འགྱུར་ལྡོག་ནི་འཚོ་བའི་རྣམ་པ་ཙམ་མ་ཡིན་པར་ཁོར་སྲུང་འདུ་ཤེས་ཇེ་མཐོར་སོང་ཡོད།
2020.10.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

 རླངས་འཁོར་གྱི་སྒེའུ་ཁུང་ལས་བསྟུད་མར་མངོན་ཡོང་བ་ནི་མུ་མཐའ་མེད་པའི་རྩྭ་ཐང་དང་། ལྷུང་ལྷུང་དུ་བཞུར་གྱིན་པའི་ཆུ་བོ། དེ་མིན་ཨ་སྔོན་གནམ་ལ་ཟུག་པའི་གངས་རི་དང་རྫ་རི་བཅས་ཡིན།  ཉི་འོད་འཇམ་པོ་རྩྭ་ཐང་གི་ཁྱོན་དུ་ཤར་བ་དང་བསྟུན་ནས། ང་ཚོ་ཏག་ཏག་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་འབྱོར་བྱུང་།

མིག་ལམ་དུ་མངོན་ཡོང་བ་ནི་རྫོང་མཁར་གྱི་རྒྱབ་རི་དང་མདུན་རི་སྟེ། ལོ་འགའི་སྔོན་དང་བསྡུར་ན་རྩྭ་དང་རྩི་ཤིང་གི་སྐྱེས་སྟོབས་བཟང་ཞིང་། གྲ་དག་པའི་ཁང་བརྩེགས་དང་སྲང་ལམ་གཡས་གཡོན་ཀུན་ཏུ་གད་སྙིགས་དང་ས་རྡུལ་མེད་པའི་ཁར། ལྗོང་མདོག་གི་སྡོང་ཕྲུག་དང་མགོ་བོ་ལྡེམ་ལྡེམ་དུ་གཡོ་བའི་མེ་ཏོག་སྣ་བརྒྱའི་དྲི་ཞིམ་གྱིས་རྨ་ཆུའི་མགོ་ཁུངས་ཀྱི་མཁར་གྲོང་འདིར་སྔ་ན་མེད་པའི་རྣམ་པ་གསར་པ་ཞིག་ཤར་འདུག

ཆུ་དམར་ལེབ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་དང་། གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་སྲུང་སྐྱོབ་ཁུལ་དང་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་བྱང་ཁྲོད་ཚུད་ཡོད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཡོད་ལ། དེ་རུ་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་། སྐྱེ་དངོས་རིགས་རྒྱུད་སྣ་མང་རང་བཞིན། རང་བྱུང་མཛེས་ལྗོངས་སྣ་མང་རང་བཞིན་བཅས་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྲས་ཀྱི་གཅིག་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་མ་ལག་ཆེས་ཉམས་ཞན་དང་ཆེས་གདོད་མའི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན།

རྫོང་མི་རིགས་སློབ་འབྲིང་གི་སློབ་ཁྲིད་ཐོག་ཁང་གི་ཐེམ་སྐས་བརྒྱུད་དེ་སློབ་ཁང་དང་མལ་ཁང་གི་སྒོ་རེ་རེ་ཡུན་གྱིས་ཕྱེས་པ་ན། སྔོན་ཆད་དང་མི་འདྲ་བར། དགེ་སློབ་ཡོངས་ཀྱི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཤིང་། སློབ་མ་རྣམས་ཀྱི་གོན་པ་གཙང་ཞིང་གྲ་དག་པར་ཡོད།

