སྐྱེ་ཁམས་བདག་སྐྱོང་མཁན་པདྨ།
2021.10.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་སྟོང་གཅིག་ལྷག་ཙམ་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཡུལ་ཚོ་རུ་མཚོ་ཁྲི་ཞེས་པའི་མཚེའུ་ཆུང་ཆུང་ཞིག་ཡོད།  ཆུ་དམར་ལེབ་ཡུལ་ཚོ་རུ་དེ་དང་འདྲ་བའི་མཚེའུ་ཁྲི་ལ་འབུད་པ་ཙམ་ཡོད་པས་ཆུ་དམར་ལེབ་ཡུལ་ཚོ་རུ་མིང་ལ་མཚོ་ཁྲི་ཞེས་པའི་སྡེ་བ་ཞིག་ཀྱང་ཡོད་པ་རེད།

མཚོ་ཁྲི་སྡེ་བ་ནི་ད་ལོ་ལོ་ན་སུམ་ཅུ་ལ་བུད་ཡོད་པའི་རྩྭ་ཐང་གི་ཕོ་རྒོད་པདྨའི་ཕ་ཡུལ་རེད།   པདྨ་ལ་མཚོན་ན་ས་ཆ་མང་པོ་ཞིག་འགྲིམས་མྱོང་ནའང་ཁོ་རང་ཆེས་དགའ་བ་ནི་སྔར་བཞིན་རང་གི་ཕ་ཡུལ་མཚོ་ཁྲི་རེད་ཟེར།  རྒྱུ་མཚན་ནི། གནས་དེ་རུ་ཁོ་རང་ཆེས་སྙིང་ཉེ་བའི་རང་བྱུང་ཁམས་ཆེན་མོ་ཡོད་པ་དང་། གནས་དེའི་ག་ས་གང་དུ་རི་སྐྱེས་སྲོག་ཆགས་ཀྱིས་ཁྱབ་ཡོད་ལ་ཡུལ་དེ་ནི་ཚེ་སྲོག་གི་འབྱུང་ཁུངས་ལྟ་བུ་ཞིག་ཡིན་པའི་རྒྱུ་མཚན་གྱིས་རེད།

མཚོ་ཁྲི་སྡེ་བ་ནི་ཆུ་དམར་ལེབ་རྫོང་གི་ལྷོ་ནུབ་ཀྱི་མཚམས་སུ་ཆགསཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་སྟོང་གཉིས་དང་བརྒྱ་དང་ཉེར་བཞི་དང་གྲངས་ཆུང་ལྔ་ཡོད་པ་དང་། ཆ་སྙོམས་མཚོ་འཕང་རྨིད་སྟོང་བཞི་དང་བཞི་བརྒྱའི་ཡན་དུ་གནས།  ས་ཆ་ཚང་མ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ལྟེ་བའི་ས་ཁུལ་གྱི་ཁྱབ་ཁོངས་སུ་གནས་ཡོད།

དུས་ཡུན་རིང་པོ་ཞིག་ལ་མཚོ་ཁྲི་སྡེ་བའི་འབྲོག་པ་རྣམས་ཀྱིས་རུ་བ་སྤར་ནས་འགྲོ་བཞིན་ཡོད་པས་བརྙན་འཕྲིན་དང་ཁ་པར་སོགས་ཀྱི་བརྡ་རྟགས་བསྡུ་ལེན་བྱེད་ཐུབ་ཀྱི་མེད།  ཉིན་མོར་འབྲོག་པ་ཚོ་རྩྭ་ཆུ་བཟང་སར་ཕྱུགས་རྗེས་འབྲངས་ནས་འགྲོ་བཞིན་ཡོད་པ་དང་། མཚན་མོར་ད་གཟོད་སྦྲ་གུར་དུ་ལོག་བཞིན་ཡོད།

ད་ལྟ་མཚོ་ཁྲི་སྡེ་བའི་ཁྱིམ་ཚང་སུམ་བརྒྱ་གོ་གསུམ་ལས་ཁྱིམ་ཚང་མང་ཆེ་བ་ཞིག་ཏང་གི་སྲིད་ཇུས་བཟང་བོའི་སྣེ་ཁྲིད་འོག་ན་གོར་མོའི་འབྲོག་དམངས་སྡེ་གསར་དང་ཆུ་དམར་ལེབ་རྫོང་ཐོག་ཏུ་གནས་སྤར་ཡོད།

