“སྤྱི་ཁྱབ་ཧྲུའུ་ཅི་ཡིས་ངེད་ཚང་གི་སྒོ་ཕྱུགས་འཚོ་སྐྱོང་བསྐྱུར་རྗེས་ཀྱི་འཚོ་བའི་འབྱུང་ཁུངས་སྐོར་དྲིས་བྱུང་ལ། རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་བདག་སྐྱོང་པའི་འགན་ཁུར་རྗེས་ཟླ་རེར་ཟླ་ཕོགས་སྒོར1800ཡོད་པ་ལས་གཞན། རྩྭ་སའི་སྐྱེ་ཁམས་ཁ་གསབ་མ་དངུལ་དང་། དྲོད་ལེན་འབར་རྫས་ཁ་གསབ། ལས་ཞོར་ཡོང་སྒོ་སོགས་ཡོད་པ་ཤེས་རྗེས། ཁོང་བཞད་ཅིང་དབུ་ལྡེམ་ལྡེམ་གནང་བཞིན་ང་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱེད་པའི་འགན་འཁྲི་འཁུར་དགོས་ཞེས་གསུངས་པས་ང་ཚོ་སྐྱེ་ཁམས་བདག་སྐྱོང་པར་གནོན་ཤུགས་ཡོད་ལ་སྒུལ་ཤུགས་ཀྱང་ཡོད་པར་གྱུར།”
2016ལོའི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྨ་ཆུའི་མགོ་ཁུངས་མཚོ་སྐྱ་རེངས་འགྲམ་དུ་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་བརྙན་ལམ་ནས་ཁ་བརྡ་བྱས་པའི་རྣམ་པར་ཕྱིར་དྲན་བྱས་པ་ན། སྐབས་དེར་ཏག་ཏག་རྨ་ཆུའི་མགོ་ཁུངས་སུ་སྐོར་སྲུང་བྱེད་བཞིན་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོ་དཀར་རྩེ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་དགེ་འདུན་རྒྱ་མཚོའི་སེམས་སུ་སྔར་བཞིན་སྤྲོ་བའི་རྦ་རླབས་འཕྱུར་བཞིན་ཡོད།
དགེ་འདུན་རྒྱ་མཚོ་ནི་རྨ་ཆུའི་མགོ་ཁུངས་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་ལ། རྩྭ་ཐང་དུ་ལོ་སུམ་ཅུ་ལྷག་ལ་འཚོ་བ་རོལ། དོན་དག་ཟིན་ཐོར་འགོད་ཤེས་པ་ནས་བཟུང་། ཁོའི་འཚོ་བ་ནོར་ལུག་དང་རྩྭ་སར་ཁ་བྲལ་མ་མྱོང་། 2013ལོར། ལུས་སྟོབས་དར་ལ་བབ་པའི་དགེ་འདུན་རྒྱ་མཚོ་དང་སྡེ་བའི་ནང་གི་མི་བཅུ་ཕྲག་འགའ་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རྩྭ་ས་སྐོར་སྲུང་པ་དང་པོར་གྱུར། 2016ལོའི་ཟླ་དྲུག་པའི་ཉིན་ཞིག་ལ། དགེ་འདུན་རྒྱ་མཚོས་ཤ་ཉེ་ཞིག་གི་ཁ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་བདག་སྐྱོང་པ་བསྡུ་ལེན་བྱེད་བཞིན་འདུག་ཅེས་པའི་སྐད་ཆ་ཞིག་ཐོས་པ་ན། དགེ་འདུན་རྒྱ་མཚོ་འཕྲུལ་རྟར་ཞོན་ནས་ཡུལ་ཚོ་རུ་སོང་སྟེ་རེ་ཞུ་ཡི་གེ་ཞིག་ཧྲུའུ་ཅིའི་ལག་ཏུ་སྤྲད། ཟླ་གཉིས་ཀྱི་རྗེས་སུ། ཁོ་རང་སྐྱེ་ཁམས་བདག་སྐྱོང་པ་ངོ་མ་ཞིག་ཏུ་གྱུར།
