—རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཏོན་ནས་ལོ་འཁོར་བཅོ་ལྔ་འགོར་བའི་སྐབས་སུ།
ཀྲེ་ཅང་ཞིང་ཆེན་ཁྲང་ཞིང་རྫོང་ལུང་ཧྲན་སྲང་ལམ་ཀྲུའུ་ཧྲན་སྡེ་བ་རུ། གཙང་སྲུང་མི་སྣས་ཉིན་རྒྱུན་གྱི་ཆུ་ལམ་བདག་སྐྱོང་སྐོར་ཞིབ་བྱེད་བཞིན་པ།
མཁའ་དབྱིངས་ནས་པར་བླངས་པའི་ཀྲེ་ཅང་ཞིང་ཆེན་ཀྲོའུ་ཧྲན་གྲོང་ཁྱེར་ཏིང་ཧའེ་ས་ཁུལ་ཞིང་ཅན་སྡེ་བ།
སྔོ་ཐིང་ཐིང་དུ་གནས་པའི་དབྱར་གཞུང་གི་ཡུས་སྡེ་བའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པས། ཡུལ་སྐོར་པ་མང་པོ་བུང་བ་སྤྲིན་གྱི་འཚོགས་བཞིན་འཁོར་ཡོད།
2005ལོའི་ཟླ8པའི་ཚེས15ཉིན། ཀྲེ་ཅང་བྱང་རྒྱུད་ཀྱི་ཆེས་སྤྱིར་བཏང་གི་ཡུལ་གྲོང་འདི་ནས། སྐབས་དེར་ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་ཡོད་པའི་བློ་མཐུན་ཞི་ཅིན་ཕིང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ཆོད་གཏམ་གལ་ཆེན་ཞིག་བཏོན།
ལོ་ངོ་བཅོ་ལྔ་ཡི་རིང་ལ་ལྗང་མདོག་གི་འཕེལ་རྒྱས་ལག་བསྟར་བྱས་པ་བརྒྱུད་དེ། ཆོད་གཏམ་དེའི་ནང་དོན་ཟབ་མོར་འགྲེལ་བཤད་གསོན་ཉམས་ལྡན་པ་ཞིག་བྱས་ཡོད་དེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་ད་ལྟ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་ཟིན་དང་འགུལ་བསྐྱོད་དུ་གྱུར་ཡོད་པས། དུས་རབས་གསར་པའི་ལྗང་མདོག་གི་རི་མོ་ཞིག་མཛེས་པའི་ཀྲུང་གོའི་ཡུལ་གྲུ་ཀུན་ཏུ་འགྲེམ་སྟོན་བྱས་ཡོད།
སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་པ་འཕེལ་རྒྱས་སུ་བཏང་བ་སྟེ། “གསེར་རི་དངུལ་རི”ཡི་འདུ་ཤེས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལྗང་མདོག་འཕོ་འགྱུར་ལ་ཁྲིད་སྟོན་བྱས་པ།
ཡུས་སྡེ་བའི་ཁྲུན་ལིན་རི་གྲོང་གི་སྦྱིན་བདག་ཕན་ཁྲུན་ལིན་ཉིན་འདི་འགར་བྲེལ་འཚུབ་ཧ་ཅང་ཆེ་བས་དབུགས་ལེན་ཁོམ་ཡང་མེད་པའི་གནས་སུ་ལྷུང་ཡོད། ཁོས་ཡུལ་སྐོར་པ་རྣམས་ལ་སྨྱུག་རྩ་དང་ལག་གསོས་བྱ་ཤ། ཚྭ་ཤ་སོགས་ཀྱི་ཡུལ་ཐོན་ཟས་རིགས་གྲ་སྒྲིག་བྱེད་བཞིན་པའི་སྒང་རེད།
“ང་རང་སྔོན་ཆད་རྡོ་གཏེར་ནང་གི་འདྲུད་འཐེན་འཁོར་ལོ་བསྐོར་མཁན་ཞིག་ཡིན། གཏེར་རིའི་སྒོ་བརྒྱབ་རྗེས་སྡེ་བའི་ནང་གི་ཆེས་སྔ་བའི་ཡུལ་མིའི་མགྲོན་ཁང་དེ་ཕྱེས་པས། ཡོང་སྒོ་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་བར་མ་ཟད། མིག་ཕྱེས་མ་ཐག་སྔོ་ལྗང་ལྗང་གི་ཡུལ་ཁམས་ཤིག་མིག་ལམ་དུ་མངོན་ཡོང་བས། ལུས་སེམས་གཉིས་ཀར་བདེ་ཞིང་སྐྱིད་པའི་ཚོར་སྣང་སྟེར་འོང”ཞེས་སྔོན་ཆད་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། རང་ཉིད་ནི་ཆེས་སྔ་བའི་ཡུལ་མིའི་མགྲོན་ཁང་གི་ཚོད་ལྟ་བྱེད་མཁན་དུ་གྱུར་པར་གཟི་བརྗིད་ཀྱིས་ཁེངས་ཡོད་ལ། སྐབས་དེར་སྡེ་བའི་གཏེར་རིའི་སྒོ་བརྒྱབ་པར་སྤྲོ་བས་ཁེངས་ཡོད།
ཡུས་སྡེ་བ་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཐེན་ཧོང་ཕིང་གྲོང་རྡལ་དུ་ཡོད་ལ། 2005ལོའི་སྔོན་དུ་གནས་དེའི་ག་ས་གང་དུ་ཨར་འདམ་བཟོ་གྲྭ་དང་གཏེར་འདོན་ར་བས་ཁྱབ་ཡོད་པས། ས་རྡུལ་གྱིས་ཁེངས་ཏེ་མིག་ཀྱང་འབྱེད་མི་ཐུབ་པའི་ཚད་ལ་ལྷུང་ཡོད་མོད། འོན་ཀྱང་ད་ལྟའི་ཡུས་སྡེ་བ་ནི་མི་ཚོགས་ཀྱི་འདུ་འགོད་འཁྲིགས་པའིA4རིམ་པའི་ལྗོངས་ཁུལ་དུ་གྱུར་ཡོད། གཞན་ཡུལ་དུ་གནས་སྤར་བའི་ཨར་འདམ་བཟོ་གྲྭའི་ཤུལ་དེ་ཚོན་མདངས་རྣམ་པར་བཀྲ་བའི་ཞིང་ར་རུ་བསྒྱུར་ཡོད་ལ། སྡེ་བའི་ནང་གི་མུའུ་ལྔ་བརྒྱ་ཡི་འཁོར་རྒྱུག་ས་ཞིང་དེ་ལོག་དཀར་མེ་ཏོག་དང་མེ་ཏོག་པདྨའི་ཞིང་ཁམས་སུ་གྱུར་ཡོད་པས། དུས་ཚིགས་བཞི་པོའི་ཡུལ་ལྗོངས་ནི་རི་མོ་བ་ཞིག་གི་པིར་རྩེ་ལས་ཐོན་པ་བཞིན་མཛེས་ཤིང་ལྟ་ན་སྡུག
