ཨ་ཆེན་གངས་རྒྱབ་ཏུ་ལོ12རིང་རི་དྭགས་ལྐོག་གསོད་བྱེད་མཁན་གྱི་ཁྲིམས་འགལ་གྱོད་གཞི་གཅིག་ཀྱང་བྱུང་མ་མྱོང་།
2021.10.09 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 22

 ཨ་ཆེན་གངས་རྒྱབ་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་སྟོང་ལྔ་ཟིན་པ་དང་ཆ་སྙོམས་མཚོ་འཕང་མུས་སྟོང་བཞི་དྲུག་བརྒྱ་ཡན་ཡིན་པས།  ཆེ་སྲོག་གི་བཀག་སྡོམ་ས་ཁུལ་ཞེས་སུ་གྲགས་ཡོད།

དུས་རབས་སྔོན་མའི་ལོ་རབས80པར་ཁྲིམས་འགལ་གྱི་རི་དྭགས་ལྐོག་གསོད་བྱེད་མཁན་མང་པོ་ཡོང་ནས་ཨ་ཆེན་གངས་རྒྱབ་ལ་གནོད་འཚེ་ཚབས་ཆེན་བཟོས་པ་རེད།

ད་ལྟ་ཨ་ཆེན་གངས་རྒྱབ་ཏུ་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་དྲུག་ཡོད་པ་དང་། དུས་རབས་གསར་པར་ཀྲུང་དབྱང་ནས་ས་གནས་བར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གོམ་སྟབས་ཟམ་མི་ཆད་པར་ཇེ་མགྱོགས་སུ་བཏང་བ་དང་སྲུང་སྐྱོབ་བྱེད་ཤུགས་ཀྱང་ཟམ་མི་ཆད་པར་ཆེ་རུ་བཏང་བས། ཕན་འབྲས་རིམ་བཞིན་ཐོན་ཡོད།

རང་རྒྱལ་གྱི་མི་མེད་ལུང་སྟོང་ཆེ་ཤོས་ཨ་ཆེན་གངས་རྒྱབ་ནི་མཛེས་སྡུག་ལྡན་ལ་དབེན་ཞིང་འཇམ་པའི་ས་ཁུལ་ཞིག་ཡིན་པས།  གཙོད་སོགས་མདོ་དབུས་མཐོ་སྒང་ཁོ་ནར་ཡོད་པའི་དམིགས་བསལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྱུར་ཡོད།

དུས་རབས་སྔོན་མའི་ལོ་རབས80པར་ལྐོག་གསོད་བྱེད་མཁན་ཚོའི་མེ་མདའི་སྒྲ་ཡིས་ ཨ་ཆེན་གངས་རྒྱབ་ཀྱི་ལྷིང་འཇགས་དཀྲོགས། ལོ་བཅུ་ལྷག་གི་བརྟན་སྲུང་དང་སྲུང་སྐྱོབ་བྱས་པ་བརྒྱུད་ད་ལྟ་ཨ་ཆེན་གངས་རྒྱབ་སླར་ཡང་ལྷིང་འཇགས་སུ་གྱུར་ཡོད།

ཞོགས་པའི་སྐྱ་རེངས་དང་མཉམ་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་འགོ་ཁུངས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་ཀྲུའུ་རིན་བུ་འབྲུག་སོགས་ན་གོར་མོ་ནས་ཐོན་ཏེ་མཚོ་བོད་གཞུང་ལམ་རྒྱུད་དུ་བསྐྱོད་ནས་ལམ་རྒྱུད་དུ་སྐོར་ཞིབ་བྱེད་པའི་ལས་ལ་བྲེལ་བཞིན་ཡོད།

མཚོ་བོད་གཞུང་ལམ་གྱི་གཞོགས་གཉིས་སུ་གཙོད་ཁྱུ་ཡིས་གཙོད་ཕྲུག་ཁྲིད་ནས་བག་ཕེབས་ངང་རྩྭ་ཟ་བཞིན་པའི་རྣམ་པ་དེ་ནི་ཡིད་དུ་འོང་བ་ཞིག་རེད། ཡངས་པའི་གནམ་སའི་བར་ནས་མཚམས་མཚམས་སུ་འབྲོང་དང་། དགོ་བ། རྐྱང་སོགས་ཀྱང་མཐོང་ལམ་དུ་ཡང་ཡང་མངོན་ཡོང་།

