རྫ་ཆུའི་འབྱུང་ཁུངས་ཀྱི་ལྗང་མདོག་ལམ་བུའི་གསང་བ་འཚོལ་བ།
2021.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་རུ་རྫ་ཆུས་མཛེས་སྡུག་ལྡན་པའི་གཞུ་དབྱིབས་ལྟ་བུའི་རི་མོ་ཞིག་བྲིས་ཡོད་པ་དང་། དེ་ཡིས་ཡུལ་ལྗོངས་ལྟ་ན་སྡུག་པ་དང་བརྗིད་ཆགས་པའི་རྣམ་སྲས་བྲག་རོང་ཤིག་གྲུབ་ཡོད།

བྲག་རོང་འགྲམ་གཉིས་སུ་རི་ཚོགས་ཀྱིས་བསྐོར་ཡོད་པ་དང་། བྲག་དམར་ས་དབྱིབས་ཀྱི་མཛེས་པ་ལ་འགྲན་ཟླ་བྲལ། མགོ་ཐོག་གི་ནམ་མཁའ་སྔོ་ཞིང་སྤྲིན་དཀར་ལང་ལོང་རྒྱུ་བ་དང་། རྣམ་སྲས་ཡུལ་ཚོ་ལྷིང་འཇགས་ཀྱིས་གནས་ཡོད།

པད་མ་དབང་གྲགས་ཀྱིས་བཤད་རྒྱུར། ང་ཆུང་དུས་ནས་གནས་འདིར་འཚར་ལོངས་བྱུང་ནས་ཕྱུགས་འཚོས་པ་དང་། ཕ་ཡུལ་གྱི་ཡུལ་ལྗོངས་ཀྱིས་མི་རྣམས་ལ་མདུན་ལྗོངས་བཟང་པོ་ཞིག་ཁྱེར་ཡོང་བ་ཡིད་ལའང་དྲན་མ་མྱོང་ཞེས་བཤད།

པདྨ་དབང་གྲགས་ནི་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་འབྲོག་པ་ཞིག་ཡིན་པ་དང་། སྔོན་ཆད་ནོར་ལུག་འཚོས་བའི་ཁོས་ད་ལྟ་འུར་ཆ་བསྐྱུར་ནས་ས་དེ་རུ་མིང་གྲགས་ཅན་གྱི་ཡུལ་སྐོར་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།

རྫ་ཆུའི་བཅུད་ཀྱིས་གསོས་པའི་རྩྭ་རྩི་ཤིང་རིགས་ཀྱིས་རི་སྐྱེས་སྲོག་ཆགས་ལ་གཞིས་ཁྱིམ་དྲོན་མོ་ཞིག་བསྐྲུན་ཡོད། རི་དྭགས་གསའ་དང་། གཟིག རི་བོང་། ཧི་མ་ལ་ཡའི་འཕྱི་བ། ཤྭ་བ་མཆུ་དཀར། ཝ་མོ་སོགས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་གནས་འདི་རུ་འཚོ་སྡོད་བྱས་ཡོད།

རྣམ་སྲས་ཡུལ་ཚོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན་པ་དང་། རི་དྭགས་གསའ་ཡི་ཕ་སའི་མཚན་སྙན་ཐོབ་ཡོད་ལ། གནས་འདི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་ཁམས་ཉམས་ཞིབ་དམིགས་བསལ་བདག་གཉེར་བྱ་འགུལ་གྱི་ཚོད་ལྟ་ས་ཁུལ་ཨང་དང་པོ་ཡང་ཡིན།

པད་མ་དབང་གྲགས་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཉམས་ཞིབ་དམིགས་བསལ་བདག་གཉེར་བྱ་འགུལ་གྱི་ཕན་ཁེ་ཐོབ་མཁན་ཞིག་ཡིན་ལ། ཁོས་གནས་སྐོར་ལ་ཡོང་བའི་འགྲུལ་བ་བྲག་རོང་དུ་ལྟ་སྐོར་ལ་ཁྲིད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་ལ་ལྟ་ཞིབ་ཚད་ལེན་བྱེད་པ་བརྒྱུད་དེ། ལོ་གཅིག་གི་རིང་ལ་ཁོས་ཡོང་སྒོ་ཡིད་ཚིམ་པ་ཞིག་ལེན་བཞིན་ཡོད།

པད་མ་དབང་གྲགས་ཀྱིས་བཤད་རྒྱུར། ང་ནི་སྐྱེ་ཁམས་དོ་དམ་ལྟ་སྲུང་མཁན་ཞིག་ཡིན་པ་དང་། 2019ལོར་རང་བྱུང་ཉམས་ཞིབ་སྣེ་ལེན་ཁྱིམ་ཚང་ཞིག་ཏུ་གྱུར་བ་དང་། དེའི་ཁར་སྐྱེ་ཁམས་དོ་དམ་ལྟ་སྲུང་མཁན་གྱི་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་ལྷག་བསྣན་ན་ལོ་གཅིག་གི་ཡོང་སྒོ་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་ཡོད་པས། ངེད་ཚང་གི་འཚོ་བར་ལེགས་བཅོས་སྔར་ལས་ཆེན་པོ་བྱུང་ཡོད་ཞེས་བཤད།

