་ཡོད། མཚོ་སྔོན་པོའི་སྟོངས་ལ་ཉེ་བའི་དགོ་བའི་རིགས་སུམ་བརྒྱ་ལྷག་ཙམ་ནས་སྟོང་གཉིས་ལྷག་ཙམ་ཇེ་མང་དུ་ཕྱིན་པ་དེ་ནི་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ལོ་རྒྱུས་ཀྱི་མཐོ་ཤོས་སུ་སླེབས་ཤིང་། ཁྲུང་ཁྲུང་སྐེ་ནག40ནས130ལྷག་ཙམ་བར་ཇེ་མང་དུ་ཕྱིན་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།