ཆུ་དམར་ལེབ་རྫོང་ལ་དེ་ལས་ཀྱང་གཞན་དང་མི་འདྲ་བའི་ཐོབ་ཐང་ཞིག་ཡོད་པ་ནི། གཙང་བོ་དང་ཆུ་བོའི་མགོ་ཁུངས་ཡིན་པའི་ཆ་ནས་ཀྲུང་གོའི་ལྷོ་བྱང་རྒྱུད་ཀྱི་ཆུ་རྒྱུད་ཆེན་པོ་གཉིས་ཀྱི་ཆུ་ཁུངས་གཙོ་བོ་ཡིན། གཞན་ལས་ཁྱད་དུ་འཕགས་པའི་ཆུ་བོའི་ནུས་ཁུངས་ཀྱིས་འཛམ་གླིང་རིམ་པའི་རྒྱ་མཚོའི་ངོས་ལས་མཐོ་བའི་ས་ཁུལ་གྱི་ཁྱད་ཆོས་ལྡན་པ་རེད། ཤུགས་རྐྱེན་དེའི་དབང་གིས་འབྲོག་པ་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་བྱེད་སྟངས་དེ་སྣ་གཅིག་དུ་ཆགས་ཡོད་པས། བལྟོས་བཅས་ཀྱིས་བཤད་ན། མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་ཀྱི་ཆ་རྐྱེན་ཞན་ཤོས་དང་། དཔལ་འབྱོར་འཕེལ་རྒྱས་ཆེས་རྗེས་ལུས་ཡིན་པའི་རྫོང་ཞིག་རེད།

མཚོ་ངོས་ལས་མཐོ་ཚད་ལ་སྨི4400ཡན་དུ་ཆགས་པའི་མཐོ་སྒང་དུ། དུས་བཞིའི་གནམ་གཤིས་ཧ་ཅང་འཁྱག་སྟབས་ལོ་གཅིག་གི་ནང་དྲོད་ལེན་དུས་ཚིགས་ཟླ་བ་བཅུ་ཙམ་ཟིན་ཡོད། སྔོན་ཆད་རྨང་གཞིའི་སྒྲིག་བཀོད་ཅུང་རྗེས་ལུས་ཡིན་པས། གྲོང་ཁུལ་དུ་གཙོ་བོ་རྡོ་སོལ་ལ་བརྟེན་པ་དང་། འབྲོག་ཁུལ་ནི་ལྕི་བར་བརྟེན་ནས་དྲོད་ལེན་གྱིན་ཡོད་པ་རེད།

རྟ་མགྲིན་རྒྱལ་དང་སྐལ་རྡོ་སོགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཁུལ་གཞན་ནས་ཆུ་དམར་ལེབ་རྫོང་དུ་སློབ་གསོའི་ལས་ཀ་གཉེར་དུ་ཡོང་བའི་དགེ་རྒན་རེད། ལོ10ལྷག་གི་སྔོན་ལ། རྟ་མགྲིན་རྒྱལ་ལ་མཚོན་ན་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན་མ་ཐག་པའི་སློབ་མ་ཡིན་པས། ཁོའི་མི་ཚེ་འདིར་ཐོག་དང་པོར་ལས་ཞུགས་བྱེད་སའི་ས་ཆ་ནི་ཆུ་དམར་ལེབ་རྫོང་ཡིན་ཞེས་བརྗོད་ཆོག ད་ལྟ་ཕྱིར་འདང་རེ་བརྒྱབ་ཚེ་ནམ་ཡང་བརྗེད་ཐབས་མེད་པ་ནི་རྫོང་གི་སློབ་འབྲིང་དུ་རྡོ་སོལ་ལ་བརྟེན་ནས་དྲོད་ལེན་པ་དང་། ཡུལ་ཚོ་དང་སྡེ་བའི་སློབ་གྲྭ་རུ་ལྕི་བར་བརྟེན་ནས་དྲོད་ལེན་པའི་འཚོ་བ་དེ་ཡིན།

