རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ནས་འབྲོག་པ་མང་ཚོགས་ལ་ཕན་ཁེ་ཐོབ།
2020.12.14 ཁུངས། མི་དམངས་དྲ་བ། ཀློག་གྲངས། 16

 ལོ་ལྔར་ཚོད་ལྟ་བྱས་པ་བརྒྱུད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ས་ཞན་འགྱུར་གྱི་སྣང་ཚུལ་བཀག་འགོག་བྱུང་ནས། ལྟག་ཆུ་བསྐྱིལ་གསོག་གི་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར་བ་དང་། རྩྭ་སའི་ཁེབས་ཚད་དང་རྩྭའི་ཐོན་འབབ་ལོ་བཅུའི་སྔོན་དང་བསྡུར་ན་སོ་སོར11%དང30%ཡན་འཕར་ཡོད།

སྐྱེ་ཁམས་ཁ་གསབ་མ་དངུལ་ཞིང་ཆེན་ནོར་སྲིད་ཀྱིས་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་ཀྱིན་ཡོད་ལ།  ལོ་འཁོར་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་བདུན་ས་ཡ་གཉིས་ཟིན་ཞིང་།   ཁྱིམ་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་བསླེབས་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བའི་ཚུན་ལ།  ནོར་བུ་བསམ་གྲུབ་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར།  ལོ་ངོ་བཅུ་དྲུག་གི་སྔོན་དུ་ནོར་བུ་བསམ་གྲུབ་ཚང་གི་ཁྱིམ་མི་གང་བོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གདང་ལ་གྲོང་རྡལ་ནས་ན་གོར་མོ་གྲོང་ཁྱེར་ལྷོ་འདབས་ཀྱི་གནས་སྤོས་ཁུལ་གསར་འབྲི་ཆུའི་འགོ་ཁུངས་གྲོང་ཚོར་གནས་སྤར།

ཚོད་ལྟ་སྤེལ་བའི་ཚུན་ལ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཐོག་མཐའ་བར་གསུམ་དུ་འབྲོག་པ་མང་ཚོགས་ཀྱི་གནས་བབ་ལ་བརྩི་འཇོག་བྱས་ཏེ།  ཧུར་ཐག་གིས་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་འཚོལ་ཞིབ་བྱས་པ་དང་། སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་ཀྱི་དོ་དམ་བྱེད་ཐབས་དང་བྱས་འབྲས་དཔྱད་ཞིབ་ཀྱི་ལག་བསྟར་ཞིབ་སྲོལ་བཟོས་པ་རེད།

“གདང་ལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོའི་འབྲོག་པ་མང་ཚོགས་ཀྱི་འདོར་ཐབས་མེད་པའི་འགན་འཁྲི་ཡིན”ཞེས་ནོར་བུ་བསམ་གྲུབ་ཀྱིས་དེ་ལྟར་བཤད་བྱུང་། ཕ་ཡུལ་ནས་ཁ་བྲལ་ཏེ་ལོ་བཅུ་ཙམ་འགོར་བའི་ནོར་བུ་བསམ་གྲུབ་སྔ་མོ་ནས་གྲོང་ཁྱེར་དུ་གནས་སྤར་ཏེ་སྡོད་ཁང་གསར་བ་ལས་ཡོད་ལ།  རླངས་འཁོར་ཡང་ཉོས་ཡོད།  འོན་ཀྱང་སྐྱེ་ཁམས་ལྟ་སྲུང་གི་ལས་གནས་ཞིག་ཡོད་པ་ཐོས་སྐབས་ཁོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད་པ་རེད།

སྐྱེ་ཁམས་ལྟ་སྲུང་པ་ཞིག་བྱེད་ན་ཐོག་མར་གསོ་སྦྱོང་ལ་ཞུགས་དགོས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཆེད་དུ་བོད་རྒྱ་སྐད་གཉིས་ཀྱི་སྐྱེ་ཁམས་ལྟ་སྲུང་པའི་དགེ་རྒན་དཔུང་སྡེ་ཞིག་བཙུགས་ཏེ་སྐྱེ་ཁམས་ལྟ་སྲུང་པ་ཡོངས་ལ་གསོ་སྦྱོང་བྱས་ནས་ཁོ་ཚོའི་ལྟ་སྲུང་གི་བྱང་ཚད་ཇེ་མཐོར་བཏང་བ་རེད།

