མཚོ་ནུབ་ཁུལ་གྱི་ཐེམ་ཆེན་རྫོང་ནི་མཚོ་སྔོན་པོའི་ནུབ་བྱང་ཕྱོགས། ཚྭ་འདམ་གཞོང་གི་ཤར་ཕྱོགས་སུ་ཡོད་ལ། དུས་ཡུན་རིང་བོའི་ནང་། རྫོང་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ཇེ་ཞན་ཡིན་པ་དང་། ཕྱུགས་ལས་ཐོན་སྐྱེད་རྗེས་ལུས་ཡིན་པ། མི་ཕྱུགས་རྩྭ་གསུམ་བར་གྱི་འགལ་བ་ཉིན་རེ་བཞིན་འབུར་ཐོན་ཡིན་ཞིང་། མང་ཚོགས་ཀྱི་ཡོང་འབབ་རིམ་བཞིན་མར་ཆག་པའི་གནད་དོན་ཇེ་མང་དུ་འགྲོ་བཞིན་ཡོད། མི་ཕྱུགས་རྩྭ་གསུམ་བར་གྱི་འབུར་ཐོན་འགལ་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཐེམ་ཆེན་རྫོང་གིས་བཅོས་བསྒྱུར་གསར་སྤེལ་སྒུལ་ཤུགས་སུ་བརྩིས་ཏེ། རྩྭ་སའི་ཕྱུགས་ལས་ལས་རིགས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་བ་དང་། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་ལུགས་གསར་སྤེལ་བྱེད་པ་གཙོ་གནད་དུ་བཟུང་སྟེ། རྩྭ་ས་སྲུང་སྐྱོབ་དང་ཕྱུགས་ལས་ཀྱི་ཕན་འབྲས་འཕར་བ། མང་ཚོགས་ཀྱི་ཡོང་འབབ་མཐོར་འདེགས་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱ་ཆེད། སྟོབས་ཤུགས་ཡོད་དགུས་སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་ཀྱི་ངོ་བོ་བསྒྱུར་བ་དང་རིམ་པ་ཇེ་མཐོར་བཏང་། ཞིང་ཆེན་དང་ཁུལ། རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག སེང་གེ་ཡུལ་ཚོ་གཡང་ལུང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོགས་མཉམ་ལས་ཁང་བཞི་མཉམ་འབྲེལ་བྱས་ཏེ་སེང་གེ་ཚོ་བཞི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་མཉམ་འབྲེལ་ཁང་སྒྲིག་འཛུགས་བྱས།
2015ལོའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། ཐེམ་ཆེན་རྫོང་གི་གཡང་ལུང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་འོ་ལུང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་། རྐྱང་ཐང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་། ཤུག་ལུང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཅས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་རིམ་པའི་མཉམ་འབྲེལ་ཁང་ཐོག་མ་སྟེ་སེང་གེ་ཚོ་བཞི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས། མཉམ་ལས་ཁང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཐོན་ལས་གསུམ་པའི་འཕེལ་རྒྱས་ལ་བརྩོན་ལེན་བྱས་ཤིང་། སེང་གེ་གསོལ་ཁང་ཆེན་མོ་འཛུགས་སྐྲུན་བྱས་པ་དང་ཆབས་ཅིག བཟའ་བཏུང་དང་སྐམ་ལུག་གི་ཤ་ལས་སྣོན། གློག་རྡུལ་ཚོང་དོན་སོགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་། མཉམ་ལས་ཁང་གི་མི་སྣའི་སྣེ་ཁྲིད་དེ་མུ་མཐུད་དུ་སྐྱོན་བྲལ་འཕེལ་རྒྱས་འབྱུང་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་བཅོས་བསྒྱུར་རིམ་འཕར་གྱི་གོམ་པ་མདུན་དུ་སྤོས།
