རྨ་ལྷོས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་དཔེ་བཏོད་པ།
2020.04.30 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 20

ཉམས་ཞན་དུ་གྱུར་བའི་རྩྭ་ས་མུའུ་འབུམ་གསུམ་ཁྲི་གསུམ་ལ་བཅོས་སྐྱོང་བྱས་ཏེ། རྩྭ་ཐང་གི་ཕྱོགས་བསྡུས་སྐྱེས་དངོས་ཁེབས་ཚད66%ལ་བསླེབས། རྒྱལ་ཁོངས་ས་ཞིང་མུའུ་འབུམ་དྲུག་ཁྲི་དྲུག་ལྷག་ལྗང་སྒྱུར་བྱས་པ་དང་སྔ་ཕྱིར་བསྡོམས་པས་རྒྱལ་ཁོངས་ས་ཞིང་མུའུ་ས་ཡ་གཅིག་འབུམ་བཞི་ཁྲི་གསུམ་ལྷག་ལྗང་སྒྱུར་བྱས་ཞིང་། ནགས་ཚལ་གྱི་ཁེབས་ཚད19.32%ཇེ་ཆེར་སོང་ཡོད།

གཅན་ཚ་རྫོང་“རྒྱལ་ཡོངས་ལྗང་སྒྱུར་དཔེ་སྟོན་རྫོང”ལ་བདམས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔྱད་འཇོག་མཇུག་འབྲས་ལ་སྐར་མ82.71ཐོབ་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་གྱུར།

2019ལོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ཏན་ཏན་ཏིག་ཏིག་བཞི”ཡི་སྒོ་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་དགའ་འོས་པའི་གྲུབ་འབྲས་བླངས།

ལོ་ངོ་སྟོང་ཕྲག་དུ་མར་རྨ་ཆུའི་འབབ་རྒྱུད་དུ་ཆགས་པའི་རྨ་ལྷོ་ནི་གཡུ་ལོ་རྣམ་པར་རྒྱས་པའི་རྩི་ཤིང་དང་། ནམ་མཁའི་སྐར་ཚོགས་བཞིན་བཀྲ་བའི་ཆབ་ཆུ། མུ་ཏིག་ས་ལ་འཐོར་འདྲའི་ལུག་ཁྱུ། ལོ་ལེགས་འབྲུ་རིགས་འཕེལ་བའི་ཞིང་ས་སོགས་ཕུན་ཚོགས་དགེ་ལེགས་འབྱུང་བའི་ས་ཆ་ཁྱད་པར་བ་ཞིག་ཡིན་ལ། ལྷག་པར་དུ་འདི་ལྟ་བུའི་རྨ་ཆུ་འགྲམ་ངོགས་ཀྱི་ཡུལ་བབ་ལ་གནའ་ནས་ད་བར་དུ་གསེར་གཞོང་ཕྱུག་མོ་ཞེས་པའི་མཚན་སྙན་ཡོད།

ཟླ4ཚེས16ཉིན། རྨ་ལྷོ་ཁུལ་གྱིས་རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་སྐུལ་སློང་གཟེངས་བསྟོད་ཚོགས་འདུ་བསྡུས།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། རྨ་ལྷོའི་འཕེལ་རྒྱས་སྐྱོན་བྲལ་གྱི“ལྗང་མདོག་གི་ལེའུ”བརྩམ་ཆེད། རྨ་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གི“ཚོགས་གཙོ་ཟུང”གི་ལམ་ལུགས་སྟེ་འགོ་ཁྲིད་ཀྱི་རྐྱེན་སྲོལ་ལམ་ལུགས་དང་སྲིད་གཞུང་གི་ལྗང་སྒྱུར་དམིགས་འབེན་འགན་འཁྲི་ལམ་ལུགས་བཙུགས་ཏེ། བསྟུད་མར་ལོ་གསུམ་ནང་ཁུལ་ཡོངས་ནས་ཚད་གཞི་མཐོ་ཤོས་ཀྱི་ལྗང་སྒྱུར་སྐུལ་སློང་ཚོགས་འདུ་བསྡུས་ནས་བྱ་བར་སྐུལ་འདེད་དང་ཤུགས་སྣོན་བྱས། རིམ་པ་སོ་སོའི་་སྲིད་གཞུང་གིས་ལྗང་སྒྱུར་དམིགས་འབེན་གྱི་འགན་འཁྲི་ཡི་གེར་གྲོས་ཆིངས་རིམ་པ་བཞིན་བཞག་ཅིང་། རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་གྱི་ལས་འགན་རིམ་བགོས་བྱས་ནས་ལྗང་སྒྱུར་ལས་གཞི་དང་། མ་དངུལ། ས་ཞིང་དང་ཆུ་བཀོལ་སྤྱོད། བགྲོད་ལམ་བདག་སྐྱོང་སོགས་ཀྱི་ཞབས་ཞུ་འགན་སྲུང་ལ་གཞི་བཅོལ་ཏེ། འོས་འགན་སྡོང་འཛུགས་ཀྱི་ཁྲིམས་བཀོད་རང་བཞིན་དང་མང་ཚོགས་རང་བཞིན། སྤྱི་ཕན་རང་བཞིན་ལ་སྤྱི་ཚོགས་ཡོངས་ཀྱི་ཁས་ལེན་ཐོབ།