སྔོན་ཆད། ཡུལ་ཚོ་དང་གྲོང་རྡལ་གྱི་སློབ་གྲྭས་གཟའ་མཇུག་ཏུ་སླེབས་ཚེ་སློབ་གྲྭའི་དགེ་རྒན་དང་སློབ་མ་སྒྲིག་འཛུགས་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་མཐའ་སྐོར་གྱི་རྩྭ་སའི་སྟེང་ལྕི་བ་བཏུས་ནས་གཟའ་འཁོར་རྗེས་མའི་སློབ་ཁང་དུ་དྲོད་འདོན་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད། རྟ་མགྲིན་རྒྱལ་གྱིས་གློག་ཀླད་ནང་ཡོད་པའི་ལོ་བཅུ་ལྷག་གི་སྔོན་གྱི་འདྲ་པར་རྙིང་པ་འགའ་བསྟན་ནས་ཡར་སྔོན་གྱི་སློབ་རའི་ཆ་རྐྱེན་གླེང་བྱུང་། “ས་བབ་ཀྱི་གནས་ཚུལ་དང་། གྲོང་ཁྱེར་གཞན་པ་དང་རྒྱང་ཐག་རིང་བ། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་གྱི་དབང་གིས། སྐབས་དེར་མཚོན་ན་རྡོ་སོལ་ནི་ཆུ་དམར་ལེབ་རྫོང་དུ་ཧ་ཅང་དཀོན་པོ་རེད། རྡོ་སོལ་གྱིས་མི་འདང་བ་དེ་གནད་དོན་གཙོ་བོར་གྱུར་ཏེ། སྟོང་ཆ་འདི་ཁ་གསབ་བྱེད་ཆེད་ལྕི་བ་བཏུས་ནས་མེ་དྲོད་ལེན་པར་འབད་བཞིན་ཡོད།”

གཟའ་མཇུག་ཏུ་ལྕི་བ་མི་ཉུང་བ་ཞིག་བཏུ་ཐུབ་མོད། ལྕི་བ་འབར་ཚད་མགྱོགས་པས་སློབ་ཁང་ནང་གི་དྲོད་ཚད་སྲུང་འཛིན་བྱེད་པར་དེ་འདྲའི་ནུས་པ་མེད་པ་རེད། དྲོད་སྲུང་འཛིན་བྱེད་མི་ཐུབ་པའི་ཁར་སློབ་ཁང་དུ་ཨོང་རྡུལ་གྱིས་ཁེངས་འགྲོ་བས། རྟ་མགྲིན་རྒྱལ་ལ་མཚོན་ན་དེ་ནི་ཆེས་མགོ་བོ་ན་བའི་བྱ་བ་ཞིག་རེད།

ལོ་འགའི་རྗེས་སུ་ཨོང་བར་བརྟེན་ནས་མེ་དྲོད་གསོ་བའི་གནས་བབ་ནས་རྡོ་སོལ་གྱི་མེ་དྲོད་ལེན་པའི་བར་འགྱུར་ལྡོག་བྱུང་བ་རེད།

ལོ་ངོ་བདུན་ལྷག་གི་སྔོན་ལ། དགེ་རྒན་སྐལ་རྡོ་ཨོང་བ་སྦར་ནས་མེ་དྲོད་ལེན་པའི་དུས་སྐབས་དང་རིང་དུ་གྱེས་པར་དགའ་སྤྲོ་ཆེན་པོ་སྐྱེས་ནས།  ནམ་རྒྱུན་བློ་གཅིག་སེམས་གཅིག་གིས་སློབ་ཁྲིད་བྱེད་པར་བྲེལ་ཡོད། “རྡོ་སོལ་གྱིས་འདང་མི་འདང་ཐད་བསམ་བློ་གཏོང་མི་དགོས་པའི་སྟབས་ཡིན།”སྐལ་རྡོ་ཡིས་ཁོས་སློབ་མ་ཚོར་སློབ་ཁྲིད་བྱེད་པ་ལས་གཞན་དོན་ཆེན་ཞིག་ཡོད་པ་ནི། སློབ་མའི་ཚོགས་གཙོ་བཀོད་སྒྲིག་བྱས་ནས་སློབ་ཁང་དང་མལ་ཁང་གི་ལྕགས་ཐབ་ནང་མེ་བསྒོངས་ཏེ། དགེ་སློབ་ཡོངས་ཀྱིས་མེ་དྲོད་ལ་སེམས་ཁུར་བྱེད་མི་དགོས་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་དེ་ཡིན།

“སྐབས་དེར་སློབ་གྲྭའི་འཚོ་བའི་ཆ་རྐྱེན་ལ་རིམ་བཞིན་འགྱུར་ལྡོག་བྱུང་ནས། ལྕགས་ཐབ་ནང་དུ་རྡོ་སོལ་བླུགས་ནས་མེ་སྒོང་གིན་ཡོད་མོད། དགེ་སློབ་ཡོངས་ལ་རྡོ་དུག་ཕོག་པའི་ཉེན་ཁ་དེས་རེ་ཞིག་ང་ཚོ་དགེ་སློབ་ཡོངས་ཀྱི་སེམས་ཁམས་བདེ་ལ་འབབ་མ་ཐུབ།”