ཟླ་བཞི་ལྷག་གི་སྔོན་ལ། ཕན་ཁྲུན་ལིན་གྱིས་ཡང་བསྐྱར་ཡུས་སྡེ་བ་རུ་བཅར་འདྲིར་ཕེབས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཐོང་བ་དང་། ལོ་ངོ་བཅོ་ལྔ་ཡི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་འདི་ནས་ཡང་བསྐྱར“དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐྱེ་ཁམས་ལ་གཏོར་བརླག་ཐེབས་སུ་འཇུག་མི་རུང་བ་དང་། སྐྱེ་ཁམས་ནི་མ་གཞི་ནས་དཔལ་འབྱོར་ཡིན་པས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་པ་འཕེལ་རྒྱས་བཏང་བ་དང་མཚུངས་པ་དེ་ལག་ལེན་ལས་ར་སྤྲོད་ཐོབ་ཡོད་པ”གསལ་པོར་བཏོན།
ལོ་ངོ་བཅོ་ལྔ་ཡི་སྔོན་ལ་བློ་མཐུན་ཞི་ཅིན་ཕིང་ཡུས་སྡེ་བ་རུ་རྟོག་ཞིབ་ཏུ་ཕེབས་སྐབས། སྡེ་བའི་གཏེར་ཁུལ་གྱི་སྒོ་བརྒྱབ་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུའི་བྱེད་ཐབས་བཏོན་པ་ཤེས་རྗེས། ཁོང་གིས“བློ་ཐག་རྦད་ཆོད་ཀྱིས་གཏེར་ཁུལ་གྱི་སྒོ་བརྒྱབ་པ་དེ་ནི་བྱེད་ཐབས་ཁྱད་དུ་འཕགས་པ་ཞིག་རེད”ཅེས་གདེང་འཇོག་མཐོན་པོ་གནང་མྱོང་བ་ད་ལྟ་ཡང་ཡུལ་དེ་གའི་ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་གི་སེམས་སུ་ཝ་ལེར་གསལ།
ཡུས་སྡེ་བ་རུ་བློ་མཐུན་ཞི་ཅིན་ཕིང་གིས་ཐོག་དང་པོར་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ཆོད་གཏམ་གལ་ཆེན་བཏོན་པ་དང་། ཁོང་གིས་དེའི་རྗེས་སུ་གསུང་བའི“ཀྲི་ཅང་གི་གཏམ་གསར”ཞེས་པའི་ཆེད་བསྒྲིགས་རྩོམ་ཡིག《རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན》ཞེས་པའི་འགྲེལ་བཤད་ཁྲོད་བསྟན་དོན། “ང་ཚོས་མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་བསྙེག་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་བར་གྱི་འཆམ་མཐུན་ཡང་བསྙེག་དགོས། གོ་སླ་བའི་སྒོ་ནས་བཤད་ན་ང་ཚོར་རི་སྔོ་ཆུ་དྭངས་དགོས་པར་མ་ཟད། གསེར་རི་དངུལ་རི་ཡང་དགོས”ཞེས་པ་དེ་རེད།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་ཡིག་འབྲུ་བཅུ་བོ་འདིའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འབྲེལ་བའི་ཐད་ཀྱི་བསམ་གཞིགས་ཟབ་མོ་འདུས་ཡོད།
“སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་པར་སྲུང་སྐྱོབ་བྱེད་པ་དང་མཚུངས་ལ། སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱེད་པ་ནི་ཐོན་སྐྱེད་ནུས་པ་འཕེལ་རྒྱས་སུ་བཏང་བ་དང་མཚུངས། ”
“སྐྱེ་ཁམས་བཟང་པོའི་ནང་དུ་དཔལ་འབྱོར་གྱི་རིན་ཐང་མཛད་མཐའ་མེད་པ་ཞིག་ཡོད་པས། ཕྱོགས་བསྡུས་ཀྱི་ཁེ་ཕན་རྫོགས་མཐའ་མེད་པ་ཞིག་བསྐྲུན་ཐུབ་ལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་བསྲིང་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། ”
“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་རྒྱལ་ཕམ་དེ་མཐར་གཏུགས་ན་དཔལ་འབྱོར་གྱི་གྲུབ་ཚུལ་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་སྟངས་ལ་རག་ལས་ཡོད། ”
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མེས་རྒྱལ་གྱི་རི་ཆུ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སེམས་སུ་ཉར་བའི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་བརྩེ་བ་དེར་བདེན་དཔང་བྱས་ཡོད།
རི་བོའི་ཕྱོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆིན་ལིན་རི་བོར་ཕེབས་ཏེ། རང་བྱུང་སྐྱེ་ཁམས་ལ་གཟིགས་ཞིབ་གནང་ཞིང་། ས་གནས་ཀྱི་མང་ཚོགས་ལ་ཆིན་ལིན་རི་བོའི་སྐྱེ་ཁམས་བདག་སྐྱོང་པ་བྱེད་དགོས་པར་གདམས་ལ། གདང་ལ་རི་བོར་ཕེབས་ཏེ། སྐྱེ་ཁམས་ཁོར་ཡུག་ཉམས་གསོ་བྱེད་པའི་གྲུབ་འབྲས་ལ་རྟོག་ཞིབ་མཛད་པ་དང་། གདང་ལ་རི་བོ་སྔོ་ལྗང་ལྗང་དང་ཆུ་བོ་དྭངས་མོ་ཤག་ཤག་ཏུ་འབབ་དགོས་པའི་བླང་བྱ་བཏོན་ཞིང་། བརྗིད་ཉམས་ལྡན་པའི་ཧོ་ལན་རི་བོར་རྒྱང་ལྟ་བྱེད་སྐབས། ཧོ་ལན་རི་བོའི་སྐྱེ་ཁམས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པའི་རེ་འདུན་བཏོན།