ཐོག་མའི་དུས་སྐབས་ཀྱི་རྣམ་པ་དང་མི་མཚུངས་པས་ཅི་ཞིག་བྱ་དགོས་པ་མི་ཤེས་པར། ལོ་ངོ་འགའ་ལ་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ཀ་བསྒྲུབས་པ་ན། མི་གཞན་པས་བལྟས་ན་ལས་ཚེགས་ཤིན་ཏུ་ལྕི་བ་དང་། ཟླ་ཕོགས་དམའ་བའི་ལས་ཀ་འདིས་དགེ་འདུན་རྒྱ་མཚོ་ལ་རང་ཉིད་ཀྱི་ཤེས་རྟོགས་མང་པོ་ཡོད་པར་གྱུར་ཞིང་། ཁྱད་པར་ལོ་ངོ་ལྔའི་སྔོན་གྱི་འཚུབ་སྣང་དང་ངར་ཤུགས། སེམས་འགུལ་བཅས་མཉམ་འདུས་ཀྱི་ཁ་བརྡ་དེས་ཁོ་ལ་ལོ་ངོ་འདི་ལྔ་པོའི་རིང་ལ་སྒུལ་ཤུགས་ཀྱིས་ཁེངས་སུ་བཅུག
“ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་བསྒྲུབ་འོས་པའི་བྱ་བ་ཞིག་ཡིན་ལ། ཏང་ཡོན་ཞིག་ཡིན་པའི་ཆ་ནས། ང་ཚོས་མགོ་ཁྲིད་ནས་དོན་དག་དེ་ལེགས་པོ་བསྒྲུབ་དགོས།”
དགེ་འདུན་རྒྱ་མཚོས་དེ་ལྟར་བཤད་ཅིང་དེ་ལྟར་བསྒྲུབས།
ཕྱི་རུ་སོང་ནས་སྐོར་སྲུང་བྱེད་ཐེངས་རེར། ཁོས་སྤྱི་ལེ་བཅུ་ཕྲག་འགའ་ལ་འཕྲུལ་རྟ་བཞོན་དགོས། སྐོར་སྲུང་ལས་འགན་མ་འགྲུབ་ཚེ། དགོང་མོར་ཕྱི་རོལ་ཏུ་སྦྲ་གུར་སྟབས་བདེ་ཞིག་ཕུབ་ནས་ཞག་འདུག་བྱེད་དགོས། ཆུ་བོའི་མགོ་ཁུངས་སྦགས་བཙོག་བྱས་ཡོད་མེད་དང་། ཁོར་ཡུག་ལ་གཏོར་བརླག་བྱས་ཡོད་མེད་སོགས་རྩྭ་ཐང་གི་ཡོད་ཚད་ལ་ཁོས་མཉམ་འཇོག་བྱ་དགོས་ལ། གནས་ཚུལ་ལ་འཕྲད་ཚེ་མྱུར་དུ་སྙན་ཞུ་འབུལ་དགོས།
“སྔོན་ཆད་དང་བསྡུར་ན། ད་ལྟ་རྩྭ་ཐང་གི་རྩྭའི་སྐྱེ་སྟོབས་བཟང་ལ། ང་ཚོའི་ཡོང་སྒོའང་འཕར་སྣོན་བྱུང་།”དགེ་འདུན་རྒྱ་མཚོ་ཚང་ལ་ནོར་དྲུག་ཅུ་ལྷག་ཡོད་པ་དེ་མཉམ་ལས་ཁང་ལ་སྤྲད་པ་དང་། ལོ་རེར་སྐྱེ་ཁམས་བདག་སྐྱོང་པའི་ཟླ་ཕོགས་དང་རྩྭ་སའི་ཁ་གསབ་ལས་གཞན། ད་དུང་མཉམ་ལས་ཁང་གི་ཁེ་ཕོགས་ལེན་ཐུབ་པས། ཁྱིམ་ཚང་གི་བཟའ་མི་གསུམ་པོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
དགེ་འདུན་རྒྱ་མཚོར་འཕྲད་པ་ནང་བཞིན། ང་ཚོ་ཡང་བསྐྱར་མཚོ་སྐྱ་རེངས་ཡུལ་ཚོ་མཚལ་རྩེ་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་བསོད་བསོད་ལ་འཕྲད་དུས་ཁོའི་མིག་མདངས་ཁྲོད་སྔོན་མེད་པའི་རང་ཉིད་ལ་ཡིད་ཆེས་དང་བག་ཕེབས་ཀྱི་ཉམས་ཤིག་ཤར་འདུག
“ལོ་འདི་དག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྩྭ་ཐང་གཙང་མར་གྱུར་བ་དང་མཚོ་ཆུ་སྔར་ལས་ཇེ་དྭངས་སུ་གྱུར་ལ། སྔོན་ཆད་མཐོང་མ་མྱོང་བའི་འདབ་ཆགས་དང་རི་སྐྱེས་སྲོག་ཆགས་ཇེ་མང་ནས་ཇེ་མང་དུ་གྱུར། ”
ཇེ་བཟང་ནས་ཇེ་བཟང་དུ་གྱུར་བ་ནི་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཙམ་མིན་པར་ད་དུང་བསོད་བསོད་རང་ཉིད་ཀྱང་རེད།