ལོ་ཟླར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། སྲིད་ཇུས་ཀྱང་རབ་དང་རིམ་པ་བྱུང་ནས་མང་ཚོགས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་ཡོད།

གནད་ཁེལ་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་པའི་རྗེས་ཀྱི་ལོ་སྟེ། 2016ལོར། ཆུ་དམར་ལེབ་རྫོང་གི་རྡོ་སོལ་བསྒོངས་ནས་དྲོད་རླངས་མཁོ་འདོན་བྱེད་པའི་ལས་གཞི་ལག་བསྟར་བྱས་པའི་ཚུན་དུ། རྫོང་མི་རིགས་སློབ་འབྲིང་ལའང་གཅིག་སྡུད་ཀྱིས་དྲོད་རླངས་མཁོ་འདོན་བྱེད་ཐུབ་པ་མངོན་འགྱུར་བྱུང་། འདིས་སློབ་མ་ཚོར་སྔར་ལས་དྲོ་སྐྱིད་ལྡན་པའི་ཁོར་ཡུག་ཅིག་འདོན་སྤྲོད་བྱས་ཡོད་པ་མཚོན་པར་མ་ཟད། དགེ་རྒན་སྐལ་རྡོ་ཚུད་པའི་དགེ་སློབ་ཡོངས་ཀྱིས་སློབ་མ་རྣམས་ལ་རྡོ་དུག་ཕོག་པའི་དོན་རྐྱེན་འབྱུང་བར་སེམས་ཁྲལ་བྱེད་མི་དགོས་པར་གྱུར།

རྒྱུས་ལོན་པ་ལྟར་ན། སྐབས་དེར་ཆུ་དམར་ལེབ་རྫོང་གིས་རྫོང་ཡོངས་སུ་སྡེ་ཁག71ལ་གཅིག་སྡུད་ཀྱིས་དྲོད་རླངས་མཁོ་འདོན་བྱེད་པའི་ལག་གཞི་ལག་བསྟར་བྱས། ལས་གཞི་ལག་བསྟར་བྱས་རྗེས་ཚོད་རྩིས་ལྟར་ན་ལོ་རེར་ཧ་ལམ་རྡོ་སོལ་ཏུན་ཁྲི་སུམ་སྟོང་གཉིས་བརྒྱད་བརྒྱ་སྤྱོད་ཀྱིན་ཡོད་ལ། ལོ་རེར་རྡོ་སོལ་ཐད་བཏང་བའི་འགྲོ་སོང་སྒོར་བྱེ་བ་གསུམ་ས་ཡ་དྲུག་ལྷག་ལ་སླེབས་ཀྱིན་ཡོད་པར་མ་ཟད། ད་དུང་གློག་དང་ཆུ་ཟད་གྲོན་དུ་འགྲོ་ཚད་མཐོ་བས་ལོ་རེའི་འགྲོ་གྲོན་ཧ་ཅང་མཐོ་བ་རེད།  གཞན་ང་ཚོས་ཡིད་ལ་ཤར་དཀའ་བ་ནི་དེ་ལས་བསྐྱེད་པའི་རླུང་ཁམས་ཆེན་མོར་ཐེབས་པའི་སྦག་བཙོག་ཅུང་ཚབས་ཆེན་ཡིན་པ་དེ་རེད། རྫོང་མཁར་དུ་ས་བབ་མཐོ་བའི་སྟབས་ཀྱིས་དྲོད་རླངས་འདོན་སྤྲོད་བྱེད་པའི་སྐབས་སུ་མི་མང་པོ་ཡུལ་གཞན་དུ་འགྲོ་བ་དང་། སློབ་གྲྭའི་གུང་གསེང་གི་སྐབས་སུ་རྫོང་མཁར་གྱི་དགེ་སློབ་མ་རྣམས་ཕྱིར་ཕ་ཡུལ་དུ་ལོག་འགྲོ་བས། གཅིག་སྡུད་ཀྱིས་དྲོད་རླངས་མཁོ་འདོན་བྱེད་པའི་ཐོན་ཁུངས་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད།

