ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ།
2021.01.18 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 14

 ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་ཆབས་ཅིག་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཁག་སོ་སོར་དོན་དངོས་དང་ཟུང་འབྲེལ་བྱས་ནས་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ནགས་ཚལ་དང་རྩྭ་ཐང་ནི་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ལྡན། ནགས་ཚལ་དང་རྩྭ་ཐང་སོགས་སྐྱེ་ཁམས་མ་ལག་གི་བྱེད་ནུས་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་ཆེད། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་འགན་འཁྲི་གཙོ་བོ་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱེད་པར་བསམ་འཆར་བཏོན།

《བསམ་འཆར》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་སྒོས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་།  རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་གི་བླང་བྱ་གཞིར་བཟུང་ནས། རྒྱལ་ཡོངས་སུ་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི་ཁ་གསལ་བཟོ་བ། ཏང་སྲིད་ཀྱིས་འགན་འཁྲི་གཅིག་མཚུངས་འཁུར་བ་དང་། ཁོངས་གཏོགས་ས་ཆས་འགན་འཁུར་བ། སྡེ་ ཁག་གིས་མཐུན་སྦྱོར་བྱེད་པ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ། ས་ཁོངས་ཧྲིལ་པོར་ཁྱབ་པ་བཅས་ཀྱི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས།  སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

《བསམ་འཆར》ནང་། སྐྱེ་ཁམས་སྔོན་མ་བྱེད་པ་དང་སྲུང་སྐྱོབ་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། ནགས་ཚལ་བཅའ་ཁྲིམས་དང་རྩྭ་ཐང་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་ལམ་ལུགས་ནན་མོ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་ཤུགས་སྣོན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ། ནགས་ཚལ་དང་རྩྭ་ཐང་སོགས་ཀྱི་སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།

ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དམངས་ཕན་རྒྱུན་འཁྱོངས་བྱེད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ལག་ བསྟར་བྱེད་པ་དང་། ཧུར་ཐག་གིས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་སྐུལ་འདེད་བཏང་ནས། མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་དང་།  སྐྱེ་ཁམས་ཀྱི་ཐོན་རྫས་ལེགས་པོ།   སྐྱེ་ཁམས་ཞབས་ཞུ་སྤུས་ལེགས་བཅས་ཀྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།

གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་ཡུལ་བབ་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ས་ཁོངས་མི་འདྲ་བའི་ནགས་ཚལ་དང་རྩྭ་ཐང་སོགས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དོ་དམ་གྱི་འབུར་ཐོན་གནད་དོན་ལ་དམིགས་ནས། རིགས་དབྱེ་ཇུས་འདོན་དང་། ཚན་རིག་དང་མཐུན་པའི་དོ་དམ། ཕྱོགས་བསྡུས་བཅོས་སྐྱོང་། ནགས་འཕྲོད་སར་ནགས་འདེབས་པ། རྩྭ་འཕྲོད་སར་རྩྭ་འདེབས་པ། ཐང་རྒོད་འཚམ་སར་ཐང་རྒོད་དུ་འཇོག་པ་བཅས་བྱས་ནས། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།

ཏང་ཨུས་འགོ་ཁྲིད་དང་སྡེ་ཁག་གིས་མཉམ་འགུལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཏང་ཨུའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལྟེ་བར་བྱས་པའི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རིམ་པ་སོ་སོའི་ནགས་དཔོན་གྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ། ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། རིམ་པ་བཞིན་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་བྱེད་པའི་ལས་ཀའི་རྣམ་པ་གྲུབ་པར་བྱེད་དགོས་ཞེས་བསྟན་ཡོད།