ཡུལ་སྐོར་བའི་ལམ་ཁྲིད་མཁན་དུ་མ་གྱུར་བའི་སྔོན་ལ། པད་མ་དབང་གྲགས་ཚང་གི་ཡོང་སྒོ་ནི་ཕྱུགས་ཟོག་ཁོ་ནར་བརྟེན་པ་ཡིན་ཞིང་། ཁྱིམ་ཚང་གང་བོའི་འཚོ་བར་དཀའ་ངལ་ཤིན་ཏུ་ཆེ།

འདས་ཟིན་པར་གྲོང་ཁྱེར་དང་ཐག་རིང་བ་དང་། བརྡ་འཕྲིན་མི་ཐོན་པ། ཐོན་སྐྱེད་རྣམ་པ་ཁེར་རྐྱང་ཡིན་པའི་རྐྱེན་གྱིས་གནས་མདོ་སྡེ་བའི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མི་མཐོ་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་ཕོངས་སྡེ་བའི་གྲས་ཤིག་ཡིན།

2019ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ནང་དུ་བཞག་པའི་རྣམ་སྲས་ཡུལ་ཚོ་གོ་སྐབས་ཤིག་ལ་འཕྲད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་རང་བྱུང་སྲུང་སྐྱོབ་ལས་ཁུངས་དང་མཉམ་ལས་བྱས་ཏེ། རྣམ་སྲས་བྲག་རོང་ཆེན་མོའི་རང་བྱུང་ཉམས་ཞིབ་དམིགས་བསལ་བདག་གཉེར་ཚོད་ལྟ་ཁུལ་ལ་སྐུལ་འདེད་བྱེད་རྒྱུ་ཐག་གཅོད་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་ས་དེའི་སྲིད་གཞུང་གིས་གནས་མདོ་སྡེ་བ་ནས་ཐེངས་མང་པོར་གཅིག་བསྡུས་སྒོས་གསོ་སྦྱོང་བྱས་ཏེ། སྐྱེ་ཁམས་ཆེད་མཁས་པས་འབྲོག་པ་མང་ཚོགས་རྣམས་ལ་རི་སྐྱེས་སྲོག་ཆགས་ཀྱི་ཤེས་བྱ་དང་། སྒོ་ཕྱི་རུ་སོང་ན་མཉམ་འཇོག་བྱེད་དགོས་ས་སོགས་ཀྱི་ཤེས་བྱ་དང་རྩལ་ནུས་ཐད་ནས་སློབ་ཁྲིད་བྱས་པ་དང་། སྐྱེ་ཁམས་ཤེས་བྱ་ཁོང་དུ་ཆུད་ཡོད་པའི་འབྲོག་པས་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་གཞི་ཁྱོན་ཆུང་བའི་སྐྱེ་ཁམས་ལྟ་སྐོར་བར་སྣེ་ལེན་བྱེད་ཆོག་པར་བྱས།

སྐྱེ་ཁམས་ཡུལ་སྐོར་བྱེད་པར་ཡོང་ན་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་རྩ་དོན་རབ་དང་རིམ་པར་བརྩི་སྲུང་བྱེད་པའི་གན་རྒྱའི་སྟེང་མིང་རྟགས་འགོད་དགོས་པ་དང་། ཡུལ་དངོས་ནས་བརྗིད་ཉམས་ལྡན་པའི་བྲག་རོང་གི་མཛེས་བར་ལྟ་སྐོར་བྱེད་ཆོག་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་རྗེས་ཤུལ་འཚོལ་ཆོག་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་འགུག་ཤུགས་ཉམས་སུ་མྱངས་ཆོག གནས་མདོ་སྡེ་བའི་འབྲོག་པས་ཟ་མ་དང་། ཉལ་ས། སྣེ་ཁྲིད་པའི་ཞབས་ཞུ་འདོན་སྤྲོད་བྱས་པས་ཕན་ཁེ་ཀྱང་ཐོབ།

2019ལོར། ང་ཚོས་དམིགས་བསལ་བདག་གཉེར་བྱས་པའི་སྤྱིའི་ཡོང་སྒོ་སྒོར་མོ་འབུམ་དྲུག་ལ་སླེབས་པ་དང་། དེའི་བརྒྱ་ཆའི་ཞེ་ལྔ་སྣེ་ལེན་བྱས་པའི་ཁྱིམ་ཚང་ལ་དབང་བ་དང་། བརྒྱ་ཆའི་ཞེ་ལྔ་སྡེ་བའི་ཐུན་མོང་དཔལ་འབྱོར་ཡིན་ལ། དེ་སྡོད་ཁུལ་གྱི་འཕེལ་རྒྱས་ཁྲོད་བཀོལ་ནས་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པ་དང་། བརྒྱ་ཆའི་བཅུ་རི་དྭགས་གསའ་ལ་སྲུང་སྐྱོབ་བྱེད་པའི་ཐེབས་རྩ་བྱས་ཞེས་རྣམ་སྲས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཚེ་དབང་རྡོ་རྗེ་ཡིས་དེ་ལྟར་བཤད། ཡོང་སྒོ་འཕར་སྣོན་བྱུང་རྗེས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་།