ལོ་རེའི་དཔྱིད་ཀར་འོས་འགན་སྡོང་འཛུགས་ཀྱི་ལས་འགུལ་ཆེན་པོ་སྤེལ་ནས་དམངས་ཡོངས་འོས་འགན་སྡོང་འཛུགས་ཁྲོད་ཞུགས་པའི་ཚ་རླབས་འཕྱུར། ལོ་གསུམ་རིང་ལ། རྨ་ལྷོ་ཁུལ་གྱིས་སྔ་གཞུག་ཏུ་སྡོང་ཕྲུག་ས་ཡ་གཉིས་འབུམ་བརྒྱད་ཁྲི་ལྔ་བཙུགས་ཤིང་། ལོ་རེར་ཆ་སྙོམས་ཀྱིས་སྡོང་ཕྲུག་འབུམ་དགུ་ཁྲི་ལྔ་བཙུགས་ནས95%ཡན་གྱི་ལས་འགན་ཡོངས་འགྲུབ་བྱས་པ་དང་། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་དུ་མཉམ་འཛིན་མཉམ་སྐྱོང་དང་། རྡོག་རྩ་གཅིག་སྒྲིལ། མཉམ་ཞུགས་མཉམ་ཤུགས་བཏོན་ནས་སྐྱེ་ཁམས་འཛུགས་སྐྱོང་གི་རྣམ་པ་གསར་པ་ཆགས་ཡོད།

སྐྱེ་ཁམས་དཔལ་ཡོན་ལག་ལེན་གྱི་ཁྲོད་དུ་རྨ་ལྷོ་ཁུལ་གྱིས་བྱང་གསུམ་ནགས་སྲུང་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ། བྱེ་འགོག་བྱེ་བཅོས་སོགས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ལས་གཞི་གཙོ་བོར་དམིགས་ཏེ། འཛུགས་སྐྲུན་གྱི་གྲུབ་འབྲས་ཇེ་བརྟན་དང་ལྗང་སྒྱུར་ནགས་སྐྲུན་གྱི་ཚད་གཞི་དང་རྒྱུ་སྤུས་ཇེ་མཐོར་བཏང་ནས་ས་མུའུ་འབུམ་གཉིས་ཁྲི་བརྒྱད་ལྷག་ལ་ནགས་བཏབས།  གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བྱས་ཏེ་ནགས་ཚལ་འདེབས་འཛུགས་དང་། རི་བཀག་ནགས་གསོ་སོགས་ཀྱི་བྱེད་ཐབས་བཏོན་ནས་རྩྭ་དང་རྩི་ཤིང་སླར་གསོ་དང་མངའ་ཁོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཇེ་ཆེར་བཏང་བ་དང་། ས་མུའུ་འབུམ་གསུམ་ཁྲི་གཅིག་ལྷག་ལ་ནགས་བཏབས་ནས་མངའ་ཁོངས་ཀྱི་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་།

“གྲངས་ཀ་དང་རྒྱུ་སྤུས་གཉིས་ལས་རྒྱུ་སྤུས་རྨང་གཞིར་བཟུང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཁུལ་ཡོངས་ཀྱི་ནགས་ཚལ་མུའུ་འབུམ་གཉིས་ཁྲི་ལྔ་ལྷག་གི་རྒྱུ་སྤུས་ཇེ་ལེགས་སུ་བཏང་བ་དང་། རང་བྱུང་གི་ནགས་ཚལ་དང་འདེབས་འཛུགས་ནགས་ཚལ་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་ལེགས་པོ་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་ནགས་ཚལ་གཏན་འཇགས་དང་སྐྱོན་བྲལ་ངང་ནས་ཆགས་པར་སྐུལ་སྤེལ་བྱས་པས་ནགས་ཚལ་གྱི་རྒྱུ་སྤུས་དང་། ནགས་སའི་ཐོན་སྐྱེད་ནུས་ཤུགས། ཕྱོགས་བསྡུས་ཕན་ནུས་བཅས་ཇེ་མཐོར་སོང་།