མཉམ་ལས་ཁང་གི་བྱེད་སྟངས་གཙོ་བོ་ནི། གཅིག་ནས་མཉམ་ལས་ཁང་གི་ཐོན་ཁུངས་གཅིག་སྡུད་དང་། མ་རྐང་ལམ་ལུགས་ལ་བསྒྱུར་བར་སྐུལ་འདེད་བྱས་ཏེ། གཞི་ཁྱོན་ཅན་གྱི་ཚོང་གཉེར་མངོན་འགྱུར་བྱས།
སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་མཉམ་ལས་ཁང་དང་མཉམ་ལས་ཁང་བཟང་བོ་དག་མཉམ་སྦྲེལ་བྱས་པ་ཞིག་ཡིན་ལ། སེང་གེ་ཚོ་བཞི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་སྔར་གྱི་མཉམ་ལས་ཁང་གི་རྨང་གཞི་ལས། མཉམ་ལས་ཁང་ནང་ཁུལ་གྱི་འོས་འགན་དང་འགན་འཁྲི་ལྟར། མ་རྐང་དུ་བཞག་པའི་ནོར་ལུག་ཁྱུ་བཀར་ཏེ་གསོ་སྤེལ་བྱེད་པ་དང་། རྩྭ་ས་གཅིག་སྡུད་དང་བསྐྱར་དུ་བགོས་ཏེ་ཕྱུགས་འཚོ་བ། མི་ཤུགས་དགོས་མཁོ་ལྟར་བགོ་བ། མ་དངུལ་བཀོད་སྒྲིག་ལེགས་བཅོས་བྱས། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཁང་གི་གཞི་ཁྱོན་ཅན་དང་རྩ་འཛུགས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་། ཕན་ནུས་མཐོ་བའི་གསོ་སྤེལ་ལག་རྩལ་ཁྱབ་གདལ་བཀོལ་སྤྱོད་ཇེ་མགྱོགས་སུ་བཏང་ཞིང་། ཧུར་ཐག་གིས་རྒྱུད་བཟང་དང་སྤུས་བཟང་གཟན་ཆས། བྱེད་ཐབས་ལེགས་པོ་བཅས་ཕྱོགས་བསྡུས་མཐུན་སྦྱོར་དང་ཁྱབ་སྤེལ་བྱས་ཏེ། ནོར་ནག་དང་བོད་ལུག་གི་ཐོན་སྐྱེད་ནུས་པ་སྔར་ལས་ཇེ་མཐོར་བཏང་། ཁོངས་མི་སོ་སོས་ཧུར་བརྩོན་བྱས་པ་བརྒྱུད་དེ། མཉམ་ལས་ཁང་གི་ཐོག་མའི་མ་དངུལ་སྒོར་ས་ཡ་དགུ་འབུམ་དྲུག་ཁྲི་བརྒྱད་རྒྱ་བསྐྱེད་དེ་སྒོར་བྱེ་བ་གཅིག་འབུམ་བརྒྱད་ཁྲི་བཞིར་སླེབས་པ་དང་། ཐོག་མའི་མ་རྐང་གི་སྤྱི་གྲངས་སྟོང་གཅིག་དགུ་བརྒྱ་སོ་དྲུག་རྒྱ་བསྐྱེད་དེ2168ལ་སླེབས་ཤིང་། ཐོག་མའི་ཁྱིམ་ཚང202དེ་ཁྱིམ་ཚང294ལ་འཕར་བ་དང་། ཐོག་མའི་མི་གྲངས808ནས1145ལ་འཕར་ཏེ། རིམ་བཞིན་ཡུལ་ཚོ་དང་གྲོང་རྡལ་བརྒལ་བའི་རྣམ་པ་གསར་བའི་ཕྱུགས་ལས་ཚོང་གཉེར་གྱི་འཕེལ་རྒྱས་གྲུབ།
གཉིས་ནས་ཕྱོགས་མང་པོའི་མ་དངུལ་གཅིག་བསྡུས་དང་ཐོན་ལས་མང་པོ་ཕན་ཚུན་མཉམ་སྒྲུབ་ཀྱི་རྣམ་པ་འཛུགས་སྐྲུན་བྱས་ཏེ། ཆེས་ཆེ་བའི་ཕན་འབྲས་མངོན་འགྱུར་བྱས།
སེང་གེ་ཚོ་བཞི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་བྱེད་ཐབས་མང་པོ་སྤྱད་ཅིང་ཤུགས་ཆེན་པོས་འཚོལ་ཞིབ་བྱས་ཏེ། ཁེ་ཕན་མཉམ་རོལ་དང་ཉེན་ཁ་མཉམ་ཁུར་གྱི་རྩ་དོན་ལྟར། རྩྭ་ས་གཅིག་བསྡུས་ཀྱི་ཁ་གསབ་དང་བྱ་དགའ། ཚོད་ལྟའི་ཁུལ་འཛུགས་སྐྲུན། དབུལ་སྐྱོར་མ་དངུལ་དང་ཞིང་པར་རོགས་སྐྱོར་གྱི་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གཉིས་ལྷག་གིས། སེང་གེ་གསོལ་ཁང་ཆེན་མོ་འཛུགས་སྐྲུན་བྱས་པ་དང་། མཉམ་ལས་ཁང་གི་ཕྱུགས་ལས་ཐོན་རྫས་ལས་སྣོན་དང་འཁྱགས་ཉར། མཛོད་ཉར་སོགས་འཛུགས་སྐྲུན་བྱས་པས། མ་དངུལ་སྣ་ཚོགས་ཀྱི་བཀོལ་སྤྱོད་ཕན་ནུས་ཇེ་ཆེར་ཕྱིན།
