མཚོ་སྔོན་ནི“སའི་གོ་ལའི་སྣེ་གསུམ་པ”རུ་གནས་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པར་མ་ཟད། སའི་གོ་ལའི་ཕྱེད་བྱང་མའི་མཁའ་དབུགས་ཚོར་སྐྱེན་ཁུལ་དང་། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་སྙོམས་སྒྲིག་ཁུལ། མཐོ་སྒང་གི་རང་བྱུང་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་མཛོད་བཅས་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་དེ་ནམ་ཡང་ཐུགས་དབུས་སུ་བཅངས་ཡོད།
“མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན།”ད་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས། ཡང་བསྐྱར་ཏང་ཀྲུང་དབྱང་གིས་ང་ཚོར་བསྩལ་བའི་ལས་འགན་ནན་བཤད་གནང་བྱུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གཉིས་ལ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པར་མ་ཟད། མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་ནས་བླང་བྱ་གལ་ཆེན་བཏོན་པ་དང་། དེ་མིན་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ གལ་ཆེན་རབ་དང་རིམ་པ་བཏོན།
མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར་འགན་འཁྲི་ཕྲག་ཏུ་ལེན། 2020ལོའི་ཟླ8པའི་ཚེས28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་དགོས་པའི་བླང་བྱ་གལ་ཆེན་བཏོན། ད་ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མདོ་དབུས་མཐོ་སྒང་མགྱོགས་མྱུར་གྱིས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་དགོས་པའི་སྐོར་གྱི་འགུལ་སྐྱོད་ཇུས་གཞི》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། མངོན་གསལ་དོད་པོའི་སྒོ་ནས་བཏོན་པའི“མཐོ་ས་གསར་པ་བརྒྱད”ཀྱི་ཁྲོད། དང་པོ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གྱི་མཐོ་ས་གསར་པ་བསྐྲུན་རྒྱུ་དེ་ཡིན་ལ། དེ་ནི《འགུལ་སྐྱོད་ཇུས་གཞི》ཡི་ནང་དོན་ཡོངས་ལ་ཁྱབ་པའི་གཙོ་ཐིག་ཅིག་ཀྱང་ཡིན།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འགོ་ཁུངས་གླིང་ཁུལ་དུ་གནས་པའི་རྫ་སྟོད་རྫོང་གི་འབྲོག་ཁྱིམ་གྱི་ར་སྐོར་ཕྱི་ནང་དུ། གད་སྙིགས་རིགས་བཞིར་བགོས་ཏེ། ཕྱིར་བསྡུ་ཆོག་པའི་ལྕགས་ཀྲིན་དང་འགྱིག་དམ། གནོད་ལྡན་གློག་རྫས་མང་པོ། དུས་ཡོལ་སྨན་རྫས་སོགས་ཡོད་པ་ལས་གཞན། ད་དུང་ས་འོག་ཏུ་སྦས་ཏེ་ཐག་གཅོད་བྱ་དགོས་པའི་སོལ་ཐལ་དང་ཟ་ཁང་གི་གད་སྙིགས་བཅས་ཡོད། རྫ་སྟོད་རྫོང་གིས་རྫ་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་ཆེད། ཁྱིམ་ཚང་གི་ཐོག་མའི་རིགས་དབྱེ་དང་ཕྱིར་བསྡུ་ནས་མགོ་བརྩམས་ཏེ། རིམ་བཞིན“ཁྱིམ་ཚང་གིས་འཐུ་བ་དང་། སྡེ་བས་གཅིག་སྡུད། ཡུལ་ཚོས་དབོར་འདྲེན། རྫོང་གིས་ཐག་གཅོད”ཀྱི་རྣམ་པ་གསར་པའི་འབྲོག་ཁུལ་གྱི་གད་སྙིགས་ཇེ་ཉུང་དུ་གཏོང་བ་དང་བསྐྱར་བཀོལ་གྱི་ཐག་གཅོད་རྐྱེན་སྲོལ་མངོན་འགྱུར་བྱས་ཏེ། མིའི་རིགས་ཀྱི་ཐོན་སྐྱེད་གད་སྙིགས་ཀྱིས་རང་བྱུང་ཁམས་ལ་གནོད་པ་ཅུང་ཙམ་ཡང་མི་ཐེབས་པར་བྱེད་ཀྱིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱ་དགོས་ལ། རང་བྱུང་ཁམས་ལ་གནོད་འཚེ་བཟོས་ཚེ་མཇུག་མཐར་མིའི་རིགས་ལ་གནོད་འཚེ་ཐེབས་ངེས་ཞེས་གསུངས་མྱོང་།