2018ལོ་ནས་བཟུང་། ཆུ་དམར་ལེབ་རྫོང་དུ་སློབ་གྲྭ་དང་སྨན་ཁང་སོགས་ལས་ཁུངས20ལྷག་ལ། རྡོ་སོལ་ནས་གློག་ལ་བསྒྱུར་བའི་ནུས་ཁུངས་གཙང་མའི་མཁོ་བསྟུན་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱས་ཏེ། དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་གྲུ་བཞི་མ་འབུམ་གཅིག་ཁྲི་གསུམ་ཙམ་ཟིན།

རྫོང་མི་རིགས་སློབ་འབྲིང་ནི་ཚོད་ལྟ་བྱེད་སའི་ལས་ཁུངས་དང་པོ་ཡིན་པའི་ཆ་ནས། 2019ལོར་སོལ་བསྲེགས་དྲོད་ལེན་གྱི་ལོ་རྒྱུས་དངོས་སུ་མཇུག་རྫོགས་པ་དང་། ལྕི་བ་དང་རྡོ་སོལ་ལས་མེ་དྲོད་ལེན་པའི་ལོ་ཟླ་དང་རིང་དུ་གྱེས། ལས་གཞི་ལག་བསྟར་བྱས་རྗེས་སློབ་གྲྭས་སྔར་ཡོད་ཀྱི་ཁྲོ་ཐབ་ཁང་གི་རྨང་གཞིའི་སྟེང་བསྐྱར་འཛུགས་བྱས་ནས་དགེ་སློབ་ཡོངས་ཀྱི་དགོ་མཁོ་སྐོང་བཞིན་ཡོད།

“དཀའ་ཚེགས་ཆེ་བའི་ལོ་ཟླ་གཏམ་རྒྱུད་དུ་སྣང་མོད། ང་ཚོས་བརྗེད་མི་ཉན་པ་ནི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ་མ་འོངས་པར་འབད་པ་བྱེད་དགོས། གློག་གི་ཐབས་ལ་བརྟེན་ནས་མེ་དྲོད་ལེན་པ་འདི་དངོས་ནས་མཚར་པོ་འདུག སྔོན་དང་བསྡུར་ན་དྲོད་ཆེ་བར་མ་ཟད་གཙང་མ་ཡང་ཡིན། ད་ལྟ་འདི་ལྟ་བུའི་ཕྱི་གསལ་ནང་གསལ་གྱི་སློབ་ཁང་དུ་སློབ་སྦྱོང་བཟང་པོ་བྱས་ཏེ། ཕ་ཡུལ་སྔར་ལས་དྭངས་ཤིང་གཙང་པ་ཞིག་ཏུ་བསྒྱུར་འདོད”ཅེས་ལོ་རིམ་གསུམ་པའི་སློབ་ཁང་དུ་འཇམ་དབྱངས་སྒྲོལ་མས་ཁོར་ཡུག་སྲུང་སྐྱོབ་སློབ་ཁྲིད་ལ་མཉན་རྗེས་དེ་ལྟར་བཤད་བྱུང་།

སྐྱེ་ཁམས་ཀྱི་གནས་བབ་དམིག་བསལ་ཡིན་པའི་ཆུ་དམར་ལེབ་རྫོང་ལ་མཚོན་ན། ནུས་ཁུངས་གཙང་མའི་དྲོད་རླངས་མཁོ་འདོན་བྱས་པ་ལས་འགྱུར་ལྡོག་བྱུང་བ་ནི་མི་རྣམས་ཀྱི་འཚོ་བའི་རྣམ་པ་ཙམ་མ་ཡིན་པར། སྲོལ་རྒྱུན་གྱི་དྲོད་ལེན་ཐབས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་ཐེབས་པ་དང་། ཚད་ངེས་ཅན་ཞིག་གི་ཐོག་ནས་རྨ་ཆུའི་མགོ་ཁུངས་ཀྱི་དྭངས་ཤིང་གཙང་བའི་ཆུ་བོར་སྲུང་སྐྱོང་བྱས་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།