འབྲི་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལྟེ་བའི་ཁུལ་ཞིག་ཡིན་ལ་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ས་གཙོ་བོ་ཞིག་ཀྱང་རེད། གནད་འཁེལ་དབུལ་ཐར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་འབྲི་སྟོད་རྫོང་གིས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས3625ཡི་མི10771གཏན་འཁེལ་བྱས་ཡོད། རྫོང་དེས་ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པ་དང་ཆབས་ཅིག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཡང་མཐོང་ཆེན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། དབུལ་ཐར་གྱི་སྤུས་ཚད་བརྟན་བརླིང་ངང་ཇེ་མཐོར་བཏང་ནས་ཁྱད་ཆོས་མངོན་གསལ་དོད་པའི“གཉིས་ཕན”འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་བཏོད་ཡོད།
“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྲུན་བྱེད་པ་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད།
བྲག་གུ་ཡུལ་ཚོ་ནི་འབྲི་སྟོད་རྫོང་གི་ས་བབ་མཐོ་ཤོས་ཀྱི་ཡུལ་ཚོ་ཞིག་ཡིན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་གོ་སྐབས་བཟང་པོར་བརྟེན་ནས། བྲག་གུ་ཡུལ་ཚོ་ཡིས“སྐྱེ་ཁམས་ཁ་གསབ་ལ་བརྟེན་ནས་དབུལ་ཐར་བྱེད་པའི”གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ལྟ་སྲུང་པ་གནད་སྨིན་བཀོད་སྒྲིག་བྱས་པ་དང་། རྩྭ་སའི་སྐྱེ་ཁམས་ལྟ་སྲུང་པའི་སྤྱི་ཕན་ལས་རྐང2008བཙུགས་ཏེ། དབུལ་ཕོངས་ཁྱིམ་ཚང་ཡོངས་ལ་ཁེབས་པར་བྱས་ནས་དབུལ་ཕོངས་མང་ཚོགས་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་གྱི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱས།
སྐྱེ་ཁམས་ལྟ་སྲུང་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་ཆབས་ཅིག འབྲི་སྟོད་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་ཁྱོན་ཡོངས་ནས་ཇེ་ལེགས་སུ་ཕྱིན་པ་དང་རྩྭ་ཐང་གི་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་སྣ་ཚོགས་བཀག་འགོག་བྱུང་བ་དང་། རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་གནས་ཚུལ་ཆེས་ཆེར་མར་ཆག་ཡོད། སྐྱེ་ཁམས་ལྟ་སྲུང་པའི་སྲིད་ཇུས་དེ་དབུལ་ཐར་མཁྲེགས་གཏོར་ཁྲོད་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ནས་སྐྱེ་ཁམས་སྲུང་སྐྱོབ་དང་། སྐྱེ་ཁམས་དབུལ་ཐར་སོགས་ཀྱི་ཕན་འབྲས་མང་པོ་མངོན།
འབྲི་སྟོད་རྫོང་གིས་ཏང་གི་དམངས་ཚིས་སྲིད་ཇུས་ལག་བསྟར་བྱས་ནས“ སྐྱེ་ཁམས་སྲུང་སྐྱོབ་ལ་བརྟེན་ནས་དབུལ་ཐར་ལ་སྐུལ་འདེད་གཏོང་བ་དང་དབུལ་ཐར་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་རམ་འདེགས་བྱས་ཤིང་། དམངས་ཡོངས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་པ་དང་། སྐྱེ་ཁམས་ལྟ་སྲུང་པ་དང་ནགས་སྲུང་པའི་སྤྱི་ཕན་རང་བཞིན་གྱི་ལས་རྐང4163ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་ཁྱིམ་ཚང་དབུལ་པོའི“ ཁྱིམ་ཚང་རེར་ལས་རྐང་རེ”དང་། མི་རེར་ཟླ་རེར་གླ་ཕོགས་སྒོར་1800དངོས་འབེབས་བྱས། སྐྱེ་ཁམས་འཛུགས་སྐྲུན་གྱི་ཁེ་ཕན་ལོ་རེ་བཞིན་ཇེ་མཐོར་སོང་ཡོད།