ཕྱོགས་གཅིག་རི་སྔོ་ཆུ་དྭངས་ལ་འབྲེལ་བ་དང་། ཕྱོགས་གཞན་ཞིག་གསེར་རི་དངུལ་རི་དང་འབྲེལ་ཡོད་པས། འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་སྐྱིད་ཡིན་པ་རེད།

དམིགས་བསལ་བདག་གཉེར་ལག་བསྟར་བྱས་པ་ནས་བཟུང་། འབྲོག་པ་འགའ་ཤས་ཀྱིས་རང་འགུལ་སྒོས་སྐྱེ་ཁམས་ཆེད་མཁས་པའི་རྗེས་འབྲངས་ནས་ཤེས་བྱ་མི་ཉུང་བར་སློབ་སྦྱོང་བྱས་པ་དང་ཁོང་དུ་ཆུད་པས། སྐྱེ་ཁམས་དོ་དམ་ལྟ་སྲུང་བར་བཞག ཁོ་ཚོས་རིམ་བཞིན་མཐའ་འཁོར་གྱི་སྲོག་ཆགས་ཀྱི་རྐང་རྗེས་དང་གཅིན་ལུད་ལ་ལྟ་ཞིབ་བྱས་ནས། རི་སྐྱེས་སྲོག་ཆགས་ཀྱི་འགྲོ་འདུག་བྱེད་སའི་གནས་དང་འགུལ་སྐྱོད་བྱེད་སའི་ལམ་ཐིག་ཟིན་ཐོར་བཀོད་དེ། སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་ནུས་ཤུགས་བཏོན།

སྲིད་གཞུང་གིས་ལག་བསྟར་བྱས་པའི་གསར་སྐྲུན་རང་བཞིན་གྱི་བྱེད་ཐབས་བརྒྱུད་དེ། ས་དེའི་མང་ཚོགས་རྣམས་ལ་སྐྱེ་ཁམས་ཀྱིས་བསྩལ་བའི་ཡོང་སྒོ་ཡོད་པར་གྱུར་པས། དབུལ་ཐར་ཕྱུག་འགྱུར་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ས་དེ་རུ་འགལ་ཟླར་གྱུར་མེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁྱབ་ཁོངས་ནང་སྔོན་ཆད་བོད་རིགས་གཙོ་བྱས་ནས་བསྡད་ཡོད་པ་དང་། ལོ་ངོ་སྟོང་ཕྲག་རིང་ལ་ཁོ་ཚོས་སྲོལ་རྒྱུན་གྱི་ཕྱུགས་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། ད་ལྟ་པད་མ་དབང་གྲགས་ལྟ་བུའི་དམིགས་བསལ་གྱི་བདག་གཉེར་བྱེད་སྟངས་འདི་རིགས་ལ་བརྟེན་ནས་ཕན་ཁེ་རེག་མཁན་གྱི་འབྲོག་པ་ཇེ་མང་ནས་ཇེ་མང་ཡིན་ལ། ཁོ་ཚོར་ཡོང་སྒོ་སྣ་ཚོགས་ཡོད་པར་གྱུར་ཏེ། རྒྱལ་ཁབ་སྤྱི་གླིང་གི་བདག་སྲུང་པར་གྱུར་ཡོད།

རྣམ་སྲས་ཡུལ་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་དང་བརྩོན་སེམས་ལ་སྔ་ན་མེད་པའི་ཡར་སྐྱེད་བྱུང་སྟེ།  ད་ལྟ་ཁོར་ཡུག་བཅོས་སྐྱོང་དང་སྲོག་ཆགས་སྲུང་སྐྱོབ། རི་སྐོར་རི་སྲུང་བྱེད་པ་སོགས་ནི་ཁོ་ཚོར་མཚོན་ན་རང་མོས་སྒོས་རྩ་འཛུགས་དང་ནང་དུ་ཞུགས་པའི་རྒྱུན་ལྡན་གྱི་བྱ་འགུལ་ཞིག་ཏུ་གྱུར་ཡོད།

ལྗང་མདོག་སྲུང་སྐྱོང་དང་ལྗང་མདོག་ལ་བརྟེན་པ། ལྗང་མདོག་སྙེག་པ་སྟེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནི། ང་ཚོ་འབྲོག་པ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་ལམ་དུ་སྐྱོད་པའི་གོ་སྐབས་བཟང་བོ་ཡིན་ཞེས་པད་མ་དབང་གྲགས་ཀྱིས་དེ་ལྟར་བཤད་བྱུང་།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།