ཆུ་བོའི་ཕྱོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གཉིས་ལ་འབྲི་ཆུའི་འབབ་རྒྱུད་དུ་རྟོག་ཞིབ་ཏུ་ཕེབས་པར་མ་ཟད་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། “སྲུང་སྐྱོབ་ཆེན་མོར་མཉམ་དུ་དམ་འཛིན་བྱས་ཏེ། གསར་སྤེལ་ཆེན་པོ་མི་བྱེད་པ”དེ་འབྲི་ཆུའི་ཉེ་འགྲམ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐུན་མོང་གི་ངོས་ཟིན་དུ་འགྱུར་བར་སྐུལ་འདེད་བྱས། རྨ་ཆུ་སེམས་སུ་ཉར་ཏེ་ཟླ་ངོ་གཅིག་གི་ནང་རྨ་ཆུའི་འགྲམ་རྒྱུད་དུ་གནས་པའི་ཀན་སུའུ་དང་ཧོ་ནན་ཞིང་ཆེན་གཉིས་ལ་བསྟུད་མར་རྟོག་ཞིབ་གནང་སྟེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཆེན་པོ་རུ་འགྱུར་བར་སྐུལ་འདེད་བཏང་།
ནང་སོག་ཨ་འར་ཧྲན་ནགས་ཁུལ་དང་ཡོན་ནན་གྱི་ཨེར་ཧའེ་མཚེའུ་ཡི་འགྲམ། ཧེ་ལུང་ཅང་གི་ལོང་ནག་གླིང་ཕྲན། ཧྲན་ཞི་ཡི་ཧྥུན་ཧི་ཆུ་བོའི་འགྲམ་ངོགས་སོགས་ག་ས་གང་དུ་ཁོང་གི་ཞབས་རྗེས་བཀོད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ་བཀོད་དེ། རང་ནུས་ཅི་ལྕོགས་ཀྱིས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བཞིན་ཡོད་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་ཆོད་སེམས་བརྟན་པོ་མཚོན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ནང་བཞག་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས“སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ”དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མཁྲེགས་གཏོར་དམག་འཐབ་གསུམ་གྱི་གྲོས་སུ་བཞག་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ”སོགས་ཀྱི་ནང་དོན་དེ་ཏང་གི་སྒྲིག་ཡིག་ནང་དུ་བཞག་པ་དེ། ཏང་ཡོངས་ཀྱིས་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ལུགས། གཞི་རྩའི་བྱེད་ཕྱོགས་བཅས་སྔར་བས་རང་རྟོགས་དང་སྔར་བས་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བར་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ན་ངེས་པར་དུ་ལམ་ལུགས་དང་ཁྲིམས་ལུགས་ལ་བརྟེན་དགོས་པ་གསལ་པོར་བསྟན་ཡོད།
ཉེ་བའི་ལོ་འདི་འགར། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དང་ཁོར་ཡུག་སྲུང་སྐྱོབ་དཔྱ་ཁྲལ་བཅའ་ཁྲིམས། གཞན་ད་རུང་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་དང་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས། ས་ཞིང་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་སོགས་བཅའ་ཁྲིམས་མང་པོ་ཞིག་སྔར་ལས་འཐུས་ཚང་དུ་བཏང་ཡོད་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བའི་བཅོས་བསྒྱུར་བྱེད་ཐབས་བཞི་བཅུ་ལྷག་བསྟུད་མར་བཏོན་པ་དང་། ནང་སྒོས་སུ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ལམ་ལུགས་འཛུགས་སྐྲུན་བྱས་པ་དེས། སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་བཅུག་ལ། སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་།
2012ལོར་རྒྱལ་ནང་གི་ཞིང་ཆེན་བརྒལ་བའི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་ཚོད་ལྟ་དེ་ཞིན་ཨན་གཙང་པོའི་འབབ་རྒྱུད་དུ་སྤེལ་བ་ནས་ད་ལྟའི་བར་དུ། སྐྱེ་ཁམས་ཁ་གསབ་ཀྱི་ནང་རྐྱེན་དེ་ཀན་སུའུ་དང་ཁྲུང་ཆིན། པེ་ཅིན། ཐེན་ཅིན། ཧོ་པེ་སོགས་ས་ཁུལ་མང་པོར་སྤེལ་བས། རི་ཆུ་བཟང་པོ་དང་སྐྱེ་ཁམས་བཟང་པོ་ནི་རིན་ཐང་ལྡན་པའི་ནོར་བུ་རུ་གྱུར་ཡོད། ཉེ་སྔོན་རང་རྒྱལ་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་དངུལ་གཏོང་ཐེབས་རྩ་དང་པོ་སྟེ། སྤྱིའི་གཞི་ཁྱོན་ལ་སྒོར་དུང་ཕྱུར་བརྒྱད་བརྒྱ་གྱ་ལྔ་ཡོད་པའི་རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་དངོས་སུ་བཙུགས་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔལ་འབྱོར་སྲིད་ཇུས་མ་ལག་ལ་སྟོབས་ཤུགས་ཀྱི་གཤོག་པ་གསར་པ་བསྣན་ཞིང་། ལྗང་མདོག་དངུལ་རྩ་དང་ལྗང་མདོག་ཡིད་རྟོན་དངུལ་བུན་སོགས་ཀྱི་ཁོར་ཡུག་དཔལ་འབྱོར་སྲིད་ཇུས་སྔར་བས་ཕུན་ཚོགས་སུ་བཏང་སྟེ། ཁེ་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ནང་གནས་སྒུལ་ཤུགས་སློང་ཅི་ཐུབ་བྱས།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པ་འདི་ནི་ཡུས་སྡེ་བའི་འཕོ་འགྱུར་གྱི་ཐབས་ལམ་ཡིན་ལ། ཀྲུང་གོའི་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་འབྱུང་བའི་ཉམས་མྱོང་བཟང་པོ་ཞིག་ཀྱང་རེད། སྡེ་བ་ཆུང་ཆུང་དེ་རུ་ཐོག་མར་བཏོན་པ་ནས་ཞིང་ཆེན་མངའ་ཁོངས་སུ་ལག་ལེན་བྱས་པ་དང་། དེ་ནས་རྒྱལ་ཁབ་ཡོངས་ལ་མདུན་བསྐྱོད་ཀྱི་ཁ་ཕྱོགས་སྟོན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་གྲུབ་ཆ་གལ་ཆེན་དུ་གྱུར་པ་སོགས། དུས་ད་ལྟ་འདུ་ཤེས་འདིས་ཀྲུང་གོའི་རྒྱ་ཆེ་བའི་ཡུལ་གྲུ་འདི་ལ་འགྱུར་ལྡོག་ཆེན་པོ་བཟོས་ཡོད།
མི་ཡིས་རི་སྔོན་པོར་གཏོར་བརླག་མ་བཏང་ན། རི་སྔོན་པོས་མི་ལ་དྲིན་ལན་འཇལ་ཁོ་ཐག་ཡིན་པ་སྟེ། —འགུལ་བསྐྱོད་དངོས་ལ་བརྟེན་ནས་ཀྲུང་གོ་བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་བ།
ཧྥུའུ་ཁྲུན་གཙང་པོ་ནི་ཀྲེ་ཅང་དབུས་རྒྱུད་ཀྱི་ཐུང་ལུའུ་རྫོང་དང་ཧྥུ་དབྱང་ས་ཁུལ་གཉིས་སུ་བཞུར་གྱིན་ཡོད་ལ། འགྲམ་ངོགས་གཉིས་ཀྱི་ཡུལ་ལྗོངས་མཛེས་ཤིང་ཆུ་བོ་དྭངས་པ་དང་། གཞིས་དམངས་རྣམས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པས། མཛེས་པའི་སྙན་གྲགས་གནའ་ནས་ཡུལ་གྲུ་ཀུན་ཏུ་ཁྱབ་ཡོད་མོད། འོན་ཀྱང་སྔོན་ཆད་ཧྥུ་དབྱང་ས་ཁུལ་དུ་ཡོད་པའི“ས་རྟགས”ཤིག་གིས་ཡོད་ཚད་བརླག་འདུག གཙང་པོའི་འགྲམ་དུ་མཐོ་ཚད་ལ་མུས་བརྒྱ་དང་ཉི་ཤུ་ཡོད་པའི་དུ་ཁུང་གསུམ་གྲལ་ལྟར་བསྒྲིགས་ཡོད་པ་དེ་ནི་ཚ་གློག་བཟོ་གྲྭ་ཞིག་གི་མཚོན་རྟགས་རང་བཞིན་ལྡན་པའི་བཟོ་འགོད་རེད།
ཧྥུ་དབྱང་ནི་ཤོག་བུ་བཟོ་ས་ཞིག་ཡིན་ཏེ། ལོ་ཉི་ཤུ་ཡི་སྔོན་ལ། ཤོག་བུ་བཟོ་ལས་གླིང་ཁུལ་གསུམ་བསྟུད་མར་བཙུགས། ཤོག་བུ་བཟོ་གྲྭ་ཞིག་གི་སྦྱིན་བདག་གིས་བཤད་རྒྱུར། “ཚོང་བྲིན་པའི་སྐབས་སུ། ཤོག་བུ་བཟོ་བ་ནི་སྒོར་མོ་དཔར་བ་དང་མཚུངས”ཟེར། ཚ་གློག་བཟོ་གྲྭ་ནི་ས་གནས་ཀྱི་ཤོག་བཟོ་བཟོ་ལས་ཀྱི་དྲོད་བཀོལ་དགོས་མཁོ་སྐོང་བའི་ཆེད་དུ་བཙུགས་པ་རེད།
སྒོར་མོ་མང་པོ་བཙལ་ནའང་། ཁོར་ཡུག་ལ་སྦགས་བཙོག་ཐེབས་པའི་དབང་གིས་མི་རྣམས་ཀྱི་འཚོ་བའི་སྤུས་ཚད་ཇེ་ཞན་ནས་ཇེ་ཞན་དུ་གྱུར། ཏ་ཡོན་གྲོང་རྡལ་དུ་སྐབས་ཤིག་ལ་ཤོག་བུ་བཟོ་གྲྭ་བཞི་བཅུ་ལྷག་ཡོད་པས། ལོ་ངོ་བཅུ་ལྷག་གི་སྔོན་ལ་ཆུ་བོ་རྙོག་ཅིང་དྲི་ངན་གྱིས་ཁྱབ་པས། ཉ་མོ་སོགས་ཀྱི་རྒྱུན་ཆད་འདུག་ལ། དབྱར་ཁར་ཆུ་འགྲམ་གྱི་སྡེ་བ་རྣམས་ལ་དྲི་ངན་འཐུལ་ཏེ་བཟོད་ཐབས་བྲལ་བས། རྒན་པ་རྣམས་དུས་བསྟུན་གནས་སྤོར་བྱ་རིགས་དང་མཚུངས་པར་ཡུལ་གཞན་དུ་གནས་སྤོ་མི་བྱེད་ཐབས་མེད་བྱུང་།
“མུ་མཐུད་དུ་འདི་ལྟར་ཐོན་ཁུངས་བེད་སྤྱོད་དང་ཁོར་ཡུག་ལ་སྦགས་བཙོག་བཟོས་ན་རྒྱུན་སྐྱོང་དཀའ་རྒྱུ་རེད”ཅེས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐོག་དང་པོར་ཕྱི་རོལ་ལ་རྟོག་ཞིབ་ཏུ་ཕེབས་སྐབས་དེ་ལྟར་ཉེན་བརྡ་བཏང་།
སྐབས་དེར། ལོ་ངོ་བཅུ་ཁ་ཞིག་གི་འཕེལ་རྒྱས་མགྱོགས་པོའི་ཁྲོད་གསོག་འཇོག་བྱས་པའི་ཁོར་ཡུག་གནད་དོན་དེ་ཛ་དྲག་ཧ་ཅང་ཆེ་བའི་གནས་སྐབས་སུ་སླེབས་ཡོད། “འདི་ནི་དཔལ་འབྱོར་གྱི་གནད་དོན་ཆེན་པོ་ཞིག་ཡིན་ལ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཞིག་ཀྱང་རེད།”2013ལོའི་ཟླ4པར། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་བཅོ་བརྒྱད་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་ཡོད་ཕྱོགས་ལ་གཙོ་གནད་ཡོད་པ་དང་ནུས་ཤུགས་ཡོད་པ། ཕན་འབྲས་ཡོད་པ་བཅས་ཀྱི་ཁོར་ཡུག་དག་ཐེར་བྱ་འགུལ་ཞིག་སྤེལ་ཏེ། འདིའི་ཐད་ནས་ཀྱང་རྩེ་རིམ་ཇུས་འགོད་ཅིག་འགོད་དགོས་པའི་བླང་བྱ་གསལ་པོར་བཏོན།