ད་ལྟ། མ་དངུལ་སྒོར་བྱེ་བ་གསུམ་ས་ཡ་བཞི་འབུམ་ལྔ་བཏང་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་སྲུང་སྐྱོབ་ས་ཚིགས་ཀྱི་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་བ་དང་། ས་ནག་ཐང་བཅོས་སྐྱོང་དང་རྩྭ་སའི་གནོད་ལྡན་སྐྱེ་དངོས་འགོག་བཅོས་ལས་གཞི་ལེགས་འགྲུབ་བྱུང་ཡོད། ། སྐྱེ་ཁམས་ལྟ་སྲུང་པ་ཚོས་ས་གནས་ཀྱི་རི་ཆུ་ནགས་གསུམ་ལ་སྐོར་སྲུང་བྱེད་བཞིན་ཡོད་ཅིང་། ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་འབྲི་སྟོད་རྫོང་ཁོངས་ཀྱི་གཙང་པོ་དང་མཚེའུ་ཡི་མིང་གཞུང་ཐོ་འགོད་སྙན་སེང་བྱ་བ་ལེགས་སྒྲུབ་བྱས། མ་དངུལ་སྒོར་ས་ཡ་ལྔ་འབུམ་བརྒྱད་བཏང་བའི་མཁར་གྲོང་གི་ལྗང་བསྒྱུར་ལས་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ། མཁར་གྲོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱུགས་ལས་རྐྱང་པའི་རྫོང་ཆེན་གྱི་རེ་བ་ཉག་གཅིག་ཡིན་ལ་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་ཤོས་ཀྱང་ཡིན། ཡིན་ནའང་སྲོལ་རྒྱུན་གྱི་ཕྱུགས་ལས་འཕེལ་རྒྱས་གཏོང་སྟངས་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ལ་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་བླང་བྱ་དང་ཡང་འཚམ་དཀའ་བར་གྱུར་ཡོད་པས། འབྲི་སྟོད་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཇི་ལྟར་བྱས་ནས་མི་དང་རྩྭ་ཕྱུགས་བར་གྱི་འབུར་ཐོན་འགལ་བ་སེལ་གང་ཐུབ་བྱས།
རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་གྱི་འཕེལ་རིམ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་མ་ལག་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱུགས་སྐྱུར་རྩྭ་འདེབས་སོགས་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ཤུགས་ཆེན་པོས་ལག་བསྟར་བྱས་པ་དང་། སྲོལ་རྒྱུན་གྱི་ཕྱུགས་ལས་དེ་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་སུ་སྒྱུར་བར་སྐུལ་འདེད་བཏང་། སྐྱེ་ཁམས་ཐོན་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་སྐྱེ་ཁམས་དང་། འཚོ་བ། ཐོན་སྐྱེད་བཅས་ལ་ཕན་འབྲས་དངོས་ཐོབ་པར་བྱས།
བྲག་གུ་ཡུལ་ཚོ་ཐང་ཁ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཚེ་རྡོ་རྗེས་མཉམ་ལས་ཁང་གི་ཕྱུགས་གྲངས་ལེན་ཞོར་དུ་ལོ་འཁོར་གྱི་ཁྱིམ་ཚང་རེ་རེའི་ཁེ་སྤོགས་བགོ་ཚུལ་ལ་རྩིས་རྒྱག་བཞིན་ཡོད། “ཁེ་སྤོགས་མཐོ་ཤོས་ལ་སྒོར་འབུམ་གཅིག་ཁྲི་གསུམ་ཡོད་པས་ང་ཚོའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་ཞེས་བཤད་བྱུང་། ཚེ་རྡོ་རྗེ་ཡིས་བཤད་རྒྱུར། 2016ལོར་རྩྭ་སར་བརྟེན་ནས་ཕྱུགས་གྲངས་གཏན་འཁེལ་དང་མ་རྐང་དབང་ཆ་ཚད་ལེན་ཞིབ་རྩིས། ཕྱུགས་ཁྱུའི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། མཉམ་ལས་ཁང་དུ་བོད་ལུག་གསོ་སྤེལ་བྱེད་ས8དང་ནོར་ནག་གཅིག་སྡུད་གསོ་སྤེལ་བྱེད་ས6བཙུགས་པ་དང་། སྡེ་བ་ཡོངས་ཀྱི་ཁྱིམ་ཚང276ཚང་མ་མཉམ་ལས་ཁང་ནང་ཞུགས་པ་དང་དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ76ཚུད་ཡོད།