ཕྱིན་ཆད་རྨ་ལྷོ་ཁུལ་གྱི་ནགས་རྩྭའི་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁོངས་ས་ཞིང་གི་བར་སྟོང་ལྗང་སྒྱུར་དང་། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ། ཐོན་ལས་མཐོར་འདེགས་ནུས་ལྡན་ཡོང་བ་གནད་སར་བཞག་ནས།  ཧུར་ཐག་གིས་སྐྱེ་ཁམས་ཀྱི་ས་ཁོངས་གཙོ་བོའི་རྒྱལ་ཁོངས་ས་ཞིང་གི་ལྗང་སྒྱུར་ལ་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ལྗང་སྒྱུར་གྱི་ལས་དོན་མགྱོགས་པོར་སྤེལ་ནས་ནགས་དང་རྩི་ཤིང་གི་ཐོན་ལས་གོང་སྤེལ་ལ་ཤུགས་སྣོན་བྱེད་པ་དང་། རྩི་ཤིང་འདེབས་འཛུགས་ནས་ལྗང་ལོ་སྨིན་པའི་བར་གྱི་སྲུང་སྐྱོབ་ལས་སྒོ་དང་། ནགས་རྩྭའི་སྤུས་ཚད་མཐོར་འདེགས་ཀྱི་ལས་སྒོ། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་ལས་སྒོ། ནགས་རྩྭའི་ཐོན་ལས་དམངས་ཕྱུག་འབབ་འཕར་ཡོང་བའི་ལས་སྒོ། ལྗང་མདོག་གི་ཁྱིམ་གཞིས་གསར་འཛུགས་ལས་སྒོ་སོགས་ལག་བསྟར་བྱས་ནས་ལོ་གསུམ་ནང་དུ་རྒྱལ་ཁོངས་ས་ཞིང་མུའུ་འབུམ་བརྒྱད་ཁྲི་གཉིས་ལྷག་ལྗང་མདོག་ཏུ་བསྒྱུར་རྒྱུ་མ་ཟད། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་སྐྱེ་ཁམས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་ནས“ལྗང་མདོག་གི་རྨ་ལྷོ”འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་སྐུལ་སློང་གཟེངས་བསྟོད་ཚོགས་ཆེན་འཚོགས་རྗེས་སུ། ཁུལ་དང་རྫོང་གི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་ལས་དོན་ལས་ཁུངས། མི་དམངས་ཚོགས་པ། སྤྱི་ཚོགས་ལས་རིགས་སོ་སོའི་མང་ཚོགས་ཀྱིས་རོང་བོ་གྲོང་རྡལ་སྐུ་ལྷ་ཐང་གི་སྡོང་རའི་ས་མུའུ་ས་ཡ་ལྔ་རུ་སྡོང་ཕྲུག་ཁྲི་ལྔ་སྟོང་ལྔ་ལྷག་བཙུགས།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་། རྒྱལ་ཁོངས་ས་ཞིང་གི་བར་སྟོང་ལྗང་སྒྱུར། སྐྱེ་ཁམས་སླར་གསོ། ཐོན་ལས་སྤུས་ཚད་མཐོར་འདེགས་གཙོ་བྱས་རྨ་ལྷོའི་ལྗང་མདོག་གི་མིང་བྱང་བཏོད་པ་ལ་སྐྱེ་ཁམས་གསར་སྐྲུན་གྱི་དགེ་མཚན་ལེགས་པོ་མངོན་ཞིང་།  གྲུབ་འབྲས་ཚང་མའི་ཡིན་པའི་སྐྱེས་འབུལ་སྙིང་སྟོབས་དང་། སྔར་མེད་སྤྲོ་སེམས་ཀྱི་འདུན་པ་ཆེན་པོ་བཅིངས་ནས་རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་དང་། ཁྱིམ་གཞིས་ལེགས་བསྐྲུན། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རྨ་ལྷོའི་བྱས་རྗེས་བཞག་ཡོད་ཅེས་རྨ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲིང་གིས་དེ་ལྟར་བཤད་བྱུང་།

