རང་ཞིང་གིས་སྐམ་སའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་གནས་སུ་དོ་དམ་བྱེད་ཐབས་ནན་མོ་ལག་བསྟར་བྱ་རྒྱུ་རེད།
2020.05.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

གསར་འགོད་པས་ཉེ་ལམ་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། སྐམ་སའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པར་སྔར་ལས་ཤུགས་སྣོན་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐམ་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ནས། རང་ཞིང་གི་སྐམ་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཉེན་ཁའི་དོ་དམ་ཚོད་འཛིན་ལ་ཡུན་ཕན་ལམ་སྲོལ་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐམ་སའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་གནས་སྲུང་སྐྱོབ་དང་། འདུལ་གསོ་རྒྱུད་སྤེལ་གྱི་ལྟ་སྐུལ་ནན་ཏན་སྒོས་སྲུང་སྐྱོབ་དང་དོ་དམ་ལག་བསྟར་བྱ་རྒྱུ་རེད།

ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ནགས་ལས་རྩྭ་ཐང་ཅུའུ་ཡིས་སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་སྲུང་སྐྱོབ་ཀྱི་འཆར་གཞི་བཟོས་ཏེ། སྐམ་སའི་རི་སྐྱེས་སྲོག་ཆགས་འཚོ་སྡོད་གནས་སུ་ནན་ཏན་སྒོས་སྲུང་སྐྱོབ་དང་དོ་དམ་ལག་བསྟར་བྱ་རྒྱུ་རེད། འབྲེལ་ཡོད་ལག་རྩལ་གྱི་འགྲོ་ལུགས་གཏན་ཁེལ་སོགས་ཚད་ལྡན་དང་ཇེ་དྲག་ཏུ་བཏང་ནས། རི་སྐྱེས་སྲོག་ཆགས་འདུལ་གསོ་རྒྱུད་སྤེལ་དོ་དམ་ལག་བསྟར་བྱ་རྒྱུ་རེད། འཇིག་ཉེན་ཆེ་བའི་སྐམ་སའི་རི་སྐྱེས་སྲོག་ཆགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བཟོ་འགོད་ལག་བསྟར་བྱས་ཏེ། སྲུང་སྐྱོབ་ལྟེ་གནས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་། སྐམ་སའི་རི་སྐྱེས་སྲོག་ཆགས་དང་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོབ་ཀྱི་འཆར་གཞི་ཞིབ་འཇུག་གཏན་འབེབས་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐམ་སའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་རྒྱལ་ཁབ་གཞི་རྒྱུའི་མཛོད་སྔོན་ལ་འཛུགས་པར་སྐུལ་འདེད་བཏང་སྟེ། འཇིག་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་ཤུལ་བཞག་ཐོན་ཁུངས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བྱ་རྒྱུ་རེད།

《མཚོ་སྔོན་ཞིང་ཆེན་སྐམ་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དོ་དམ་བྱེད་ཐབས》མགྱོགས་མྱུར་ངང་གཏན་འབེབས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་ཁྲིམས་ལྟར་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། རྩ་འཛུགས་ལྡན་པའི་སྒོ་ནས་སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ལ་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པའི་ལས་དོན་སྤེལ་ཏེ། སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་གནས་སུ་ཡིག་ཚགས་བཟོ་བ་སོགས་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་རེད། ཞིང་ཆེན་དང་ཁུལ(གྲོང་ཁྱེར)རྫོང་བཅས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དོ་དམ་ལྟ་སྐུལ་མ་ལག་འཐུས་ཚང་དུ་བསྐྲུན་ནས། སྐམ་སའི་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་སྔོན་འགོག་དང་རྡུང་རྡེག་གཏོང་བའི་སྡེ་ཁག་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ་བཙུགས་ཏེ། སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་རྒྱུ་ཆ་ལས་བཟོས་པའི་ཐོན་རྫས་ལ་ཁྲིམས་འཛིན་གྱིས་བརྟག་བཤེར་བྱེད་པའི་སྒྲིག་སྲོལ་འཛུགས་རྒྱུ་ཡིན་པ་དང་། རྩ་འཛུགས་ལྡན་པའི་སྒོ་ནས་ཁྲིམས་འགལ་ཆེད་དམིགས་འགུལ་སྐྱོད་ལ་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ལས་དོན་སྤེལ་རྒྱུ་རེད། ཕྱི་རོལ་དུ་སྐོར་སྲུང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུ་ཡིན་ལ། སྐམ་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་མགོ་ཁུངས་དོ་དམ་ལ་ཤུགས་སྣོན་རྒྱུ་ཡིན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་བསགས་བྱ་འགུལ་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱེད་རྒྱུ་རེད།

རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་རྒྱུ་ང་དང་ཁྱོད་ནས་མགོ་རྩོམ་དགོས།