ཐོན་ལས་གཙོ་བོའི་རིམ་གྲས་ཇེ་མཐོར་གཏོང་ཆེད། འབྲི་སྟོད་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཕྱུགས་ལས་གཙོ་གནད་དུ་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་དར་སྤེལ། རྒྱུན་མཐུད་འཕེལ་རྒྱས། ཀུང་སི་འཛུགས་པ། ཚོང་ར་རྒྱ་སྐྱེད། ཡོང་འབབ་འཕར་སྣོན་སོགས་ཀྱི་ལས་ཀའི་བྱེད་ཕྱོགས་ལྟར། སྐྱེ་ཁམས་ཕྱུགས་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས་ཁྱིམ་ཚང་དབུལ་པོ་བརྟན་བརླིང་ངང་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱུང་ཡོད། ད་ལྟ་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ ལས་ཚོད་ལྟའི་ཁུལ་བསྐྲུན་པའི་གོ་སྐབས་ལ་བརྟེན་ནས། འབྲི་སྟོད་རྫོང་གིས་རིམ་རྩིས་བྱས་ན་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་དབུལ་སྐྱོར་ཆེད་ལས་མཉམ་ལས་ཁང་28ཐོ་འགོད་བྱས་ནས་བཙུགས་ཏེ་འབྲི་སྟོད་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་གནས་སྤོས་ཁྱིམ་ཚང་གི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་གཏོང་བར་འགན་ལེན་བྱས།
གཞན་ཡང་དབུལ་ཕོངས་ས་ཁུལ་གྱི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་སྡུག་ཏུ་འགྲོ་བ་སྔོན་འགོག་བྱ་ཆེད། འབྲི་སྟོད་རྫོང་གིས་སྡོད་དམངས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་པའི་རྨང་གཞིའི་ཐོག ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་དྲུག་ས་ཡ་གཉིས་ལྷག་བཏང་སྟེ། གནས་སྤོས་སྡོད་ཁང1314འཛུགས་སྐྲུན་བྱས་ཤིང་། མ་རྩ་མི་འདང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པ། འཚོ་སྡོད་ཁོར་ཡུག་ཞན་པའི་ས་ཁུལ་གྱི་དབུལ་ཕོངས་མི་གྲངས5291“ཐར་ཐོར་དུ་གནས་སྤོར་དང་གཅིག་སྡུད་བཀོད་སྒྲིག”བཅས་བྱས་ཏེ། ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་ལ་མུ་མཐུད་དུ་གཏོར་བརླག་གཏོང་ཚད་ཇེ་ཆུང་དུ་བཏང་བ་མ་ཟད། སྐྱེ་ཁམས་མ་ལག་སླར་གསོ་བྱུང་བ་དང་། དབུལ་ཕོངས་མི་གྲངས་ཀྱི་ཐོན་སྐྱེད་དང་འཚོ་བ་ཡང་རིམ་བཞིན་ལེགས་བཅོས་བྱུང་ནས། རང་བྱུང་མཛེས་ལྗོངས་དང་། རང་བྱུང་སྐྱེ་ཁམས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོབ་བཟང་བོ་ཐོབ་ཡོད།
དབུལ་ཐར་མཁྲེགས་གཏོར་ལས་དོན་ལག་བསྟར་བྱས་པའི་ཚུན་ལ། འབྲི་སྟོད་རྫོང་གིས་ཏང་དང་སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། མང་ཚོགས་ཀྱི་གཙོ་གཞིའི་ནུས་པ་ཡང་འདོན་སྤེལ་གང་ལེགས་བྱས་ཡོད།
སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ཀྱིས་རི་སྔོ་ཆུ་དྭངས་ཀྱི་རང་བྱུང་སྐྱེ་ཁམས་ལ་སྣེ་ཁྲིད་བྱས་པ་དང་། གནད་འཁེལ་དབུལ་སྐྱོར་དང་སྐྱེ་ཁམས་སྲུང་སྐྱོབ་ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱས་ནས། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་སྤྱི་འདོམས་བྱས་ཏེ་འབྲི་སྟོད་རྫོང་གི་དབུལ་ཕོངས་ས་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ལྗང་མདོག་དབུལ་སྐྱོར་གྱི་འདུ་ཤེས་དང་བྱེད་སྟངས་ཤིག་གྲུབ་ཡོད།
