མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་རྣམ་པ་གསར་པ་མངོན།
2021.02.23 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 15

 མཚོ་སྔོན་ཞིང་ཆེན་གྱི་འོད་ཤུགས་ཀྱི་གཞི་ཁྱོན་དང་། འོད་ཀྱི་ཚ་ནུས་གཞི་ཁྱོན། ནུས་རྒྱུ་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་བཅས་ཀྱིས་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

ལོ་གསར་པར“སྦགས་བཙོག་མེད་པའི་གློག་གི་བགྲོད་ལམ་ཆེན་པོ”མཚོ་སྔོན་ནས་ཧོ་ནན་བར་གྱི་སྟོང་ཧྥུ་±800ཡི་མཐོ་གནོན་གློག་གི་བཟོ་སྐྲུན་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ནུས་ཚད་ཆ་ཚང་འཁོར་རྒྱུག་བྱས་རྗེས་ལོ་ལྟར་ནུས་རྒྱུ་གཙང་མའི་གློག་ཤུགས་ཆུ་ཚོད་སྟོང་ཝ་དུང་ཕྱུར400གཏོང་ཐུབ། ས་མཐོའི་ནུས་རྒྱུ་རྒྱུན་ཆད་མེད་པར་དབུས་རྒྱུད་ཀྱི་ཞིང་ཆེན་མང་པོར་གཏོང་བཞིན་ཡོད་པ་རེད།

མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་ཡོད་ལ། རྒྱལ་ཡོངས་ཀྱི་ཉི་ནུས་དང་། ཆུ་ནུས། རླུང་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན་པས། གསར་སྤེལ་འཛུགས་སྐྲུན་གྱི་ཆ་རྐྱེན་ཧ་ཅང་ལེགས་པོ་ཡོད། “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་ལ་འགན་འཁྲི་ཆེ་ཤོས་དང་སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པས་ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་བཞག་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཐུབ་པར་བྱེད་དགོས”། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་    2016ལོར་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མཚོ་སྔོན་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ནས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཀྱི་གནས་བབ་གསར་པ་བཏོད་ཡོད། མིག་སྔར་ཞིང་ཆེན་ཡོངས་ཀྱི་འོད་ཤུགས་གཞི་ཁྱོན་དང་། འོད་ཀྱི་ཚ་ནུས་གཞི་ཁྱོན། ནུས་རྒྱུ་གསར་པའི་འཕྲུལ་འཁོར་སྒྲིག་སྦྱོར་བཅས་ཀྱིས་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

ནུས་རྒྱུ་གཙང་མའི་མཁོ་སྤྲོད་དང་སྤུས་ཚད་ཇེ་མཐོར་བཏང་།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་བཏུལ་ཐང་དུ་འོད་ཤུགས་ཤེལ་ལེབ་སྟར་པ་རེ་རེ་བཞིན་འགྲིག་ཡོད།  བཏུལ་ཐང་ཤར་ངོས་ཀྱི་སྤྱི་ལེ་45ས་ནི་རྨ་ཆུའི་སྣེ་འདྲེན་གློག་ཁང་སྟེ་ཚ་རྔ་འགག་ཆུ་ཤུགས་གློག་ཁང་རེད། སྟོང་ཧྥུ330ཡོད་པའི་གློག་གནོན་རིམ་པའི་གློག་གཏོང་གློག་སྐུད་ཅིག་གིས“འོད”དང“ཆུ”མཐུད་ནས་གོ་ལ་ཧྲིལ་པོའི“ཆུ་འོད་གསབ་རེས”ཀྱི་རྣམ་གྲངས་ཆེ་ཤོས་སུ་གྱུར་ཡོད།

རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་དབྱིབས་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་དང་པོ་ཚ་རྔ་འགག་ཆུ་ཤུགས་གློག་ཁང་གིས་གཙོ་བོ་གློག་གཏོང་སྙོམ་སྒྲིག་ཚོད་འཛིན་གྱི་འགན་འཁུར་གྱི་ཡོད། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གསར་སྤེལ་ཀུང་སི་ཚ་རྔ་འགག་གློག་གཏོང་ཡན་ལག་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཧོང་ཆིན་ཀང་གིས་བཤད་རྒྱུར། ཆུ་འོད་གསབ་རེས་ཀྱི་རྣམ་གྲངས་དེར་སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་འབུམ་བརྒྱད་ཁྲི་ལྔ་ཟིན་པའི་འོད་ཤུགས་གློག་ཁང་འཆར་འགོད་བྱས་ཡོད། ལོ་ལྔའི་གོང་དྲ་སྦྲེལ་གློག་གཏོང་ཐུབ་པས་ཚ་རྔ་འགག་གི“རྟོག་བཟོའི་ཆུ་གློག་འཕྲུལ་ཚན”ལ་བརྩིས་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོའི་ལོ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་བྱེ་བ་བཞི་ལྷག་ཟིན་པ་དང་། དེར་ཆུ་གློག་སྟོང་ཝ་བྱེ་བ་གཅིག་ས་ཡ་གཅིག་ལྷག་དང་། འོད་གློག་སྟོང་ཝ་བྱེ་བ་གཅིག་ས་ཡ་ལྔ་ལྷག  རླུང་གློག་སྟོང་ཝ་ས་ཡ་བརྒྱད་ལྷག འོད་ནུས་སྟོང་ཝ་འབུམ་གཉིས་ལྷག་བཅས་ཡོད། ནུས་རྒྱུ་གཙང་མའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་བྱེ་བ་གསུམ་ལྷག་ཟིན་པ་དེས་བཅུ་ཆའི་དགུ་བཟུང་ནས་མཚོ་སྔོན་གྱི་ནུས་རྒྱུའི་མཁོ་སྤྲོད་ནུས་པ་དང་སྤུས་ཚད་ཆེས་ཆེར་ཇེ་ལེགས་སུ་ཕྱིན་ཡོད།