རི་སྐྱེས་སྲོག་ཆགས་ནི་མིའི་རིགས་ཀྱི་གྲོགས་པོ་ཡིན་པ་དང་། རང་བྱུང་ཁམས་ཆེན་མོས་མིའི་རིགས་ལ་བསྩལ་བའི་རྩ་ཆེ་བའི་རང་བྱུང་ཐོན་ཁུངས་ཡིན་པས། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་དང་རང་བྱུང་སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ནི། མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འབྲེལ་བ་ཡོད་ཅིང་། རྒྱལ་ཁབ་ཅིག་དང་མི་རིགས་ཤིག གྲོང་ཁྱེར་ཞིག་གི་དཔལ་ཡོན་ཡར་ཐོན་བྱུང་ཡོད་མེད་ལ་ཚད་འཇལ་བྱེད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། དུས་མཚུངས་སུ། སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུན་རིང་ཁེ་ཕན་གྱི་དགོས་མཁོ་ཡིན་ལ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན།

ང་ཚོས་སྐྱེ་ཁམས་མ་ལག་ཆེན་པོ་ཞིག་གི་ཁྲོད་འཚོ་བ་རོལ་བཞིན་ཡོད་ལ། སྐྱེ་དངོས་མང་པོས་ང་ཚོའི་ཉེ་འཁོར་གྱི་སྐྱེ་ཁམས་མ་ལག་གྲུབ་ཡོད་པ་དང་། ཉེ་བའི་ལོ་འགར་མིའི་རིགས་ཀྱིས་ཚོད་འཛིན་མེད་པར་སྐྱེ་ཁམས་མ་ལག་གསར་སྤེལ་དང་བེད་སྤྱོད་བྱས་པས། དངོས་རིགས་མང་པོ་རྩ་མེད་དུ་སོང་བ་དང་། ཐོན་ཁུངས་སྣ་ཚོགས་ཇེ་ཉུང་དུ་གྱུར་ཅིང་། སྐྱེ་ཁམས་ཁོར་ཡུག་ཇེ་ཞན་དུ་སོང་བས། མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་ནི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྱབ་ཁུལ་གཙོ་བོའི་གྲས་ཤིག་ཡིན་ཞིང་། དུས་བསྟུན་བྱ་རིགས་ཀྱི་འབབ་སྡོད་གནས་གཙོ་བོ་ཞིག་ཡིན་པ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ། ཞིང་ཆེན་ཡོངས་ལ་རི་སྐྱེས་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་དྲུག་བརྒྱ་ལྔ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རིགས་གྱ་ལྔ་ཙམ་ཡོད་པ་དང་། ཞིང་ཆེན་རིམ་པའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་རིགས་སོ་དྲུག་ཡོད།

དེའི་སྟབས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་འཕེལ་རྒྱས་དང་ལུགས་མཐུན་བཀོལ་སྤྱོད་བྱ་རྒྱུ་དེས་རང་བྱུང་ཐོན་ཁུངས་ལེགས་སྒྱུར་དང་། མི་དང་རང་བྱུང་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་འཛིན་དང་སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོབ། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བཅས་ལ་དོན་སྙིང་གལ་ཆེན་ལྡན།

མིའི་རིགས་ཐུན་མོང་གི་འཚོ་གནས་ཁོར་ཡུག་གི་ཆེད་དུ། ང་ཚོ་ངེས་པར་འགུལ་སྐྱོད་བྱས་ཏེ། རང་ཉིད་ནས་མགོ་རྩོམ་པ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་པ་དང་རྒྱབ་སྐྱོར་བྱས་ནས། རང་རྟོགས་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། གོམས་སྲོལ་བསྒྱུར་བཅོས་དང་རི་སྐྱེས་སྲོག་ཆགས་གང་འདོད་དུ་ཁ་ཟས་བྱེད་པའི་གོམས་གཤིས་ཞེ་མེར་བ་དེ་རྩ་བ་ནས་སྤངས་ཏེ། རི་སྐྱེས་སྲོག་ཆགས་གང་འདོད་དུ་མི་འཛིན་པ་དང་། རི་སྐྱེས་སྲོག་ཆགས་རྔོན་གསོད་མི་བྱེད་པར་སྲོག་ཆགས་ལ་གཅེས་སྐྱོང་དང་། ནགས་ཚལ་ལ་སྲུང་སྐྱོབ་བྱེད་པ། ཚང་ཚིང་འཁྲིགས་པའི་ནགས་ཀླུང་དེ་རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་དང་འགེབས་སྲུང་གི་གནས་ཡུལ་དུ་བསྒྱུར་དགོས། ནགས་ཚལ་ལ་གཏོར་བརླག་བཟོ་མཁན་དང་། རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་མཁན་རྣམས་ལ་ཧུར་ཐག་གིས་ཁ་ཏ་སློབ་གསོ་གཏོང་བ་དང་ཞུ་གཏུག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་སྟོན་པ་བྱེད་དགོས་ལ། རི་སྐྱེས་སྲོག་ཆགས་དང་ང་ཚོ་གནམ་སྔོན་པོ་གཅིག་གི་འོག་འཆམ་མཐུན་མཉམ་གནས་བྱེད་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།