ལོ་མང་པོའི་སྔོན་དུ་པདྨ་ཚང་ཡང་རི་མགོ་ནས་གནས་སྤར་ཏེ་ཆུ་དམར་ལེབ་རྫོང་དུ་ཡོང་བ་དང་། དེང་རབས་ཀྱི་འཚོ་བ་གསར་བར་གོམས་ལོབས་སུ་འགྲོ་བའི་ཆེད་དུ། དུས་དེ་ནས་བཟུང་ཁོ་ཚོས་གྲོང་ཁྱེར་གྱི་འཚོ་བའི་རོལ་སྟངས་ལ་ཚོད་ལྟ་བྱས་པར་མ་ཟད། ལག་རྩལ་སྦྱངས་ནས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ཏེ་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱེད་བཞིན་ཡོད།

རྫོང་མཁར་དུ་གནས་སྤར་རྗེས་སུ་ཁྱིམ་དུ་བརྙན་འཕྲིན་འཕྲུལ་ཆས་དང་འཁྱག་སྒམ། གོས་འཁྲུད་འཕྲུལ་ཆས་སོགས་ཁྱིམ་ཆས་སྣ་ཚོགས་ཆ་ཚང་བར་གྱུར།

ཕྱུགས་འཚོ་བའི་འཚོ་བ་ནས་རྒྱུན་ཆད་མེད་པར་ལས་སྐྲུན་གསར་གཏོད་བྱས་པས་ད་ལྟ་པདྨ་ཕུ་ནུ་གཉིས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད།

འཚོ་བའི་འགྱུར་ལྡོག་ངོ་མ་དེ་ནི་ཉེ་བའི་ལོ་ཤས་རིང་བྱུང་བ་ཞིག་ཡིན་ཏེ། པདྨས་བཤད་པ་ལྟར་ན། 2016ལོར་ཏང་ཀྲུང་དབྱང་གིས་མཚོ་སྔོན་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་འཛུགས་སྐྲུན་བྱེད་རྒྱུ་གཏན་འཁེལ་བྱས་རྗེས་སུ། ཁྱིམ་ཚང་རེ་ལ་ལས་གནས་རེའི་སྲིད་ཇུས་འོག  ཁོ་རང་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་པ་དང་།  ཡོང་འབབ་དེ་དག་རྩིས་བརྒྱབ་ཚེ་ཁྱིམ་མི་གང་བོའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་སྒོར་མོ་ཁྲི་གཉིས་ལྷག་ཙམ་ལ་འབུད་ཟེར།

2018ལོར་པདྨ་དང་སྒྲོལ་དཀར་གཉིས་གཉེན་སྒྲིག་བྱས་པ་དང་བྱིས་པ་ཡང་སྐྱེས།  པདྨའི་ཕ་རྒན་བསྟན་རྒྱལ་ནི་མཚོ་ཁྲི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན་པ་དང་། ད་ལྟ་ཕྱུགས་ཟོག་འཚོ་སྐྱོང་བྱེད་ཀྱི་མེད་ནའང་། ཁོས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དེ་ཕྲག་ཏུ་ཁུར་ཡོད།

འཚོ་བ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་ཡོད། པད་མས་བལྟས་ན་འགྱུར་ལྡོག་ཆེ་ཤོས་ཤིག་ནི་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་རེད། ས་གནས་ཀྱི་མི་དང་མགྲོན་པོ་སོགས་སུ་ཞིག་ཡིན་རུང་ཚང་མར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་མོ་ལྡན། ད་ལྟ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱིས་སྲོག་ཆགས་དེ་དག་ལ་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་འདྲིས་བྱེད་ཐུབ་ཀྱི་ཡོད་ཟེར།

གཙོད་ཀྱི་གྲངས་འབོར་མང་དུ་ཕྱིན་པ་དང་འབྲོང་ཡང་རྟག་ཏུ་མཐོང་རྒྱུ་ཡོད། སྔོན་ཆད་མཐོང་བར་དཀོན་པའི་དྲེད་མོང་ཡང་ད་ལྟ་སྐབས་རེར་སྡེ་བའི་ནང་དུ་ཡོང་བའི་གནས་ཚུལ་འདུག་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་རྣམ་པ་དེ་གནས་འདི་ནས་གང་སར་མཐོང་ཐུབ་ཅེས་པདྨས་དེ་ལྟར་བཤད་བཞིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་བདག་སྐྱོང་མཁན་ཞིག་ཡིན་པའི་ངོས་ནས་ཁོ་ལ་སྤོབས་སེམས་ཆེན་པོས་ཁེངས་འདུག