2020ལོའི་ཟླ5ཚེས་9ནས་ཟླ་8ཚེས་16ཉིན་བར། མཚོ་སྔོན་གློག་དྲས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྫོང16དང་ཡུལ་ཚོ1ལ་ནུས་རྒྱུ་གཙང་མའི་གློག་ཉིན་100བསྟུད་མར་བཏང་ཡོད། འདི་ནི་དེ་སྔོན་གྱི“སྦགས་བཙོག་མེད་པའི་གློག”ཉིན7དང་། ཉིན9། ཉིན15བཅས་བཏང་རྗེས་ཀྱི་དུས་ཚོད་རིང་ཤོས་དང་ཆ་ཚང་ནུས་རྒྱུ་གཙང་མའི་གློག་གི་གསར་གཏོད་ལག་ལེན་ཞིག་རེད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་བ་ཡན་ཧ་རི་མཛོ་མོ་དཀར་ཆུ་ཚད་ཡོད་ཀུང་སིས་ཉིན100ནང་ཐོན་སྐྱེད་ཐད་སྦགས་བཙོག་མེད་པའི་གློག་སྤྱད་པས་གློག་རིན་སྒོར་ཁྲི1ལྷག་ཙམ་གྲོན་ཆུང་བྱས་ཡོད། “སྦགས་བཙོག་མེད་པའི་གློག་སྤྱད་ན་ཁོར་ཡུག་གཙང་ལ་གློག་རིན་ཡང་དམའ་བ་རེད”ཅེས་ཀུང་ཟིའི་འགོ་གཙོ་དབུ་རྒྱན་ཚེས་ཤར་གྱིས་དེ་ལྟར་བཤད་བྱུང་།

མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་བཀོད་གཏོང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་ཧྥང་པའོ་མིན་གྱིས་བཤད་རྒྱུར།  “ནུས་རྒྱུ་གཙང་མའི་འཕེལ་རྒྱས་་གྲུབ་འབྲས་ལས་ཁེ་ལས་དང་མང་ཚོགས་ལ་ཕན་ཁེ་ཆེན་པོ་ཐོབ་ཡོད།

མཚོ་སྔོན་གྱིས་ཧུར་ཐག་གིས་ནུས་རྒྱུའི་འཛད་སྤྱོད་གསར་བརྗེར་སྐུལ་འདེད་བཏང་ནས་གཙང་མ་དང་ཐཱན་ཉུང་ཕྱོགས་སུ་རིམ་གྱིས་བསྒྱུར་བས་ནུས་རྒྱུ་གཙང་མའི་འཛད་སྤྱོད་བསྡུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་ཅུང་ཀྲང་གཞོན་པ་ཀྲོའུ་ཝུའུ་ཡིས་བཤད་རྒྱུར། མཚོ་སྔོན་གྱི་ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པས་མིག་སྔར“གསུམ་འཕར་གཅིག་ཆག”གི་རྣམ་པ་བཟང་པོ་མངོན་ཞིང་།  ནུས་རྒྱུའི་འཛད་སྤྱོད་བསྡུར་ཚད་43%ཙམ་བར་འཕར་བ་དང་། རང་བྱུང་སོལ་རླངས་འཛད་སྤྱོད་བསྡུར་ཚད་36%ཙམ་བར་འཕར་བ། གློག་ཤུགས་མཐའ་སྣེའི་ནུས་རྒྱུའི་འཛད་སྤྱོད་བསྡུར་ཚད་45%ཙམ་བར་འཕར་བ། རྡོ་སོལ་འཛད་སྤྱོད་ཀྱི་བསྡུར་ཚད་30%ཙམ་བར་ཆག་པ་རེད།

2018ལོར་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་དཔེ་སྟོན་ཞིང་ཆེན་ལ་འཛུགས་རྒྱུར་ཆོག་མཆན་བཀོད། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་རྒྱལ་ཁབ་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་གྱི་ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་མཐུན་སྦྱོར་སྐུལ་འདེད་བྱ་བའི་རྐྱེན་སྲོལ་དངོས་སུ་བཙུགས་ནས་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་ཁྱབ་བསྒྲགས་བྱས་ཡོད།