ཟླ་ངོ་བཞི་ཡི་རྗེས་སུ། “རླུང་ཁམས་ཆེན་མོའི་ཐད་ཀྱི་དོན་ཚན་བཅུ”ཞེས་པ་སྟེ། 《རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱེད་པའི་འགུལ་བསྐྱོད་འཆར་གཞི》བཏོན་པས། ཀྲུང་གོ་ནི་འཛམ་གླིང་ཡོངས་ཀྱི་གཞི་ཁྱོན་ཆེན་པོའི་སྒོ་ནསPM2.5བཅོས་སྐྱོང་བྱེད་པའི་འཕེལ་རྒྱས་འབྱུང་བཞིན་པའི་རྒྱལ་ཁབ་དང་པོར་གྱུར།
2015ལོར། “ཆུའི་ཐད་ཀྱི་དོན་ཚན་བཅུ”ཞེས་པ་སྟེ། 《ཆུའི་སྦགས་བཙོག་འགོག་བཅོས་བྱེད་པའི་འགུལ་བསྐྱོད་འཆར་གཞི》བཏོན།
2016ལོར། “ས་ཞིང་ཐད་ཀྱི་དོན་ཚན་བཅུ”ཞེས་པ་སྟེ། 《ས་ཞིང་གི་སྦགས་བཙོག་འགོག་བཅོས་བྱེད་པའི་འགུལ་བསྐྱོད་འཆར་གཞི》བཏོན།
མི་གྲངས་དུང་ཕྱུར་བཅུ་བཞི་ཡོད་པའི་འཕེལ་རྒྱས་འབྱུང་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་གིས་དཔའ་བོས་རང་ལག་གཅོད་པའི་སྙིང་སྟོབས་ཀྱིས་སྦགས་བཙོག་ལ་ཁྱོན་ཡོངས་ནས་ཕར་རྒོལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་ངེས་པར་དུ་ཨམ་གཙིགས་བསྡམས་ཏེ། ལ་འདིར་འཛེག་དགོས་ལ་འགག་འདི་བརྒལ་དགོས”ཞེས་ཤུགས་བརྒྱབ།
ནམ་མཁའ་སྔོ་སེང་སེང་དུ་གཏོང་ཆེད། ཧོ་པེ་ཡིས་ལོ་ངོ་མང་པོའི་རིང་ལ་བསགས་པའི་ཁྱིམ་གཞིས་ནས་མགོ་བརྩམས། “ཐབ་ཀ་མཐོན་པོ་བཤིག་པ་དེ་ནི་རང་ཉིད་ཀྱི་དཔུང་བ་གཅིག་བཅད་པ་དང་འདྲ”ཞེས་ངར་ལྕགས་རྫོང་ཆེན་ཝུའུ་ཨན་གྱི་དམངས་གཉེར་ངར་ལྕགས་བཟོ་གྲྭ་ཞིག་གི་ཚོང་དཔོན་གྱིས་དེ་ལྟར་བཤད། “ཡིན་ཡང་དཔུང་བ་མ་བཅད་ན་ཚེ་སྲོག་ལ་གནོད་པ་ཡོང་ངེས་རེད”ཟེར། 2013ལོ་ནས་བཟུང་། ཧོ་པེ་ཞིང་ཆེན་ཡོངས་ཀྱིས་རིམས་བསགས་སྒོས་ངར་ལྕགས་ཀྱི་ཐོན་ནུས་ཏུན་དུང་ཕྱུར་བཅོ་ལྔ་ཇེ་ཉུང་དུ་བཏང་བ་དང་། ཤེལ་དང་རྡོ་སོལ། ཨར་འདམ་སོགས་ཀྱི་ཐོན་ནུས་འབོར་ཆེན་སྒོས་ཇེ་ཉུང་དུ་བཏང་བར་མ་ཟད། ཁེ་ལས་བརྒྱ་ལྷག་གྲོང་ཁྱེར་དང་བྲལ་ཏེ་ཡུལ་གཞན་དུ་གནས་སྤར།
རི་བོ་སྔོ་ལྗང་ལྗང་དུ་གཏོང་ཆེད། ཧྲན་ཏུང་ཝེ་ཧའེ་གྲོང་ཁྱེར་གྱི་ཞ་ཁྲུན་ཐིང་གིས་ལས་བཟོ་པ་ཁྲིད་དེ་རི་བོ་བཅོས་སྐྱོང་བྱས། ས་སྙོམས་པ་དང་ཕུག་ལམ་ཞིག་གསོ། སྔོ་ཁེབས་སླར་གསོ་བཅས་བྱས་ཏེ། སྔོག་འདོན་བྱེད་ཚད་ཆེས་མཐོ་བའི་ཁྱབ་ཁོངས་སུ་རྫིང་རག་ལས་ནས་ལོ་ངོ་བཅུ་ལྷག་གི་རིང་ལ་འབད་བརྩོན་ལྷོད་མེད་བྱས་མཐར། གཏོར་བརླག་ཚབས་ཆེན་ཐེབས་པའི་གཏེར་རི་དེ་ད་ལྟ་ཧྭ་ཞ་གྲོང་ཁྱེར་གྱི་ཆེས་མཛེས་པའི་ལྗོངས་ཁུལ་དུ་གྱུར་ཡོད། 2018ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་དེའི་སྐྱེ་ཁམས་སླར་གསོ་ལས་གཞི་ལ་རྟོག་ཞིབ་བྱེད་སྐབས། སྐྱེ་ཁམས་སླར་གསོ་བྱེད་པ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐའ་འཁོར་གྱི་སྡེ་དམངས་རྣམས་ལས་ཞུགས་ཕྱུག་སྒྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་བྱེད་ཐབས་དེར་ཁས་ལེན་གང་ལེགས་གནང་།
ཆུ་བོ་དྭངས་མོར་འགྱུར་ཆེད། དཔལ་འབྱོར་དམིགས་བསལ་ས་ཁུལ་ཡིན་པའི་ཧྲེན་ཀྲེན་གྱིས་ཆུ་བོ་བཅོས་སྐྱོང་དང་སྤུས་ཀ་མདོར་གཏོང་བའི་མཁྲེགས་གཏོར་དམག་འཐབ་བརྒྱབ། ལོ་ན་དོན་གསུམ་ལ་བུད་ཡོད་པའི་གཞིས་དམངས་ཧོང་ཡའོ་ཐང་གིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྔོན་ཆད་ཀྱི་མའོ་ཀྲོའུ་ཆུ་བོ་ནི“སྣག་ཚ་ལས་ནག་ལ། རྡོ་སྣུམ་ལས་ཀྱང་གར”ཟེར། 2016ལོ་ནས་བཟུང་ཧྲེན་ཀྲེན་གྱིས་སྙིང་རུས་ཆེན་པོས་མགོ་ཁུངས་ནས་བཅོས་སྐྱོང་བྱས་པས། གཞིས་དམངས་རྣམས་ཀྱིས་བལྟས་བལྟས་རིག་རིག་ལ“མའོ་ཀྲོའུ་ཆུ་བོ་སྔར་ལས་དྭངས་ཤིང་སྔར་ལས་མཛེས་པར་གྱུར་ཏེ། ལན་རེར་སྐྱར་མོ་འཕུར་ལྡིང་བྱེད་པའི་རྣམ་པའང་མཐོང་ཐུབ། ”ད་ལྟ་ས་གནས་དེ་རྙོག་རྫོབ་ལྷོད་གསུམ་དང་ཁ་བྲལ་ཏེ་མཐོ་ཞིབ་རྩེ་གསུམ་པང་དུ་བསྡམས་ཡོད། ཆུ་བོའི་འགྲམ་ངོགས་ཀྱི་ཆོན་ཀྲི་ཚན་རྩལ་གསར་སྐྲུན་གླིང་དུ་ཚན་རྩལ་ཁེ་ལས་བརྒྱ་དང་བརྒྱད་ཅུ་ཡོད་པས། ལོ་རེའི་ཐོན་རིན་སྒོར་དུང་ཕྱུར་བརྒྱད་ཅུ་ལ་སླེབས་ཡོད།