རྩ་ཆེའི་རི་སྐྱེས་སྲོག་ཆགས་དབྱེ་འབྱེད་དང་དམར་ཐིག་པར་ཆས་སྤྱོད་སྟངས་སོགས་ལ་སྦྱངས་རྗེས། ད་ལྟ་ནོར་བུ་བསམ་གྲུབ་ཟླ་རེར་གདང་ལ་རྩྭ་ཐང་དུ་ཐེངས་གཅིག་ལོག་དགོས་པ་དང་ལོག་ཐེངས་རེར་འགན་འཁྲིའི་ཁུལ་དུ་གཟའ་འཁོར་གཅིག་ལ་སྐོར་སྲུང་བྱས་ཏེ། རྩྭ་སའི་ཕྱུགས་རིགས་ཀྱི་ཐེག་ནུས་ལྟ་ཞིབ་ཚད་ལེན་དང་། རྩྭ་ཕྱུགས་དོ་སྙོམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ།  སྐྱེ་ཁམས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་བཀག་འགོག རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གནས་ཚུལ་བསྡོམས་རྩིས། བཅའ་ཁྲིམས་དང་ཁྲིམས་སྲོལ་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་ལས་ཀ་སྒྲུབ་པ་རེད། “ད་ལྟ་རྩྭ་སའི་སྐྱེ་ཁམས་ཇེ་ལེགས་ཇེ་བཟང་ཏུ་འགྲོ་བཞིན་ཡོད་པས་ང་ཚོས་དེ་བས་ཀྱང་སྲུང་སྐྱོབ་ཡག་པོ་བྱས་ཏེ་གནོད་འཚེ་སླར་ཡང་མི་འབྱུང་བ་བྱེད་དགོས”ལ། “ལོ་དེ་དག་གི་ནང་རྒྱལ་ཁབ་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་མཐོང་ཆེན་བྱས་པས། རྩྭ་ཐང་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་ནོར་བུ་བསམ་གྲུབ་ཀྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

2005ལོ་ནས་བཟུང་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་ལས་གཞི་ལག་བསྟར་བྱས་ཏེ་བྱེ་འགྱུར་རྩྭ་ས་བཅོས་སྐྱོང་དང་། ཕྱུགས་བཀག་རྩྭ་གསོ། ཡུལ་མི་གནས་སྤོ་སོགས་ཀྱི་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་བས་ཕན་འབྲས་མངོན་གསལ་ཐོབ་ཡོད། ལོ་ལྔར་ཚོད་ལྟ་བྱས་པ་བརྒྱུད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྩྭ་ས་ཞན་འགྱུར་གྱི་སྣང་ཚུལ་བཀག་འགོག་བྱུང་སྟེ་ལྟག་ཆུ་བསྐྱིལ་གསོག་གི་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་འཕར་བ་དང་། རྩྭ་སའི་ཁེབས་ཚད་དང་རྩྭའི་ཐོན་འབབ་ལོ10ཡི་སྔོན་དང་བསྡུར་ན་སོ་སོར11%དང་30%ཡན་འཕར་ཞིང་། ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར80ཡན་དུ་འཕར་ཡོད།

མིག་སྔར།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ནོར་བུ་བསམ་གྲུབ་ལྟ་བུའི་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་གཉིས་བརྒྱ་བཅུ་གཅིག་གིས་ལག་ཁྱེར་བཟུང་ནས་ལས་གནས་སུ་ཞུགས་ཡོད་པས། སྤྱི་གླིང་གི་འབྲོག་ཁྱིམ་རེ་ལ་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་རེ་ཡོད་པ་མངོན་འགྱུར་བྱུང་བ་མ་ཟད། ཡུལ་ཚོ་དང་གྲོང་རྡལ་གྱི་ལྟ་སྲུང་ས་ཚིགས་དང་།  སྡེ་བ་རིམ་པའི་ལྟ་སྲུང་རུ་ཁག   ལྟ་སྲུང་ཡན་ལག་རུ་ཁག་ཆུང་བ་བཅས་བཙུགས་ཡོད་པས། “གནད་ལ་འཁེལ་བ་དང་སྤྱི་ཡོངས་ལ་ཁྱབ་པའི” ལྟ་སྲུང་མ་ལག་ཅིག་རགས་ཙམ་གྲུབ་ཡོད།

སྐྱེ་ཁམས་ཇེ་བཟང་དུ་སོང་བ་ལས་འབྲོག་པ་མང་ཚོགས་ལ་དེའི་ཁྲོད་ནས་ཕན་ཁེ་ཐོབ་ཡོད། ངོ་སྤྲོད་བྱས་པ་ལྟར་ན།  སྐྱེ་ཁམས་ཁ་གསབ་མ་དངུལ་དེ་ཞིང་ཆེན་ནོར་སྲིད་ཀྱིས་གཅིག་གྱུར་བཀོད་སྒྲིག་བྱེད་ཀྱི་ཡོད་པ་དང་། ལོའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་བདུན་ས་ཡ་གཉིས་ཟིན་ཞིང་།  ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་ཡོད་པ་རེད།

ལོ་ཙཱ།སྒྲོལ་མ་སྐྱིད།