མིག་མདུན་གྱི་མཛེས་ལྗོངས་དེ་དག་མཐོང་ཐེངས་རེར་བུ་འབྲུག་ལ་མྱོང་ཚོར་ཟབ་མོ་ཞིག་ངང་གིས་སྐྱེས་ཡོང་བ་རེད།“གཙོད་སོགས་རི་སྐྱེས་སྲོག་ཆགས་རྣམས་བག་ཕེབས་ངང་འཚོ་སྡོད་བྱེད་པའི་རྣམ་པ་དེ་མདོ་དབུས་མཐོ་སྒང་ལམ་རྒྱུད་ཀྱི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད”ཅེས་བུ་འབྲུག་གིས་གསར་འགོད་པར་དེ་ལྟར་བཤད་ལ།  ཁོས་དཀའ་ཚེགས་ཆེ་བའི་ཁྲིམས་འཛིན་རྡུང་རྡེག་དང་སྲུང་སྐྱོབ་བྱས་པ་བརྒྱུད། 2009ལོ་ནས་བཟུང་སྲུང་སྐྱོབ་ཁུལ་དུ་རི་དྭགས་ལྐོག་གསོད་བྱེད་པའི་གྱོད་གཞི་གཅིག་ཀྱང་བྱུང་མེད་ཅེས་བཤད།

ཨ་ཆེན་གངས་རྒྱབ་ལ་ཚེ་སྲོག་གི་བཀག་སྡོམ་ས་ཁུལ་ཞེས་འབོད་ཀྱིན་ཡོད་མོད། འོན་ཀྱང་འདི་གར་གཏེར་ཁ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཧ་ཅང་མང་པོ་ཡོད་པ་རེད།

དུས་རབས་སྔོན་མའི་ལོ་རབས80པར་ཁྲིམས་འགལ་ལྐོག་གསོད་བྱེད་མཁན་མང་པོ་ཡོང་ནས་ཨ་ཆེན་གངས་རྒྱབ་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོས།  ལོ་འགའི་དུས་ཡུན་ནང་རི་དྭགས་གཙོད་ཀྱི་གྲངས་ཀ་དེ་འབུམ་གཉིས་ལྷག་ནས་ཁྲི་གཉིས་སུ་ཇེ་ཉུང་ལ་སོང་བ་རེད།

1994ལོའི་ཟླ1ཚེས18ཉིན།  སྐབས་དེར་ལོ40ཡིན་པའི“ཁོར་ཡུག་སྲུང་སྐྱོབ་དཔའ་བོ”བསོད་ནམས་དར་རྒྱས་དང་རུ་མི4ཡིས་ཨ་ཆེན་གངས་རྒྱབ་ནས་རི་དྭགས་ལྐོག་གསོད་མཁན20འཛིན་བཟུང་བྱས། མི་ངན་དེ་དག་བཟུང་སྐྱེལ་བྱས་ནས་ཉི་མ་མཚོའི་འགྲམ་དུ་སླེབས་སྐབས་མི་ངན་དེ་དག་གི་འཇབ་རྒོལ་ཐེབས་ནས་རང་སྲོག་ཤོར།

1996ལོར།  ཨ་ཆེན་གངས་རྒྱབ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་མ་ཟད།  1997ལོར་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རིམ་པ་སྤར།

རྒྱས་བཟང་བསོད་ནམས་དར་རྒྱས་ལ་དྲན་གསོ་ཞུ་ཆེད། ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་ས་ཚིགས་དང་པོར་ཁོང་གི་མིང་བཏགས་ཡོད་ཅེས་བུ་ཕྲུག་གིས་དེ་ལྟར་བཤད་བྱུང་།

ད་ལྟ་ཨ་ཆེན་གངས་རྒྱབ་ལ་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས6ཡོད་པ་དང་། ཀུན་གྱིས་ཤེས་པའི་བསོད་ནམས་དར་རྒྱས་ས་ཚིགས་ལས་གཞན་ད་དུང་ཆུ་ནག་ཁ་དང་། སྨུག་པ་ལ་སྒང་། ཐོ་ཐོ་གཙང་པོ། གཙོད་ནག་མཚོ། ཆུ་དམར་བཅས་སྲུང་སྐྱོབ་ས་ཚིགས5ཡོད་པ་རེད།