ཧྥུའུ་ཁྲུན་གཙང་པོའི་འགྲམ་ངོགས་སུ་ཡོད་པའི་ཧྥུ་དབྱང་གིས་ཀྱང་བློ་ཐག་རྦད་ཆོད་ཀྱིས་ཐང་ཐུའེ་ཤོག་བཟོ་དང་དེ་དང་འབྲེལ་བའི་ཁེ་ལས་སྟོང་གཅིག་ལྷག་ལེགས་སྒྱུར་བྱས་པ་དང་། ཚ་གློག་བཟོ་གྲྭས་ཀྱང་རང་ཉིད་ཀྱི་འགན་འཁྲི་ཡོངས་སུ་རྫོགས་པས། ས་གནས་མང་ཚོགས་ཀྱིས་ཀུ་རེའི་ཚུལ་དུ“དྲི་མ་ཞིམ་པོ་གསུམ”དུ་འབོད་པའི་དུ་ཁུང་དེ་དག་ཀྱང་ན་ནིང་གི་ཟླ་བཅུ་པར་བཤིག་མགོ་བརྩམས།
ད་ལྟའི་ཧྥུ་དབྱང་དུ། ཐོན་ལས་རྙིང་པ་ཐང་ཐུའེ་རིགས་སྒྱུར་བྱས་པའི་ཤུལ་དུ། ལག་རྩལ་མཐོན་པོའི་ཁེ་ལས་སྐོར་ཞིག་འགུག་ཐུབ་པའི་ཧྥུའུ་ཁྲུན་ཝན་མཁར་གསར་ཞེས་པ་ཞིག་ལས་ཡོད་པས། དུས་རབས་གསར་པའི་ཧྥུའུ་ཁྲུན་རི་བོའི་མཛེས་སྡུག་གི་རི་མོ་ཞིག་འབྲི་བཞེངས་བྱེད་ཀྱིན་པའི་སྒང་རེད།
སྔོན་ལ་སྦགས་བཙོག་བཟོས་ཏེ་རྗེས་སུ་བཅོས་སྐྱོང་བྱེད་པའི་ཐབས་ལམ་རྙིང་བ་དོར་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་འཚོལ་སྙེག་བྱེད་པ་ནི། ཁེ་ལས་ཤིག་དང་གྲོང་ཁྱེར་ཞིག་ལ་མཚོན་ན་འགྲན་རྩོད་ཆེན་པོ་ཞིག་ཡིན་ལ། ཀྲུང་གོའི་དཔལ་འབྱོར་ལ་མཚོན་ནའང་ངེས་པར་དུ་བརྒལ་དགོས་པའི་འགག་སྒོ་ཞིག་རེད།
ང་ཚོ་གོམ་པ་བརྟན་པོས་འགག་སྒོ་འདི་བརྒལ་བཞིན་པའི་སྒང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་སྔར་ལས་མཐུན་སྦྱོར་ཡོང་ཡོད། ན་ནིང་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་བརྒྱ་ལ་སླེབས་པས། འཛམ་གླིང་གི་ཨང་གཉིས་པ་རེད།
དེ་ལས་ཀྱང་དགའ་འོས་པ་ཞིག་ནི། པྲོག་གསར་གློ་ཚད་རིམས་ནད་ཀྱི་རྡུང་རྡེག་ལ་ཁ་གཏད་ནུས་ལྡན་བྱས་པའི་རྨང་གཞིའི་སྟེང་། ད་ལོའི་དུས་ཚིགས་གཉིས་པའི་ཀྲུང་གོའི་དཔལ་འབྱོར་ཐད་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཉིས་འཕར་ཚད་མངོན་འགྱུར་བྱུང་བས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དངོས་ཚན་ཁྲོད་འཕར་ཚད་སྔ་མོར་སླར་གསོ་བྱུང་། ཀྲུང་གོས་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པའི་སྟེང་གི་མཐོང་རྒྱ་དང་གཏན་ཤུགས་མངོན་པར་མཚོན་པ་དེས། འཛམ་གླིང་ཡོངས་ཀྱི་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་འབྱུང་བའི་ཐད་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད།
མི་རབས་རྗེས་མ་རྣམས་ལ་ནམ་མཁའ་སྔོ་ཞིང་ས་གཞི་ལྗང་ལ་ཆུ་བོ་དྭངས་པའི་ཁྱིམ་གཞིས་ཤིག་བསྐྲུན་ཆེད། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་ཁྲོད་ནས་ཡུལ་ཁམས་གསར་པ་ཞིག་ཏུ་བསྐྱོད་དགོས།
སྟོན་མགོ་ཚེས་པས། ལོ་ལེགས་ཀྱི་འབྲས་བཟང་ལྡན་པའི་རེ་བ་སྨིན། ཅི་ལིན་ཞིང་ཆེན་ལི་ཧྲུའུ་རྫོང་ཆོན་ཡན་ཀུག་སྡེ་བའི་ཞིང་ནང་དུ། མཐའ་ཡས་པའི་མ་རྨོས་ལོ་ཏོག་ལ་སྙེ་མ་ཆགས་ཏེ། ལོ་ལེགས་འབྱུང་བའི་སྐལ་བཟང་གི་དུས་སྐབས་སུ་སླེབས་ཡོད། མ་རྨོས་ལོ་ཏོག་འདེབས་མཁན་ཀྲང་ཝུན་ཏི་ཡིས་ལོ་ཏོག་ལ་དོ་དམ་བྱེད་ཀྱིན་པའི་སྒང་རེད།
“བྱེད་ཐབས་ནུས་ལྡན་སྤྱད་དེ་ས་ནག་ཅེས་པའི་རྨོ་ཞིང་ཁྲོད་ཀྱི‘རྒྱལ་ཁབ་ཀྱི་ནོར་བུ’འདི་ལ་སྲུང་སྐྱོབ་ལེགས་པོ་དང་བེད་སྤྱོད་ལེགས་པོ་བྱས་ཏེ། ནམ་ཡང་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏུ་འཇུག་དགོས། ”ད་ལོའི་ཟླ་བདུན་པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་འདི་རུ་རྟོག་ཞིབ་བྱེད་སྐབས་ས་ནག་འདི་ལ་སྲུང་སྐྱོབ་བྱེད་དགོས་པའི་ཐད་ནས་བླང་བྱ་གསལ་པོ་བཏོན། ཀྲང་ཝུན་ཏི་ཡིས་ཡིད་འགུལ་ཐེབས་པའི་སྒོ་ནས“འབྲུ་རིགས་ནི་རྒྱལ་ཁབ་ཀྱི་གཞི་རྩ་ཡིན་ལ། ས་ནག་ནི་ང་ཚོ་ཞིང་པ་རྣམས་ཀྱི་གཞི་རྩ་ཡིན”ཟེར།