“ལོ་ངོ་ལྔའི་སྔོན་ལ་བརྙན་ལམ་འབྲེལ་མཐུད་བྱེད་སྐབས་ངས་བོད་སྐད་ཀྱི་ལམ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་དྲི་བར་ལན་བཏབ་པ་ཡིན་ལ། ལན་ཤར་མར་བཏབ་བྱུང་མོད། འོན་ཀྱང་བློ་འགྱོད་སྐྱེས་པ་འགའ་རེ་ཡོད།” ལོ་འགའི་རིང་ལ། བསོད་བསོད་ཀྱིས་གོ་སྐབས་ཡོད་ཚད་སྤྱད་དེ་སློབ་སྦྱོང་བཟང་པོ་བྱས་ཤིང་རྒྱ་ཡིག་འབྲི་སྲོལ་སྦྱངས་པ་དང་། སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་སྲིད་ཇུས་ལ་རྒྱུས་ལོན་བྱས་པ། ཁོའི་དགེ་རྒན་ནི་རང་གི་ལག་འཁྱེར་ཁ་པར་ལས་གཞན། ད་དུང་སྐོར་སྲུང་བྱེད་རོགས་ལས་གྲོགས་དང་། གསོ་སྦྱོང་སྐབས་སུ་འཕྲད་པའི་ཆེད་མཁས་པ་དང་། ད་དུང་སློབ་གྲྭ་འགྲིམ་བཞིན་པའི་བུ་ཆུང་བཅས་ཡིན།
དེང་སྐབས། ལག་ཁྱེར་ཁ་པར་སྟེང་གི་རིག་ནུསAppཁ་ཕྱེས་པ་ན། སྐོར་སྲུང་གི་ལམ་ཐིག་དང་བར་ཐག གནམ་གཤིས། མཚོ་འཕང་གི་མཐོ་ཚད། དུས་ཚོད་སོགས་ཀྱི་བརྡ་འཕྲིན་ལག་མཐིལ་དུ་བཞག་པ་ནང་བཞིན་མཐོང་ཡོང་། ཐོལ་བྱུང་དོན་རྐྱེན་ལ་འཕྲད་པ་དང་། རི་སྐྱེས་སྲོག་ཆགས་དཀོན་གྲས་ལ་ཐུག་པ་ན། བསོད་བསོད་ཀྱིས་དུས་ཐོག་ཏུ་པར་བླངས་ཏེ་དྲ་ཐོག་ཏུ་འཇོག་པ་དང་གནས་ཚུལ་གསལ་བཤད་བྱས་དང་བྱེད་བཞིན་ཡོད།
“སང་ལོར་ང་ཚོ་སྔར་ལས་ཡག་པོ་ཡོང་ངེས།”
བསོད་བསོད་ཀྱིས་བཤད་བཞིན་པའི“ང་ཚོ”ཞེས་པ་ནི་བགྲང་གིས་མི་ལང་ཞིང་ཁོ་དང་འདྲ་བར་ཁུ་སིམ་ངང་ས་གཞི་འདི་སྲུང་བཞིན་པའི་སྐྱེ་ཁམས་བདག་སྐྱོང་པ་རྣམས་ཡིན་ལ། ཁོ་ཚོའི་སེམས་ཁོང་དུ་བརྩེ་སེམས་ཟབ་པའི་རྨ་ཆུའི་མགོ་ཁུངས་ཀྱང་ཡིན།
མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་ལ། རྒྱལ་ཡོངས་སྐྱེ་ཁམས་བདེ་འཇགས་ཀྱི་ཁྱོན་ཡོངས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། དངོས་གནས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་བའི་ཆབ་སྲིད་འགན་འཁྲི་ཁུར་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་ཞིང་ཆེན་གནས་བབ་ཀྱི་ངོས་འཛིན་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཡོངས་སུ་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་དཔེ་སྟོན་ཞིང་ཆེན་བཙུགས་ཏེ། སྔོན་ཆད་རྒྱང་རིང་གི་ཡུལ་གྲུ་ཡིན་པའི་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་མིང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་གར་སྟེགས་སུ་བུད།