དཔྱིད་ཀར་སྤེལ་བའི་ཁུལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རེ་བ་ཆེན་པོ་བཅངས། དེ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་ལ། དེ་ལས་ཀྱང་ལྗིད་ཏིག་ཏིག་གི་ཆབ་སྲིད་ཀྱི་ཁག་ཁུར་ཤིག་ཀྱང་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་ལ། རྨ་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་གིས“སྲུང་སྐྱོབ་ནི་འཕེལ་རྒྱས་ཡིན་ལ་འཛུགས་སྐྲུན་ཡང་ཡིན”ཞེས་པའི་བསམ་བློར་བརྟེན་ནས་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོབ་བཟང་པོ་བྱས། སྐྱེ་ཁམས་ལྗང་སྒྱུར་གྱི་ས་ཁོངས་ཚན་རིག་དང་མཐུན་པའི་དབྱེ་མཚམས་ཕྱེས་པ་དང་ཆབས་ཅིག  རྩེ་ཁོག་རྫོང་དང་ཧི་ནན་རྫོང་སོགས་ཀྱི་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་ནགས་ས་དང་ བརླན་ས། རྩྭ་ས་སྲུང་སྐྱོབ་ཀྱི་དམར་ཐིག་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་སྲུང་ཐིག་བརྟན་སྲུང་བྱས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་ས་ཁུལ་གྱི་གོ་སྐབས་དམ་འཛིན་དང་འབྲེལ་ཡོད་སྡེ་ཚན་བར་འབྲེལ་གཏུག་བྱས་ཏེ།  ཆུའི་འགོ་ཁུངས་དང་། མཚོ་དང་མཚེའུ། བརླན་ས། འཁྱགས་སའི་སྤང་ཐང་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཀྱི་རྨང་གཞིའི་ཐོག དོན་དངོས་དང་མཐུན་པའི་སྐྱེ་ཁམས་ཁ་གསབ་ཀྱི་རྐྱེན་སྲོལ་ལམ་ལུགས་བཙུགས།

རྨ་ལྷོ་ཁུལ་གྱི་ནགས་ལས་རྩྭ་ཐང་སྡེ་ཚན་གྱིས་ནགས་ཤིང་འདེབས་སའི་སྦས་ཤུགས་སྔོག་འདོན་དང་། ཁམས་ར་ནས་སྡོང་མགོ་ནགས་ར་བར་དང་། དམེ་ཤུལ་ནགས་ར་ནས་རོང་བོའི་ནགས་ལམ་གཉིས་བར་གྱི་སྐྱེ་ཁམས་བར་སྟོང་ལེགས་སྒྲིག་ལ་བརྟེན་ནས་ད་ཡོད་ཀྱི་ལྗང་སྒྱུར་རྨང་གཞིའི་ཐོག རི་རྒོད་ཐང་རྒོད་ཀྱི་ནགས་སྐྲུན་ལ་ཤུགས་བསྣན་ནས་རྩི་ཤིང་གི་ཁེབས་རྒྱ་ཇེ་ཆེར་བཏང་། བྱང་གསུམ་སྲུང་སྐྱོབ་ནགས་ཚལ་མ་ལག་འཛུགས་སྐྱོང་དང་། རང་བྱུང་ནགས་རའི་སྲུང་སྐྱོབ་སོགས་སྐྱེ་ཁམས་ལས་གཞི་གཙོ་བོ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། ནགས་ཚལ་གྱི་རྒྱུ་སྤུས་མཐོར་འདེགས་བྱས་ནས་སྐྱེ་ཁམས་ཉམས་ཞན་ས་ཁུལ་གཙོར་བཟུང་ནས་སྲུང་སྐྱོབ་སླར་གསོ་བྱས། ཆུ་འདྲེན་ལྗང་སྒྱུར་ཟུང་འབྲེལ་བྱས་ནས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་དང་། ས་ཁོངས་བཅོས་སྐྱོང་བཅས་གཅིག་གྱུར་སྒོས་ཚན་རིག་དང་མཐུན་པའི་ལྗང་སྒྱུར་ཐབས་ལམ་རྒྱུན་བསྐྱངས་ནས།    གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་དཔེ་བསྐྲུན་པར་འབད་འབུངས་བྱས།