ཀྲང་ཝུན་ཏི་ཡིས་མ་རྨོས་ལོ་ཏོག་གི་ས་ཞིང་སྤྱི་ཆིང་བཞི་བརྒྱ་ཉི་ཤུ་འགན་གཙང་ལེན་བྱས་པ་དང་། ལོ་འདི་འགའི་རིང་ལ་ཁོས་ཞིང་ལས་ལག་རྩལ་པའི་རོགས་རམ་འོག་རྨོ་མི་དགོས་པའི་ལག་རྩལ་བཀོལ་སྤྱོད་བྱས། སྟོན་ཁར་མ་རྨོས་ལོ་ཏོག་གི་སོག་མ་ཞིང་ནང་ཡོངས་སུ་ཁེབས་པར་བྱས་རྗེས། ཕྱི་ལོའི་དཔྱིད་ཀར་རྨོ་མི་དགོས་པའི་འདེབས་འཛུགས་འཕྲུལ་ཆས་ཀྱིས་ཐད་ཀར་འདེབས་འཛུགས་བྱས་པས་ཆོག དེ་ལྟར་བྱས་ན་ཞིང་སར་རླུང་ཟད་དང་ཆུ་ཟད་འབྱུང་བ་འགོག་ཐུབ་པར་མ་ཟད། ས་ཞིང་གི་རྫས་འདུས་ཚད་ཇེ་མང་དུ་གཏོང་ཐུབ། ལོ་ངོ་མང་པོའི་རིང་ལ་བེད་སྤྱོད་ཚད་བརྒལ་བྱས་པ་ལས་བཟོས་པའི་ས་བཅུད་ཉམས་པའི་གནད་དོན་རིམ་གྱིས་ལེགས་བཅོས་ཐོབ་པས། ཀྲང་ཝུན་ཏི་ཡི་གདོང་ལ་འཛུམ་གྱིས་ཁེངས་བཞིན“ད་ལོའི་མ་རྨོས་ལོ་ཏོག་གི་སྐྱེས་ཚུལ་ངོ་མ་ཡག་པོ་འདུག”ཟེར།
ལི་ཧྲུའུ་ནས་བྱང་ཕྱོགས་སུ་སྤྱི་ལེ་བདུན་བརྒྱ་ཙམ་གྱི་མཚམས་སུ་ཡོད་པའི་ཧེ་ལུང་ཅང་དབྱི་ཁྲུན་གྲོང་ཁྱེར་གྱི་རྣམ་པ་ཡང་གསར་པ་གསར་རྐྱང་དུ་བསྒྱུར་འདུག
གནས་དེ་ནི་ཞའོ་ཞིན་ཨན་ལིན(小兴安岭)གྱི་དབུས་རྒྱུད་དུ་ཡོད་པས། སྔོན་ཆད་ག་ས་གང་དུ་ནགས་ཚལ་གྱིས་ཁེངས་ཡོད། རང་བྱུང་ནགས་དེ་ཚོང་ལས་རང་བཞིན་གྱི་གཅོད་གཏུབ་བྱེད་པ་ཁྱོན་ཡོངས་ནས་མཚམས་བཞག་རྗེས། ནགས་ཚལ་གྱིས་ཁེངས་པའི་གྲོང་ཁྱེར་དེ་སྐྱེ་ཁམས་སྡོད་འཚམ་གྲོང་ཁྱེར་དུ་བསྒྱུར་མགོ་བརྩམས་པ་དང་། ནགས་ཚལ་ཡུལ་སྐོར་ནི་དཔལ་འབྱོར་འཕར་བའི་འཕྲུལ་སྒུལ་འཁོར་ལོ་ལྟ་བུར་གྱུར།
ནགས་ཚལ་སྤྱི་ཆིང་ས་ཡ་བཞི་དང་བརླན་ས་སྤྱི་ཆིང་འབུམ་བཞི། ཆུ་བོ་བདུན་བརྒྱ་ལྷག་བཅས་ཡོད་པ་དང་། མུས་གྲུ་བཞི་ལྷམ་པ་རེའི་མཁའ་དབུགས་ཁྲོད་མོ་དབྱང་གྱེས་རྡུལ་ཁྲི་གཉིས་རེའི་ཡན་འདུས་པ་སོགས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡིས་དབྱི་ཁྲུན་ནི་ཡུལ་སྐོར་པ་རྣམས་ཀྱི་ཆེས་དགའ་བསུ་ཐོབ་པའི་ས་ཆ་རུ་གྱུར་ལ། རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱེད་པའི་མང་ཚོགས་རྣམས་ཀྱིས་སྐྱེ་ཁམས་ཐད་ཀྱི་ཟ་མ་ཟོས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་།
ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་སྟངས་ཤིག་ཆགས་པར་སྐུལ་འདེད་གཏོང་དགོས་ལ། དེ་ནི་འཕེལ་རྒྱས་ལྟ་བའི་ཐད་ཀྱི་གསར་བརྗེ་ཆེན་པོ་ཞིག་རེད།
རྒྱལ་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། སྐྱེ་ཁམས་ཁོར་ཡུག་གི་ཞན་ཆ་རེ་རེ་ཁ་གསབ་བྱས་ཤིང་། ལྗང་མདོག་འཕེལ་རྒྱས་ལ་བར་ཆད་བཟོ་བའི་སྒྲིག་སྲོལ་དང་ལམ་ལུགས་ཡོད་ཚད་གཏོར་བཞིན་པའི་སྒང་རེད།
—བྱང་གསུམ་འགོག་སྲུང་ནགས་ཚལ་དང་རང་བྱུང་ནགས་སྲུང་སྐྱོབ། རྨོ་བསྐྱུར་ནགས་སྐྱོང་རྩྭ་སྐྱོང་སོགས་ཀྱི་སྐྱེ་ཁམས་བཟོ་འགོད་ཆེན་པོ་སྐོར་ཞིག་ལག་བསྟར་བྱས་པས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རྒྱལ་ཡོངས་ཀྱིས་བསྡོམས་པས་ནགས་ཚལ་མུའུ་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་བསྐྲུན་པ་དང་། སྐྱེ་ཁམས་ཁེ་སྤོགས་བསྟུད་མར་མངོན་ཞིང་། ལྗང་མདོག་གི་ཡུལ་ཁམས་མུ་མཐུད་དུ་ཇེ་ཆེར་སོང་།
—རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་མྱུར་དུ་བསྐྲུན་པས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བས་དོ་དམ་སྒྲིག་སྲོལ་མཐུན་སྒྲིག་དང་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཤུགས་སྣོན་པའི་ཕྱོགས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
—ཆུ་བདག་ལམ་ལུགས་དང་མཚེའུ་བདག་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་པས། ཆུ་བོ་རེ་རེ་དང་མཚེའུ་རེ་རེ་ལ་ཆེད་དམིགས་སྲུང་སྐྱོབ་པ་ཡོད་པར་གྱུར་ལ། དམངས་ཁྲོད་ཀྱི་ཆུ་བདག་དང་མཚེའུ་བདག་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ལས་རྐང་སྟེང་བུད།
རི་བོ་ནམ་ཡང་སྔོ་ཞིང་། ཆུ་བོ་ནམ་ཡང་དྭངས་དགོས། མི་སུ་དང་སུ་ཞིག་གི་སེམས་སུའང་མ་ཡུམ་ཆུ་བོ་ཞིག་ཉར་ཡོད་པ་ནང་བཞིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུའང་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཉར་ཡོད། ཁོང་གིས“མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་ཡུན་རིང་འཕེལ་རྒྱས་ཡོང་བ་དང་འབྲེལ་བའི་ཡུན་རིང་གི་ཇུས་ཆེན་ཞིག་ཡིན”ཞེས་པའི་བསླབ་བྱ་ནན་མོ་གནང་མྱོང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་དུ“སྲུང་སྐྱོབ་དམ་དུ་བཟུང་ནས། གསར་སྤེལ་ཆེན་མོ་མི་བྱེད”པ་དང་། སྐྱེ་ཁམས་དམིགས་སུ་བཟུང་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་བགྲོད་ལམ་གསར་པ་ཞིག་ཏུ་བསྐྱོད་དགོས་པའི་བཅོས་སྐྱོང་ཐབས་ལམ་བཏོན་པར་མ་ཟད།