《བསམ་འཆར》ནང་། ཞིང་ཆེན་སོ་སོས་སྤྱི་ཁྱབ་ནགས་དཔོན་གཏན་འཁེལ་བྱས་ནས། ཞིང་ཆེན་རིམ་པའི་ཏང་ཨུའམ་ཡང་ན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་འགན་འཁུར་དགོས་པ་དང་། སྤྱི་ཁྱབ་ནགས་དཔོན་གཞོན་པ་གཏན་འཁེལ་བྱས་ནས་ཞིང་ཆེན་རིམ་པའི་འགན་འཁུར་བློ་མཐུན་གྱིས་འགན་ཁུར་ཏེ། ཁུལ་དབྱེའི་འགན་འཁུར་ལག་བསྟར་བྱེད་དགོས། ཞིང་ཆེན་སོ་སོས་དོན་དངོས་གཞིར་བཟུང་ཏེ།  གྲོང་ཁྱེར་དང་། རྫོང་། ཡུལ་ཚོ་སོགས་ཀྱི་རིམ་པ་སོ་སོའི་ནགས་དཔོན་གཏན་འཁེལ་བྱེད་ཆོག ས་གནས་ཀྱི་རིམ་པ་སོ་སོའི་ནགས་ལས་དང་རྩྭ་ཐང་གཙོ་འགན་སྡེ་ཁག་གིས་ནགས་དཔོན་ལམ་ལུགས་རྩ་འཛུགས་ལག་བསྟར་གྱི་ཞིབ་ཕྲའི་ལས་དོན་གྱི་འགན་འཁུར་དགོས་ཞེས་བསྟན་ཡོད།

《བསམ་འཆར》ནང་། ས་ཁུལ་སོ་སོས་ས་ཁོངས་དང་ཐོན་ཁུངས་ཀྱི་ཁྱད་ཆོས་དང་རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ནགས་དཔོན་གྱི་འགན་འཁྲིའི་ས་ཁོངས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་དགོས། རིམ་པ་སོ་སོའི་ནགས་དཔོན་གྱིས་འགན་འཁྲིའི་ས་ཁོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་ལས་དོན་སྒྲིག་འཛུགས་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་དམིགས་འབེན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ།  ནགས་ཚལ་ཀྱི་ཁེབས་ཚད་དང་། ནགས་ཚལ་གསོག་ཉར་བྱེད་ཚད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད། བྱེ་འགྱུར་ས་ཆ་བཅོས་སྐྱོང་གཞི་ཁྱོན་སོགས་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩིས་ནས། ཡུལ་བབ་དང་བསྟུན་ནས་དམིགས་ འབེན་ལས་འགན་གཏན་འཁེལ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་འཕེལ་རྒྱས་ཀྱི་འཆར་འགོད་དང་འཆར་གཞི་གཏན་འཁེལ་སྒྲིག་འཛུགས་དང་། བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འགན་འཁྲིའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། འགན་འཁྲིའི་ས་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་མཐུན་སྦྱོར་དང་ཐག་གཅོད་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཁྲིམས་ལྟར་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་སྐུལ་འདེད་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་དང་གནོད་ལྡན་སྐྱེ་དངོས་འགོག་བཅོས་ཀྱི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་བྱེད་པ། ནགས་ཚལ་དང་རྩྭ་ཐང་ལས་རིགས་ཀྱི་སྲིད་འཛིན་ཁྲིམས་འཛིན་ནུས་ཤུགས་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན་ཡོད།

《བསམ་འཆར》ནང་།  ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ པར་ཤུགས་སྣོན་རྒྱག་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་ ནན་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱེད་དགོས། ནགས་ས་དང་རྩྭ་ཐང་དེ་འཛུགས་སྐྲུན་ལ་མཁོ་བའི་ས་ཆར་བསྒྱུར་བར་ཚོད་འཛིན་ནན་མོ་བྱ་དགོས་པ་དང་། སྐྱེ་ཁམས་ཀྱི་བྱེད་ནུས་ཁུལ་གཙོ་བོ་དང་སྐྱེ་ཁམས་ཁོར་ཡུག་གི་ཉམས་ཞན་ས་ཁོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ནགས་ཚལ་དང་རྩྭ་ཐང་ལ་གཏོར་བརླག་བཏང་ནས་གསར་སྦོལ་བྱེད་པ་གཏན་འགོག་བྱ་དགོས། སྤྱི་ཕན་ནགས་ཚལ་དོ་དམ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་གྱིས་གཅོད་པ་ཁྱོན་ཡོངས་ནས་མཚམས་འཇོག་པ། ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།  རྩྭ་ཐང་གི་ཕྱུགས་བཀག་རྩྭ་གསོ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལམ་ལུགས་དོན་འཁྱོལ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་ལ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་།   རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེའི་འཚོ་སྡོད་ས་ཁུལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་གཞིར་བཟུང་སྟེ། ཚན་རིག་དང་མཐུན་པར་སྐྱེ་ཁམས་ལ་མཁོ་བའི་ས་ཆ་དབྱེ་འབྱེད་བྱེད་པ་དང་། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་བྱ་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།  སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པ་དང་། པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ལ་སྐུལ་འདེད་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་སོགས་འཐབ་ཇུས་གལ་ཆེན་ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་པ་དང་འབྲེལ་ཡོད།  རྨོ་སྐྱུར་ནགས་གསོ་རྩྭ་འདེབས་དང་། བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་སོགས་གཙོ་གནད་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱ་དགོས། ནགས་ཚལ་གཉེར་སྐྱོང་དང་ཞན་འགྱུར་ནགས་ཚལ་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། སྡེ་ཁག་གི་ལྗང་སྒྱུར་འགན་འཁྲི་དོན་འཁྱོལ་དང་། འོས་འགན་སྡོང་འཛུགས་རྐྱེན་སྲོལ་གསར་གཏོད། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་འགན་འཁྲི་ཇེ་མཐོར་གཏོང་བ་བཅས་བྱ་དགོས།

ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།  ནགས་ཚལ་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་ས་གནས་སྲིད་གཞུང་གི་འགན་འཁྲི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ནགས་ཚལ་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཀྱི་གནོད་འཚེ་དེ་གནོད་འགོག་གནོད་སེལ་གྱི་མ་ལག་ཁྲོད་འཇོག་པ་དང་།  ནགས་ཚལ་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ལ་ལྟ་སྐུལ་དོ་དམ་དང་མཉམ་འགོག་མཉམ་བཅོས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།  རྩྭ་ཐང་གི་ཨ་བྲ་སོགས་ཀྱི་གནོད་འཚེ་འགོག་བཅོས་ལས་དོན་དམ་འཛིན་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད་གཞི་གཅིག་ཅན་དུ་རྒྱུན་འཁྱོངས་བྱས་ནས་ས་གནས་སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་མེ་སྐྱོན་གྱི་ཕྱོགས་བསྡུས་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

ནགས་ཚལ་དང་རྩྭ་ཐང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་ཁབ་ལ་དབང་བའི་ནགས་ཁུལ་གཙོ་བོ་དང་རྒྱལ་ཁབ་ལ་དབང་བའི་ནགས་རའི་བཅོས་སྒྱུར་གྱི་ གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། ནགས་ཚལ་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན་རྒྱག་པ། ནགས་ཁུལ་དང་ནགས་རྭ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རྩྭ་ཐང་འགན་གཙང་ལེན་གྱི་གཉེར་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྩྭ་ཐང་འཁོར་རྒྱུག་ཚད་ལྡན་དུ་གཏོང་དགོས། ཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་། ས་གནས་ཁག་གིས་བདག་དབང་དང་། འགན་གཙང་ལེན་གྱི་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་“དབང་ཆ་གསུམ་ལོགས་དབྱེ”དང་རྒྱུ་ནོར་བདག་དབང་གི་དབང་ཆ་འཐུས་ཚང་དུ་གཏོང་བའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ནས། ཤུགས་ཆེན་པོས་ལྗང་མདོག་དམངས་ཕྱུག་གི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་མ་གཏོང་དགོས།

ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་ལྟ་ཞིབ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ས་ཁོངས་ཀྱི་དུས་ཐོག་ལྟ་ཞིབ་ཚོད་འཛིན་དྲ་བ་རིམ་བཞིན་འཛུགས་པ། ཐོན་ཁུངས་ཀྱི་འགུལ་རྣམ་འགྱུར་ལྡོག་དུས་ཐོག་ཏུ་ཁོང་དུ་ཆུད་པ། ཉེན་ཟོན་སྔོན་བརྡ་དང་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བར་བློ་རིག་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས།

གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྐྱེ་ཁམས་ནགས་སྲུང་བ་སོགས་ལྟ་སྲུང་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དྲ་མིག་ཅན་གྱི་དོ་དམ་མངོན་འགྱུར་བྱེད་དགོས། ཡུལ་ཚོ་དང་གྲོང་རྡལ་གྱི་ནགས་ལས་རྩྭ་ཐང་ལས་དོན་ས་ཚུགས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ནགས་སྲུང་བ་སོགས་དོ་དམ་སྲུང་སྐྱོབ་མི་སྣའི་གསོ་སྦྱོང་དང་རྒྱུན་ལྡན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཚོང་ར་ཅན་དང་སྣེ་མང་ཅན་གྱི་མ་དངུལ་འཇོག་པའི་རྐྱེན་སྲོལ་འཛུགས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ནོར་སྲིད་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད།

《བསམ་འཆར》ནང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ནི་ནགས་དཔོན་ལམ་ལུགས་ཁྱབ་སྤེལ་བྱེད་པའི་འགན་འཁྲིའི་གྲུབ་ཆ་གཙོ་བོ་ཡིན་པས་རྩ་འཛུགས་ཀྱི་འགོ་ཁྲིད་དང་གཅིག་གྱུར་འཆར་འགོད་ལ་དངོས་གནས་ཤུགས་སྣོན་རྒྱག་པ་དང་། འགན་འཁྲིའི་ལས་བགོས་ཁ་གསལ་བཟོ་བ། ལས་ཀའི་བཀོད་སྒྲིག་ཞིབ་ཕྲ་བཟོ་བ། འགན་འཁྲི་དོན་འཁྱོལ་དམ་འཛིན་བཅས་བྱས་ནས2022ལོའི་ཟླ་6པར་སླེབས་སྐབས་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་རྒྱུའི་འགན་ལེན་བྱ་དགོས།

ལས་ཀའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ནགས་དཔོན་གྲོས་ཚོགས་ལམ་ལུགས་དང་ཆ་འཕྲིན་ཁྲོམ་བསྒྲགས་ལམ་ལུགས། སྡེ་ཁག་མཐུན་སྦྱོར་ལམ་ལུགས། ལས་ཀའི་ལྟ་ཞིབ་ལམ་ལུགས་བཅས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ནས་དུས་བཅད་ལྟར་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་གཙོ་གནད་ལས་དོན་བརྡ་ཁྱབ་གཏོང་དགོས།

སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། ནགས་དཔོན་ལམ་ལུགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལས་སྟེགས་བཙུགས་ཏེ་སྨྱན་བྱད་བརྒྱུད་ནས་སྤྱི་ཚོགས་ལ་ནགས་དཔོན་གྱི་མིང་ཐོ་ཡོངས་བསྒྲགས་བྱེད་པ་དང་། འགན་འཁྲི་ས་ཁོངས་ཀྱི་མཐོང་སར་ནགས་དཔོན་གྱི་སྤྱི་བསྒྲགས་བྱང་བུ་འཇོག་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ནགས་དཔོན་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ཕྱོགས་གསུམ་པའི་དཔྱད་དཔོག་ཁྱབ་སྤེལ་བྱས་ཆོག ལོ་ལྟར་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་ཚུལ་ཁྱབ་བསྒྲགས་ བྱ་དགོས།  སྐྱེ་ཁམས་དཔལ་ཡོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་སྤྱི་དམངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་རང་རྟོགས་ངང་ལྗང་མདོག་སྲུང་སྐྱོབ་བྱ་དགོས།

ལྟ་སྐུལ་སློབ་སྟོན་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ནགས་དཔོན་ལམ་ལུགས་ཀྱི་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་དེ་ནགས་ལས་དང་རྩྭ་ཐང་གི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཁོངས་སུ་འཇུག་པ་དང་། རྫོང་རིམ་པ་དང་དེའི་ཡན་གྱི་ནགས་དཔོན་གྱིས་འོག་རིམ་ནགས་དཔོན་ལ་དཔྱད་ཞིབ་བྱ་རྒྱུའི་འགན་འཁུར་བ། དཔྱད་ཞིབ་བྱས་འབྲས་དེ་ས་གནས་ཀྱི་འབྲེལ་ཡོད་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་བྲལ་རྩིས་བཤེར་གྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི་ཚེ་གང་བདའ་འདེད་ལམ་ལུགས་དོན་འཁྱོལ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེན་བཟོས་རིགས་ལ་འབྲེལ་ཡོད་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་ནན་པོ་བྱ་དགོས།

ཞིང་ཆེན(རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་)ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ནགས་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད། གནས་ཚུལ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་དགོས་པ་བསྟན་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།