ཝང་ཀྲིན་ཁྲང་གིས་བཤད་རྒྱུར། ཁུལ་ཡོངས་ཀྱི་སྐུལ་སློང་དང་དམངས་ཡོངས་ཀྱི་རྩོལ་ཤུགས། སྤྱི་ཚོགས་ཟབ་ཞུགས་བཅས་ཀྱི་རྒྱལ་ཁོངས་ས་ཞིང་ལྗང་སྒྱུར་བྱ་བའི་རྐྱེན་སྲོལ་ལམ་ལུགས་རྒྱུན་འཁྱོངས་བྱས་ནས།  ནགས་འདེབས་ལྗང་སྒྱུར་གྱི་མཉམ་ཤུགས་སྔར་བས་ཇེ་དྲག་དང་། “ལྗང་མདོག་ཁྱིམ་གཞིས”གསར་འཛུགས་བྱེད་སྒོ་ཏན་ཏིག   ས་བབ་དང་བསྟུན་པར་ཁོར་ཡུག་ལྗང་སྒྱུར་དང་། དགོན་སྡེ་ལྗང་སྒྱུར། སློབ་ར་ལྗང་སྒྱུར། ཉེ་འཁོར་ལྗང་སྒྱུར། ཞིང་གྲོང་གི་སྲང་ལམ་ལྗང་སྒྱུར་བཅས་ཀྱི་ལས་སྒོ་སྤེལ་ཏེ། རི་ཆུ་མེ་ཏོག་སོགས་འཛོམས་པའི་ཁོར་ཡུག་ཡག་པོ་བསྐྲུན་ནས་གནམ་སྔོ་ཆུ་དྭངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་ལྗོངས་མྱུར་དུ་ཆགས་སུ་འཇུག་དགོས། “ནགས་སུས་བཏབས་པ་དང་། སུས་བདག་སྐྱོང་བྱེད་པ། སུ་ལ་ཕན་ཁེ་རག་པའི”རྩ་དོན་བརྩི་སྲུང་བྱས་ཏེ།  སྒེར་གཉེར་ཁེ་ལས་དང་ནགས་ལས་མཉམ་ལས་ཁང་གཉིས་ཀྱིས་ནགས་ལས་འགན་གཙང་ལེན་གྱི་མཉམ་ལས་འབྲེལ་བ་འཛུགས་པར་ཡར་སྐུལ་རྒྱབ་སྐྱོར་དང་། དེ་བསྟུན་གྱི་ཡར་སྐུལ་རྐྱེན་སྲོལ་ལམ་ལུགས་བཙུགས་ནས་སྤྱི་ཚོགས་ཡོངས་ནགས་འདེབས་ཀྱི་ལས་སུ་ཞུགས་པར་སྤྲོ་སེམས་བསྐྱེད་དགོས་ཟེར།

གཞན་མ་འོངས་པར་རྨ་ལྷོ་ཁུལ་གྱིས་སྲོལ་རྒྱུན་ཞིང་གྲོང་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ནས། རང་བྱུང་གི་མཛེས་ལྗོངས་དང་ཞིང་གྲོང་གི་གནས་བབ་ཟུང་འབྲེལ་སྒོས་སྐྱེ་ཁམས་དཔལ་ཡོན་དར་བའི་ཞིང་གྲོང་གསར་པའི་ཁྱད་ཆོས་ལྡན་དགོས་པའི་བླང་བྱ་ཇུས་འགོད་བྱ་བར་སྐུལ་སྤེལ་བྱ་རྒྱུ་དང་། སྲིད་འཛིན་གྲོང་ཚོའི་བགྲོད་ལམ་དང་། ཆུ། གློག བརྡ་འཕྲིན། ཁོར་ཡུག་སོགས་ཀྱི་རྨང་གཞི་སྒྲིག་ཆས་མཐོར་འདེགས་ལས་གཞི་དང་། ཞིང་གྲོང་ཁོར་ཡུག་  བཅོས་སྐྱོང་བྱ་བ་ལག་བསྟར་དོན་འཁྱོལ་བྱས་ནས་ལྗང་མདོག་ཅན་དང་ཁྱད་ཆོས་ཅན། མཛེས་སྡུག་ཅན་དུ་སྒྱུར་བར་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེད་གཏང་རྒྱུ། གཞན་ཕྱོགས་བསྡུས་བཅོས་སྒྱུར་དང་ཡུན་ཕན་དོ་དམ། ཕྱི་བཅོས་ནང་བཅོས། ཁོར་ཡུག་ལེགས་སྒྱུར་བཅས་དང་གྲོང་མིའི་བྱང་ཚད་དང་ཟུང་དུ་འབྲེལ་ནས། འཚོ་སྡོད་ཁོར་ཡུག་ལེགས་སྒྱུར་ཐོག་སྐྱེ་ཁམས་དཔལ་ཡོན་དར་སྤེལ་གྱི་གཡུར་ཟའི་གྲུབ་འབྲས་མང་ཚོགས་ལ་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།