རྨ་ཆུ་བཅོས་སྐྱོང་བྱེད་པའི་ཐད་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་སོགས་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱེད་པ་དང་། བྱ་བ་སྣ་ཚོགས་ལ་གཅིག་གྱུར་སྐུལ་འདེད་དང་མཐུན་སྦྱོར་མཉམ་སྡེབ་བྱེད་པར་ཤུགས་བསྣན་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་འཐབ་ཇུས་བཏོན།
ཆུ་བོ་ཆེན་པོ་ལང་ལོང་དྲག་ཏུ་བཞུར། ད་ལྟ་འབྲི་ཆུའི་ནད་ཡམས་དྲག་སྐྱེད་བྱུང་སྟེ། ཉ་དང་ཆུ་ཕག་གང་སར་མཐོང་ཐུབ། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་རྣམས་ཀྱང་ཁོད་ཡངས་པའི་འཕེལ་རྒྱས་ཀྱི་ལམ་དུ་གོམ་པ་བརྟན་པོས་བསྐྱོད་ཀྱིན་ཡོད་པ་དང་། འབྲི་ཆུའི་ལྷོ་བྱང་གི་མི་རྣམས་ཀྱིས་རང་ཉིད་ཀྱི་རྔུལ་ཆུ་ལ་བརྟེན་ནས་ཐུན་མོང་གི་ལྗང་མདོག་ཁྱིམ་གཞིས་སྐྲུན་བཞིན་ཡོད།
དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད་ལ། “དྲ་སྦྲེལ་དང་འོས་འགན་སྡོང་འཛུགས”སོགས་ཀྱི་རྣམ་པ་བསྟུད་མར་བསྐྲུན་པ་དང་། ན་གཞོན་ཕ་མ་རྣམས་ཀྱིས་བུ་ཕྲུག་ཁྲིད་དེ་སྡོང་རྐང་རེ་རེ་དངོས་སུ་བཙུགས་ཏེ། ས་གཞི་ཆེན་མོའི་སྟེང་དུ་ལྗང་མདོག་གི་ས་བོན་བཙུགས་ཤིང་ན་ཆུང་བྱིས་པའི་སེམས་སུ་བཙུགས། པེ་ཅིན་དང་ཧྲང་ཧའེ་སོགས་སུ་གད་སྙིགས་དབྱེ་འབྱེད་བྱེད་པ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་པས། མི་མང་པོ་ཞིག་ལྕགས་རྟར་ཞོན་ནས་ཕྱི་རོལ་དུ་འགྲོ་བ་དང་། དངོས་པོ་ཉོ་སྐབས་ཕྲག་ཏུ་འཁུར་ཡོད་པའི་རང་གྲབས་ཀྱི་ཁུག་མ་དེ་ནི་ཆེས་དར་ཁྱབ་ཆེ་བའི་ཁ་དོག་ཏུ་གྱུར་ཡོད།
མཛེས་པའི་སྐྱེ་ཁམས་དང་མཛེས་པའི་དཔལ་འབྱོར། མཛེས་པའི་འཚོ་བ་བཅས་ཀྲུང་གོ་གོམ་པ་བརྟན་པོས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་དེ་ནི། འཛམ་གླིང་ཧྲིལ་པོ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་ཕུལ་བའི་ཀྲུང་གོའི་རིག་སྟོབས་ཡིན།
ཉེ་བའི་ལོ་གསུམ་ལ། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས“སའི་གོ་ལའི་སྲུང་དམག་བྱ་དགའ”དེ་སོ་སོར་ཀྲུང་གོའི་སའེ་ཧན་པ་ནགས་ར་འཛུགས་སྐྲུན་བྱེད་མཁན་དང་། ཀྲེ་ཅང་ཞིང་ཆེན་གྱི“སྡེ་བ་སྟོང་གི་དཔེ་སྟོན་དང་སྡེ་བ་ཁྲི་ཡི་ལེགས་སྒྲིག”བཟོ་འགོད། “གྲོག་མའི་ནགས་ཚལ”ལས་གཞི་བཅས་ལ་བྱིན་པ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་ལག་ལེན་ཁྱོན་ཡོངས་ནས་ཁས་བླངས་པ་མཚོན་ཡོད་ལ། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་ཀྲུང་གོའི་ཁག་ཁུར་མངོན་ཡོད།
“‘རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན’ཞེས་པ་དེས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བའི་འདུ་ཤེས་ལ་འགྲེལ་བཤད་ཡག་པོ་བྱས་ཡོད།”མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་དབྱིང་ཨེ.ཨ་ནོ་སིན་གྱིས་འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་དང་མཉམ་དུ། ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཁོར་ཡུག་ལེགས་བསྒྱུར་བྱེད་དགོས་པར་བསྟན།
ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཁྲིད་སྟོན་འོག ཀྲུང་གོ་པ་དུང་ཕྱུར་བཅུ་བཞི་ཡིས་སྙིང་རུས་གཏན་འཁྱོངས་ཀྱིས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱས་ཏེ། བུ་རབས་ཚ་རྒྱུད་ལ་ནམ་མཁའ་སྔོ་ཞིང་ས་གཞི་ལྗང་ལ་ཆུ་བོ་དྭངས་པའི་མཛེས་པའི་ཁྱིམ་གཞིས་ཤིག་སྐྲུན་བཞིན་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།