ཚན་རྩལ་གྱིས་ནུས་རྒྱུ་གཙང་མ་གསར་སྤེལ་ལ་རམ་འདེགས་བྱས་པ།

མཚོ་སྔོན་ནུས་རྒྱུའི་གཞི་གྲངས་ཆེན་པོ་ལྟེ་གནས་གསར་གཏོད་ཁུལ་འོད་ཤུགས་གློག་ཁང་གཅིག་སྡུད་ཚོད་འཛིན་ལྟེ་གནས་སུ་ལས་བྱེད་མི་སྣ་ཀྲང་ཧྲུན་གྱིས་རྩིས་འཁོར་ལ་བརྟེན་ནས་ཉིན་རེའི་ནུས་རྒྱུ་གསར་པའི་གློག་ཁང་གི་འཁོར་རྒྱུག་དང་དེ་བཞིན་གློག་གཏོང་ཚད་ལ་རྒྱང་ཁྲིད་བསྡོམས་རྩིས་རྒྱག་བཞིན་ཡོད་ཅིང་། ནུས་རྒྱུ་གསར་པའི་གློག་ཁང་གི་ཆ་འཕྲིན་ལས་གསལ་བོར་ཤེས་ཐུབ།

དེ་ནི་གཞི་གྲངས་ཆེན་པོའི་ལས་སྟེགས་ཀྱིས་མཁོ་འདོན་བྱས་པའི་ནུས་རྒྱུ་གསར་པའི་གློག་ཁང་གི་གཅིག་སྡུད་ལྟ་འདོམས་ཚོད་འཛིན་དང་། ནུས་ཚད་སྔོན་དཔག སྒྲིག་ཆས་ལ་སྐྱོན་ཡོད་མེད་བརྟག་དཔྱད་སོགས་ཀྱི་ལས་སྒོ་བཀོལ་སྤྱོད་ལས་བྱུང་བ་ཞིག་རེད།

“2020ལོའི་ལོ་མཇུག་བར་ལས་སྟེགས་དེས་ནུས་རྒྱུ་གསར་པའི་གློག་ཁང235དང་ནུས་རྒྱུ་གསར་པའི་ཁེ་ལས7གྱི་གློག་ཁང48ལ་འབྲེལ་མཐུད་བྱས་ཏེ‘མི་མེད་ལས་རེས”དང‘མི་ཉུང་བརྟན་སྲུང’མངོན་འགྱུར་བྱུང་བ་དང་། གློག་ཁང་གི་བཀོལ་སྤྱོད་མ་རྩ40%ཡན་ཆག་ཡོད’ཅེས་མཚོ་སྔོན་གློག་ཤུགས་ཀུང་སིའི་ཁེ་ལས་ཁྲོམ་ར་གཉེར་སྐྱོང་ལྟེ་གནས་ཀྱི་ཐོན་རྫས་གཙོ་གཉེར་བ་ཀུའོ་ཧྲུའུ་ཧྥེང་གིས་དེ་ལྟར་བཤད་བྱུང་། ད་ལྟ་གཉེར་སྐྱོང་མི་སྣས་བརྙན་ཤེལ་ཆེན་པོ་ནས་སྤྱི་ལེ་བརྒྱ་ལྷག་ཆོད་པའི་ནུས་རྒྱུ་གསར་པའི་གློག་ཁང་གི་སྒྲིག་ཆས་ལ་དྲ་ཐོག་ནས་དོ་དམ་བྱེད་ཀྱི་ཡོད།

མཚོ་སྔོན་ཞིང་ཆེན་འོད་ཤུགས་གློག་འདོན་དྲ་སྦྲེལ་ལག་རྩལ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་མེ་ཧྲེང་ཝེ་ཡིས་བཤད་རྒྱུར། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྔོན་ཐོན་གྱི་ཚན་རྩལ་སྟོབས་ཤུགས་དང་ཁ་བྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ལག་རྩལ་གསར་བརྗེར་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས་ནུས་གསོག་ལག་རྩལ་འཚོལ་ཞིབ་བྱས་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་རྟེན་གཞི་གལ་ཆེན་གྱི་དམིགས་ཚད་ལ་གཞིགས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྣེ་འདྲེན་དུ་བྱས་ཏེ་འོད་ཤུགས་དང་། རླུང་གློག  འོད་ནུས་སོགས་ཀྱི་ནུས་རྒྱུ་གསར་པ་འཕེལ་རྒྱས་བཏང་སྟེ་ནུས་གསོག་སྙོམས་སྒྲིག་ཚོད་འཛིན་ལ་སྐུལ་འདེད་དང་རྒྱུན་གཏན་མིན་པའི་ནུས་རྒྱུ་བེད་སྤྱོད་ལ་ཚད་བརྒལ་ཆེན་པོ་ཡོང་བ་བྱ་རྒྱུ་དང་། ནུས་མང་གསབ་རེས་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན། ནང་འཚོང་ཕྱིར་གཏོང་སྤྱི་འདོམས་བཅས་བྱས་ནས་དབྱང་གཉིས་ཐཱན་འགྱུར་གྱི་འབུད་ཚད་ཇེ་ཉུང་དུ་གཏོང་བར་མཚོ་སྔོན་གྱིས་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་ཅུང་ཀྲང་གཞོན་པ་ཀྲོའུ་ཝུའུ་ཡིས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།