ལོ་རེའི་ཟླ5པ་ནས་བཟུང་གཙོད་འབོར་ཆེན་གཅིག་མཇུག་གཉིས་མཐུད་ངང་ཁོངས་གཏོགས་ཁུལ་དུ་སླེབས་སྐབས་ང་ཚོའི་སྲུང་སྐྱོབ་ས་ཚིགས་ཚང་མས་གནས་སྐབས་ཀྱི་འགྲིམ་འགྲུལ་དོ་དམ་ཡག་པོ་བྱས་ནས་གཙོད་རྣམས་བདེ་བླག་ངང་གཞུང་ལམ་ལས་བརྒལ་ཐུབ་པར་བྱས་ཏེ། གཙོད་གནས་སྤོ་དང་གཙོད་ཕྲུག་རྩེབས་པ་དང་དེ་བཞིན་ཕྱིར་ལོག་སྐབས་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་གནོད་སྐྱོན་མི་ཐེབས་པའམ་ཡང་ན་ཐེབས་ཚད་ཇེ་ཆུང་དུ་གཏོང་གི་ཡོད་ཅེས་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡི་བརྟག་ཞིབ་པ་ཟླ་བ་སྒྲོལ་མས་དེ་ལྟར་བཤད་བྱུང་།

ད་ལྟ་ཨ་ཆེན་གངས་རྒྱབ་དུ་ཡོད་པའི་གཙོད་ཀྱི་གྲངས་ཀ་དེ་སྔོན་ཆད་ཀྱི་ཁྲི་གཉིས་ཀྱང་མི་ཟིན་པ་ནས་ད་ལྟའི་ཁྲི7ཙམ་བར་འཕར་ཡོད།

བུ་ཕྲུག་གིས་བཤད་རྒྱུར།  གཙོད་སྔོན་ཆད་ལས་མང་བ་མ་ཟད། དྲེད་མོང་དང་སྤྱང་ཀི་ཡང་ཇེ་མང་དུ་སོང་ཡོད། ད་ལོའི་ལོ་སྟོད་དུ་ཁུག་སེར་མཚོ་འགྲམ་ནས་གཅན་གཟན་གསའ་ཡི་བརྙན་པར་སླར་ཡང་བླངས་ཐུབ་ཡོད། དུས་རབས་གསར་པར་སླེབས་པའི་ཚུན་ལ་ཀྲུང་དབྱང་ནས་ས་གནས་བར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གོམ་སྟབས་ཟམ་མི་ཆད་པར་ཇེ་མགྱོགས་སུ་བཏང་བ་དང་སྲུང་སྐྱོབ་བྱེད་ཤུགས་ཀྱང་ཟམ་མི་ཆད་པར་ཆེ་རུ་བཏང་བས། ཕན་འབྲས་རིམ་བཞིན་ཐོན་ཡོད་ཟེར།

2016ལོར་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་བཅུག་པས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཏེ་སྲུང་སྐྱོབ་དང་དོ་དམ་ནན་མོ་བྱས་པ་རེད།

ལོ་དེའི་ཟླ10ཚེས1ཉིན《མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ཁུལ་གྱི་སྲུང་སྐྱོབ་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ་དེ་ལས་ཨ་ཆེན་གངས་རྒྱབ་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཐོབ་པ་མཚོན་ཡོད། 2017ལོའི་ཟླ7པར་ཨ་ཆེན་གངས་རྒྱབ་《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་འཇུག་རྒྱུར་ཆོག་མཆན་ཐོབ་ནས་ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཨང51པར་གྱུར་ཏེ། མདོ་དབུས་མཐོ་སྒང་ལ་འཛམ་གླིང་རང་བྱུང་ཤུལ་བཞག་མེད་པའི་སྟོང་ཆ་བསྐངས་བ་རེད།

ལོ་མང་པོའི་རིང་གཞི་ཁྱོན་ཆེ་བ་དང་ཐེངས་གྲངས་མང་བའི་ཆེད་དོན་རི་སྐོར་བྱ་སྤྱོད་ཨ་ཆེན་གངས་རྒྱབ་ཏུ་ཟམ་མི་ཆད་པར་སྤེལ་ནས་སྲུང་སྐྱོབ་ཁུལ་གྱི་ཁྲིམས་འགལ་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་དྲག་པོ་བཏང་བ་རེད།

དེ་དང་ཆབས་ཅིག  ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་བའི་མཉམ་འབྲེལ་སྐོར་སྲུང་ཁྲིམས་འཛིན་དང་གཏན་འབེབས་ལས་འགན་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བ་སོགས་ཀྱི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཨ་ཆེན་གངས་རྒྱབ་ཤུལ་བཞག་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ནན་མོ་བྱས་ནས།  ལྐོག་གསོད་འགོག་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་རེད།

ད་ལྟ་མཚར་སྡུག་ལང་ཚོ་རྒྱས་པའི་ཨ་ཆེན་གངས་རྒྱབ་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་ཐོབ་ཏེ་སྔར་ཡོད་ཀྱི་དབེན་འཇམ་རིམ་གྱིས་སླར་གསོ་ཡོང་བཞིན་མཆིས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།