འབྲི་སྟོད་རྫོང་གིས“དམངས་དམག”དེ་རྫོང་སྲིད་གཞུང་གི་འཕྲལ་བསྟུན་དོ་དམ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་ཁྲོད་བཀོད་ནས། སྐྱེ་ཁམས་ཁོར་ཡུག་སྲུབ་སྐྱོབ“ཀྱི་ལྟ་སྲུང་རུ་ཁག་”ཏུ་འགྱུར་བར་བྱས། 2017ལོ་ནས་བཟུང་། འབྲི་སྟོད་རྫོང་གིས་སྐྱེ་ཁམས་ལྟ་སྲུང་པ4000ལྷག་ཙམ་གྱི་ཁྲོད་ནས་རྐང་འཛིན་དམངས་དམག300བཀོད་སྒྲིག་བྱས་ནས། སྐྱེ་ཁམས་སྐོར་གཡེང་འཕྲལ་སྒྲུབ་རུ་ཁག་བཙུགས། འབྲི་ཆུའི་འགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་བླང་བྱ་ལྟར། དུས་བཅད་དང་དུས་ངེས་མེད་དུ་གཞི་ཁྱོན་ལྡན་པའི་སྐྱེ་ཁམས་སྐོར་སྲུང་བྱས་ནས། རི་དྭགས་ལྐོག་རྔོན་བྱ་སྤྱོད་ལ་རྡུང་རྡེག་བཏང་ཞིང་། གཙོད་སོགས་རི་སྐྱེས་སྲོག་ཆགས་བདེ་བླག་ངང་གནས་སྤོ་བྱེད་པར་སྲུང་སྐྱོབ་བྱས། ལྟེ་བའི་གླིང་ཁུལ་གྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པ་དང་གང་བྱུང་དུ་སྔོག་འདོན་བྱེད་པའི་བྱ་སྤྱོད་ནུས་ཡོད་སྒོས་བཀག་འགོག་བྱས།
བྲག་གུ་ཡུལ་ཚོ་ཡིས་སྐྱེ་ཁམས་ལྟ་སྲུང་པ2008ཀྱི་རྨང་གཞིའི་ཐོག “དྲ་མིག་ཅན་ལ་ཤུགས་སྣོན་དང་དྲ་མིག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ”དམིགས་འབེན་དུ་བརྩིས་ནས་དྲ་མིག་དོ་དམ་ཚན་ཆུང110བཙུགས་པ་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཙོ་གནད་དུ་བཟུང་སྟེ། སྡེ་བ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་དང་སྐྱེ་ཁམས་ལྟ་སྲུང་པ་མཉམ་འགུལ་མཉམ་འབྲེལ་བྱས་ནས། “ཏང་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ཟུང་འབྲེལ”གྱི་ལས་དོན་ཁྱོན་ཡོངས་ལ་ཁེབས་པར་སྐུལ་འདེད་བཏང་སྟེ། དྲ་མིག་ཅན་གྱི་དོ་དམ་སྲུང་སྐྱོབ་ཀྱི་རྣམ་པ་མངོན་འགྱུར་བྱས།
དབུལ་ཞྭ་ཕུད་པ་ནི་མཐའ་སྣེ་མ་ཡིན་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལས་འགན་ལྕི་ལ་རྒྱང་ཐག་རིང་བ་རེད། ད་ལྟ། འབྲི་སྟོད་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྱོང་གི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། ཤུགས་ཆེན་པོས་རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱས་ཡོད་ལ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྐྱེ་ཁམས་སྐྱིན་གསབ་རྐྱེན་སྲོལ་བཙུགས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གྲུབ་པར་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བའི་སྣང་ཚུལ་རྩ་བ་ནས་བསྒྱུར་ཡོད།
འབྲི་སྟོད་རྫོང་གིས་ཤིན་ཏུ་དབུལ་བའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད་རི་སྔོ་ཆུ་དྭངས་སྲུང་སྐྱོབ་ཡག་པོ་བྱས་ཤིང་། ལྗང་མདོག་གི“ལྡེ་མིག”ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་སྒོ་མོ་ཕྱེ་སྟེ་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་གཉིས་མངོན་འགྱུར་བྱུང་ཡོད།
ལོ་ཙཱ།སྒྲོལ་མ་སྐྱིད།