སྐྱེ་ཁམས་དཔལ་ཡོན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས།
2021.09.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས་ན་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གཞུང་ལུགས་གསར་སྐྲུན་དང་ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ཀྱི་སྙིང་བཅུད་གཅིག་ཏུ་བསྡུས་པ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ང་ཚོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ངེས་པར་ནམ་ཡང་མཐོན་པོར་བསྒྲེང་དགོས་པའི་རླབས་ཆེན་གྱི་དར་ཆའང་ཡིན། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་གྱིས་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཁོར་ཡུག་སྲུང་སྐྱོབ་ཐད་བཏོན་པའི་བླང་བྱ་ཁྱོན་ཡོངས་ནས་ལག་ལེན་མཐའ་འཁྱོལ་བྱས་ཏེ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྟེང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གདོང་མཆོང་དུང་བརྡ་རྒྱག་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་ཆོག་མཆན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། “ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པ”ཡི་བླང་བྱ་གལ་ཆེན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་གནས་མཚམས་ལ་རྐང་ཚུགས་པ་བཅས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་ཆབ་སྲིད་འགན་འཁྲི་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་འཁུར་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སྤར་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ནས་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད། “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་ལ། འགན་འཁྲི་ཆེ་ཤོས་དང་སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན།”“རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ”དང“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཡིན།”“ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་སྤེལ་བྱེད་པ།”“རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་དུ་འགྱུར་དུ་ཆུག”“མདོ་དབུས་མཐོ་སྒང་ནི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྟེང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་བསྐྲུན་དགོས”སོགས་ཀྱི་མངག་བཅོལ་ནན་མོ་གནང་ནས། ང་ཚོས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པའི་བྱ་བར་ཁ་ཕྱོགས་བསྟན་ཅིང་སྲུང་བྱ་འདོན་སྤྲོད་བྱས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་ཚན་རིག་དང་མཐུན་པའི་གནས་མཚམས་དང་ཆབ་སྲིད་ཀྱི་མངག་བཅོལ། འཕེལ་རྒྱས་ཀྱི་རེ་བ། བརྩོན་པའི་སྐུལ་སློང་བཅས་གསོན་ཉམས་ལྡན་ཤོས་དང་དུས་ཡུན་རིང་ཤོས་ཀྱི་ལག་ལེན་དུ་བསྒྱུར་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་བྱས་རྗེས་འཇོག་དགོས།

“ལོ་ལྔའི་འཆར་འགོད་བཅུ་བཞི”དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ནི་མཚོ་སྔོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་ཅིང་མཛེས་སྡུག་གི་མཚོ་སྔོན་མགྱོགས་པོར་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་ཡིན། ང་ཚོས“མི་དང་རང་བྱུང་འཆམ་མཐུན་མཉམ་གནས”ཀྱི་ཚན་རིག་དང་མཐུན་པའི་རང་བྱུང་ལྟ་བ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལྗང་མདོག་གི་འཕེལ་རྒྱས་ལྟ་བ། “སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཕན་རླབས་ལྡན་ཤོས་ཀྱི་དམངས་ཚིས་བསོད་བདེ་ཡིན་པའི”མ་མཐའི་དམངས་ཚིས་ལྟ་བ། “རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་ནི་ཚེ་སྲོག་གི་ཐུན་མོང་ཕུང་པོ་ཡིན་པའི”མ་ལག་ཧྲིལ་པོའི་ལྟ་བ། “ཆེས་ནན་མོ་ཡིན་པའི་ལམ་ལུགས་དང་ཆེས་དམ་པོ་ཡིན་པའི་ཁྲིམས་སྐྱོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི”དམ་ནན་ཁྲིམས་སྐྱོང་ལྟ་བ། “གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མཉམ་བགྲོས་བྱེད་པའི”ཀུན་ཕན་གོ་ལ་ཧྲིལ་པོའི་ལྟ་བ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། “དྭངས་གཙང་གི་ཆུ་བོ་ཤར་དུ་བཞུར”བར་ཁག་ཐེག་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་འཁུར་བ་དང་། བྱས་རྗེས་འཇོག་མིན་ང་རང་ཡིན་སྙམ་པའི་གོ་རྟོགས་མཐོན་པོས་སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོབ་ལེགས་པོ་དང་སྐྱེ་ཁམས་སྦས་ཤུགས་སྔོག་འདོན་ལེགས་པོ་བྱེད་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱི་རང་མདངས་བསྣན་ཏེ། རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་དུ་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།