རྩྭ་ཐང་གི་འབྲོག་པ་རྣམས་ལ་མཚོན་ནས་བཤད་ན། སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་ཁོ་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་ཉག་ཅིག་རེད།  ལོ་ལྔའི་སྔོན་དུ་པདྨ་ད་དུང་ཟི་ལིང་དུ་སློབ་ཆེན་འགྲིམ་བཞིན་ཡོད་ཅིང་།  ཁོ་རང་རང་བྱུང་ཁམས་ལ་དགའ་ཞེན་ཆེ་བ་དང་སྐྱེ་ཁམས་ལ་དགའ་ཞེན་ཆེ་བའི་དབང་གིས་ཁོས་དངོས་སྦྱོང་བྱེད་ཡུལ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་བདམས་པ་རེད། 2016ལོ་ནས་བཟུང་། ཁོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ས་ཚིགས་སུ་སྣེ་ཤན་པའི་འགན་འཁུར་བ་དང་། སྔོན་རབས་པ་ཚོས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྤོབས་སེམས་ཀྱིས་ཁོ་ལ་རང་གི་ཕྲག་ལ་བབས་པའི་འགན་འཁྲི་དང་ལས་འགན་སྔར་ལས་གསལ་བོར་རྟོགས་སུ་བཅུག

དངོས་སྦྱོང་བྱ་བ་མཇུག་རྫོགས་རྗེས།  པདྨ་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕྱིར་རང་གི་ཕ་ཡུལ་ཆུ་དམར་ལེབ་རྫོང་དུ་ལོག་པ་དང་།རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ཡི་རྒྱབ་སྐྱོར་འོག  ཁོ་རང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཆུ་དམར་ལེབ་སྐྱེ་ཁམས་སློབ་གསོའི་ས་ཚིགས་སུ་ཞུགས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་བརྟན་སྲུང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ཏེ། ས་གནས་འབྲོག་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་ལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་སྐོར་གྱི་ཤེས་བྱ་བརྒྱུད་སྤྲོད་བྱས། དེའི་དམིགས་ཡུལ་ནི་མི་སྔར་ལས་མང་པོ་ཞིག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་སྡེ་ཁྲོད་ཞུགས་སུ་འཇུག་རྒྱུ་དང་།  སློབ་མ་རྣམས་ཆུང་དུས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལྡན་པར་བྱེད་པ།  འབྲོག་པ་རྣམས་སྔར་ལས་རང་རྟོགས་དང་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་སྡེ་རུ་ཞུགས་སུ་འཇུག་རྒྱུ་དེ་རེད།

ད་ལོ་ལོ་ན་སུམ་ཅུ་ཡིན་པའི་པདྨ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་མཁན་ཞིག་ཡིན་པར་མ་ཟད། ཆུ་དམར་ལེབ་རྫོང་གི་སྐྱེ་ཁམས་དགེ་རྒན་ཞིག་ཀྱང་རེད། ཁོས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་བརྟེན་ནས་ས་གནས་དེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་འབྲོག་པ་རྣམས་ལ་རྒྱལ་ཁབ་སྤྱི་གླིང་དུ་བྱུང་བའི་སྐྱེ་ཁམས་སྐོར་གྱི་གཏམ་རྒྱུད་བཤད་བཞིན་ཡོད།

པདྨས་བཤད་རྒྱུར། ང་རང་རང་བྱུང་ཁམས་ལ་དགའ་ཞེན་ཆེ་བ་དང་ལྷག་པར་དུ་རང་ཉིད་གསོ་སྐྱོང་བྱས་པའི་ས་གཞི་འདིར་དགའ་ཞེན་ཆེན་པོ་ཡོད། དགའ་ཞེན་དེའི་དབང་གིས་ང་རང་གི་བྱ་བ་དེ་སྐྱེ་ཁམས་སྲུང་སྐྱོབ་དང་ནམ་ཡང་ཁ་འབྲལ་མ་མྱོང་ཟེར།  ཁོའི་འོས་འགན་གཙོ་བོ་ཞིག་ནི་སྡེ་མི་རྣམས་གསོ་སྦྱོང་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དྲིལ་སྒྲོག་བྱེད་རྒྱུ་དེ་རེད།  ནམ་རྒྱུན་དུ་འབྲོག་པ་རྣམས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་སློབ་ཁྲིད་ཡོད་པ་ཤེས་དུས་ཚང་མ་ཧུར་བརྩོན་ཆེན་པོས་སློབ་ཁྲིད་ལ་ཞུགས་ཀྱི་ཡོད།

མཇུག་མཐར་པདྨས་བཤད་རྒྱུར། དུས་རབས་གསར་བའི་ནང་དུ་ཁོ་དང་ཁོའི་སྤུན་ཟླ་རྣམས་ཀྱིས་མུ་མཐུད་དུ་སྐྱེ་ཁམས་བདག་སྐྱོང་མཁན་གྱི་བྱ་བ་ལེགས་པོར་བསྒྲུབ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་རང་གི་ནུས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

                                                                                ཡིག་སྒྱུར་བ། གཡང་འབུམ་རྒྱལ།