ཨ་ཆེན་གངས་རྒྱབ་ཀྱི་ཤུལ་བཞག་རིག་གནས་རེ་ཞུ་ལེགས་འགྲུབ་བྱུང་སྟེ། རི་དྭགས་གཙོད་ཀྱི་གྲངས་ཀ་ཆེས་ཉུང་བའི་སྐབས་ཀྱི་ཁྲི2ནས་ད་ལྟའི་ཁྲི7ཡས་མས་ལ་འཕར་སྣོན་བྱུང་བ་དང་། མཚོ་སྔོན་པོའི་ཆུ་ཁོངས་རྒྱ་ཁྱོན་ལོ་རེར་ཇེ་ཆེར་སོང་སྟེ། གསེར་ཉའི་ཐོན་ཁུངས་སྲུང་སྐྱོབ་ལག་བསྟར་མ་བྱས་པའི་སྔོན་དང་བསྡུར་ན་ལྡབ38འཕར་ཡོད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བར་གནས་ལ། མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་རྒྱ་ཁྱོན་སོ་སོར་སྤྱི་ལེ་གྲུ་བཞི་མ74.6དང་སྤྱི་ལེ་གྲུ་བཞི་མ117.4ཡིས་ཇེ་ཆེར་སོང་ཡོད་ལ། བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104དང་། མཚོ་མོའི་གྲངས་ཀ5849ལ་འཕར་ཏེ།“མཚོ་མོ་སྟོང་གི་མཛེས་ལྗོངས”སླར་ཡང་མི་ཡུལ་དུ་མངོན།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ནི་རྨ་ཆུའི་ཁུགས་སོ་དང་པོར་གནས་ལ། ཆུ་ཁུངས་འཛོམས་པའི་དགེ་མཚན་གྱིས་གནས་འདི“མཚོ་སྔོན་གྱི་ཆེས་མཛེས་པའི་རྩྭ་ཐང”དུ་གྲགས་ཡོད།
ཧི་ནན་རྫོང་གིས“རྩྭ་ནི་ལས་ཀྱི་གཞི་རྐང་ཡིན་པར”རྟོགས་ཏེ། ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་དང་། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད། སྔོ་ཁེབས་ཀྱི་ཚད་དང་རྩྭའི་ཐོན་ཚད་ཇེ་མང་དུ་སོང་ཡོད།
སྐྱེ་ཁམས་ཇེ་བཟང་དུ་གྱུར་ཏེ། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་རྫ་དམར་ཡུལ་ཚོའི་ཁྱད་ལྡན་གསོ་སྤེལ་མཉམ་ལས་ཁང་གིས་ཕུན་སུམ་ཚོགས་པའི་གདོད་མའི་ནགས་ཚལ་ཐོན་ཁུངས་དང་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་མ་ལག་ལ་བརྟེན་ནས་ནགས་འདབས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བཞིན་ཡོད། མཉམ་ལས་ཁང་འདིར་ཕག200ལྷག་དང་། ཁྱིམ་བྱ་ཁྲི་ཙམ་ཡོད་ལ། ལོ་རེར་ཕྱིར་བཙོང་ཚད90%ལ་སླེབས་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་ནི་དམངས་ཚིས་ཆེད་དུ་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱང་དམངས་ཚིས་ཆེད་དུ་ཡིན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་མི་དམངས་བདེ་སྐྱིད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། མི་དམངས་མང་ཚོགས་ལ་ཁོར་ཡུག་ལེགས་པོ་དགོས་པར་མ་ཟད། ད་དུང་གནམ་སྔོན་པོ་དང་། ཆུ་དྭངས་མོ། མཁའ་དབུགས་གཙང་མའང་དགོས། དེང་སྐབས་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་ལེགས་པའི་ཉིན་གྲངས་ཉིན305ནས354ལ་འཕར་བ་དང་། རིམ་པ་ལྔའི་ཆུ་དཔོན་དང་མཚེའུ་དཔོན་མ་ལག་ཁྱོན་ཡོངས་ནས་བཙུགས་ཟིན་པ་དང་། 2020ལོར་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱིས་དཔྱད་ཞིབ་བྱས་པའི་བཅད་ངོས་ཆུའི་ལེགས་པའི་བསྡུར་གྲངས100%ལ་སླེབས། གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་བྱེད་ནུས་ཁུལ་གྱི་ཆུ་སྤུས100%ལ་སླེབས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དངོས་གནས་མཐོར་འདེགས་བྱུང་།
ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད། ད་ལྟ་མཚོ་སྔོན་པོའི་ཉེ་འཁོར་གྱི་ཆུ་བོ་ཚང་མར“ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ་མོ”ཡི་མཛེས་ལྗོངས་མངོན་ཡོད་པ་དང་། གསེར་ཉ་ནི་མཚོ་སྔོན་པོའི“ཆུ་དང་ཉ། བྱ་དང་རྩྭ་ས”བཅས་སྐྱེ་ཁམས་མ་ལག་ཁྲོད་ཀྱི་ཆེས་རྨང་གཞིའི་ཁག་ཅིག་ཡིན་ལ། དེ་སྲུང་སྐྱོབ་བྱ་ཐུབ་ཚེ། སྐྱེ་ཁམས་སྣ་མང་རང་བཞིན་དང་སྐྱེ་ཁམས་ཁོར་ཡུག་ཚང་མར་ཕན་པ་ཡོད།
སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཆེད། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ གཟབ་ནན་གྱི་ལམ་ལུགས་དང་གཟབ་ནན་གྱི་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཅེས་པའི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གཟབ་ནན་གྱི་ཁྲིམས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མ་ལག་རང་བཞིན་དང་། འཐུས་ཚང་རང་བཞིན། དེ་མིན་ནང་གནས་ཆོས་ཉིད་དང་། མགོ་ཁུངས་ནས་སྔོན་འགོག་བཅོས་སྐྱོང་དང་། བརྒྱུད་རིམ་ཚོད་འཛིན། གནོད་འཚེ་གུན་གསབ། འགན་འཁྲི་རྩད་གཅོད་བཅས་ཀྱི་བསམ་བློ་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཏེ། འཐུས་ཚང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་བསྐྲུན་པ་དང་། རྒྱལ་ཁབ་མངའ་ཁོངས་བར་སྟོང་སྒོ་འབྱེད་དང་། ཐོན་ཁུངས་གྲོན་ཆུང་བེད་སྤྱོད། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་ནི་མིའི་རིགས་ཐུན་མོང་གི་ཕུགས་འདུན་ཡིན། སྐྱེ་ཁམས་ཁོར་ཡུག་གི་འགྲན་རྩོད་ལ་གདོང་གཏད་ནས། མིའི་རིགས་དར་ན་མཉམ་དར་དང་། རྒུད་ན་མཉམ་རྒུད་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་པས། ཁེར་རྐྱང་དུ་གནས་ཐུབ་པའི་རྒྱལ་ཁབ་གཅིག་ཀྱང་མེད”ཅེས་བསྟན་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། སའི་གོ་ལའི་སྣེ་གསུམ་པ་ནི། རང་རྒྱལ་མ་ཟད་ཨ་ཤེ་ཡ་དང་སའི་གོ་ལའི་ཆུ་ཁོངས་གསོག་སྐྱིལ་བྱེད་ཡུལ་གལ་ཆེན་ཞིག་ཡིན། གནས་འདི་ནས་ལོ་རེར་སྨད་རྒྱུད་དུ་ཆུ་གཙང་མ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར600ལྷག་སྐྱེལ་བཞིན་ཡོད་ལ། སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱིའི་རིན་ཐང་མ་དངུལ་སྒོར་དུང་ཕྱུར་འབུམ་གཅིག་ཁྲི་བརྒྱད་ལྷག་དང་། སྐྱེ་ཁམས་ཞབས་ཞུའི་སྤྱིའི་རིན་ཐང་མ་དངུལ་སྒོར་དུང་ཕྱུར7300ཡིན་ལ། གནམ་གཤིས་སྙོམས་སྒྲིག་དང་དངོས་རིགས་སྲུང་འཛིན་སོགས་ཀྱི་བྱེད་ནུས་རང་བཞིན་གྱི་རིན་ཐང་དཔག་ཐབས་བྲལ།
ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མདོ་དབུས་མཐོ་སྒང་ནི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་དགོས”ཞེས་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱེད་པ་དང་། དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གྱི་ཐེག་བྱད་གལ་ཆེན་དུ་བཞག་ནས། མཚོ་སྔོན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གྱི་མཐོ་ས་གསར་པར་འགྱུར་བར་བྱ་དགོས་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ལ་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་གིས་གཏོད་དགོས། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།