གསུམ་ནས་འཁོར་སྐྱོད་ཚོང་གཉེར་གྱི་མ་ལག་འཐུས་ཚང་དུ་བཏང་ཞིང་། དོ་དམ་ལམ་ལུགས་འཛུགས་སྐྲུན་བྱས་ཏེ། ཚོང་གཉེར་གྱི་དོ་དམ་ཆུ་ཚད་མཐོར་འདེགས་བྱུང་།
མཉམ་འབྲེལ་མཉམ་ལས་ཁང་ཐོག་མར་སྤེལ་བའི་དུས་སུ། འཁོར་སྐྱོད་མ་ལག་དང་ལམ་ལུགས་འཐུས་ཚང་མིན་པས། མང་ཚོགས་ཀྱིས་གསོལ་ཁང་ཆེན་མོའི་ཚོང་གཉེར་ཐོན་སྐྱེད་ཕྱོགས་ལ་དོགས་པ་ཟ་བ་དང་། མ་རྐང་ཕྱིར་འཐེན་པའི་སྣང་ཚུལ་ཡང་བྱུང་བས། མཇུག་དུས་ཀྱི་མ་དངུལ་ལ་དཀའ་ཁག་ཆེན་པོ་བྱུང་མྱོང་། དེ་བས་མཉམ་འབྲེལ་མཉམ་ལས་ཁང་གི་ཁོངས་མི་དག་སྲིད་གཞུང་དང་སློབ་གྲྭ་ཆེན་མོ་བའི་གཙོ་སྒྲུབ་མི་སྣས་མཛུབ་སྟོན་འོག འཁོར་སྐྱོད་མ་ལག་སྔར་ལས་འཐུས་ཚང་དུ་བཏང་བ་དང་། སྤྱི་ཁྱབ་འགན་འཛིན་པ་དང་སྤྱི་གཉེར་བ། སྡེ་ཁག་གི་སྤྱི་གཉེར་པའི་ཚོང་གཉེར་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ། དོ་དམ་ལམ་ལུགས་འཐུས་ཚང་སྒྲིག་འཛུགས་བྱས་ཤིང་། ཧུར་ཐག་གིས་གྲོས་མོལ་བཞི་དང་སྤྱི་བསྒྲགས་གཉིས་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ། ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས། ཆེད་སྤྱོད་ཀྱི་གཞུང་ལས་ཁང་སྒྲིག་འཛུགས་བྱས་པ་དང་། མཉམ་འབྲེལ་མཉམ་ལས་ཁང་གི་སྒྲིག་སྲོལ་དང་ནང་ཁུལ་གྱི་དོ་དམ་ལམ་ལུགས་གཏན་འབེབས་བྱས། ཕྱོགས་མང་པོའི་ཧུར་བརྩོན་ལ་བརྟེན་ནས། ཁོངས་མི34དང་དོ་དམ་མི་སྣ6ལ་འཕར་བ་དང་། དེ་ལས་ཆེད་ཚན་སློབ་གྲྭ་ཆེན་མོའི་དོ་དམ་མི་སྣས་བརྒྱ་ཆའི་དྲུག་ཅུ་ཟིན། 2018ལོར་གསོལ་ཁང་ཆེན་མོའི་མ་རྐང་གི་བགོ་བཤའི་ཚད་བརྒྱ་ཆའི་ལྔ་ནས་དྲུག་ལ་བསླེབས་ཡོད།
ཉེ་བའི་ལོ་འགའི་ནང་། སེང་གེ་ཚོ་བཞི་མཉམ་འབྲེལ་མཉམ་ལས་ཁང་གིས་མུ་མཐུད་དུ་གཞི་ཁྱོན་ཅན་དང་གཅིག་བསྡུས་ཅན། ཆེད་ལས་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་བས། ཕྱུགས་ལས་ལས་རིགས་ཐོན་སྐྱེད་དང་། གསོལ་ཁང་ཚོང་གཉེར་དོ་དམ། ཤའི་ཐོན་རྫས་ལས་སྣོན་དང་ཕྱིར་འཚོང་སོགས་ཀྱི་ཚོང་གཉེར་དོ་དམ་རྣམ་པ་གྲུབ་པས། མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུགས་ལས་གོང་དུ་འཕེལ་བ། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་གྱི་དམིགས་འབེན་མངོན་འགྱུར་བྱུང་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།