མཚོ་སྔོན་ལ་མཚོན་ནས་བཤད་ན། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པའི་ལག་ལེན་དངོས་ཡིན་ལ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་བབ་གཏན་འཁེལ་བྱེད་པའི་མངོན་འགྱུར་ལམ་བུ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་བྱེད་ས་གཙོ་བོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁྱོན་ཡོངས་ལ་སྤྱི་འདོམས་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་དང་། དམངས་ཚིས་ལེགས་བསྒྱུར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་སོ་སོའི་གོ་རིམ་ཡོངས་སུ་ཁྱབ་པར་བྱ་དགོས།
སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་དམངས་ཚིས་བདེ་སྐྱིད་ལ་འཕར་སྣོན་གཏོང་བའི་སྔོན་སྐྱོད་པ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་རྒྱལ་གྱི་རྣམ་པ་མངོན་དུ་འཇུག་པ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་དངོས་གནས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་དགོས།
སྐྱེ་ཁམས་ནི་ཆེས་རྩ་ཆེ་བའི་རང་བྱུང་རྒྱུ་ནོར་ཡིན་ལ། ཆེས་རྒྱུན་སྐྱོང་ཐུབ་པའི་དཔལ་འབྱོར་རྒྱུ་ནོར་ཡིན། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད། སྐྱེ་ཁམས་ཀྱི་རིན་ཐང་དང་སྐྱེ་ཁམས་འགན་འཁྲི། སྐྱེ་ཁམས་བག་ནུས་བཅས་ཀྱི་ནང་གནས་གཏན་ཚིགས་ལ་དོ་སྣང་དང་། སྐྱེ་ཁམས་ལེགས་པོ་དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་ཕྱོགས་སུ་བསྒྱུར་ནས། སྐྱེ་ཁམས་རིན་ཐང་གི་རིན་སྲུང་རིན་འཕར་མུ་མཐུད་དུ་མངོན་འགྱུར་འབྱུང་བར་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནད་འགག་གི་བྱེད་ཐབས་འདི་ལ་དམ་པོར་དམིགས་ཏེ། ཐོན་ཁུངས་ཟད་གྲོན་གྱི་ཡས་མཐའ་དང་ཁོར་ཡུག་སྤུས་ཀའི་མས་མཐའ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་བཅས་དམ་སྲུང་བྱས་ཏེ། ཐོན་ལས་གྲུབ་ཚུལ་དང་བར་སྟོང་གྲུབ་ཚུལ། ནུས་ཁུངས་གྲུབ་ཚུལ་དང་འཛད་སྤྱོད་གྲུབ་ཚུལ་གྱི་རིགས་བསྒྱུར་ལ་མྱུར་དུ་སྐུལ་འདེད་བཏང་ནས། སྔོ་ལྗང་གི་རི་ཆུ་ནི་རྒྱལ་ཁབ་སྤྱི་གླིང་གི་ཆེས་མཛེས་པའི་གཞི་མདོག་ཏུ་འགྱུར་དུ་འཇུག་པ་དང་། སྐྱེ་ཁམས་མཛེས་ལ། ཐོན་ལས་ལེགས་པ། མང་ཚོགས་ཕྱུག་པ་བཅས་གཅིག་གྱུར་འབྲེལ་མཐུད་ཡོང་བ་མངོན་འགྱུར་བྱ་དགོས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།