སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པ་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་བསྐྲུན་དགོས་ཞེས་ནན་གསུང་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་བསྐྲུན་བཞིན་པའི་ཞིང་ཆེན་ཁོ་ན་ཡིན་པའི་ཆ་ནས་མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་ལས་འགན་ལྗིད་མོ་ཕྲག་ཏུ་ འཁུར་བ་དང་། ལམ་ལུགས་རང་བཞིན་གསར་སྐྲུན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་བརྒྱུད་དེ་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་གཏོང་བཞིན་ཡོད།
ཟླ7པའི་ཟླ་སྟོད་དུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྐྱོབ་བཅོས་རྟེན་གཞིའི་ལས་བྱེད་མི་སྣས་གནའ་ཕྲུག་གཅིག་ལ་བརྟག་དཔྱད་བྱེད་བཞིན་ཡོད། རྟེན་གཞི་དེ་ནི་རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་དུ་བཙུགས་པའི་རི་སྐྱེས་སྲོག་ཆགས་ཀྱི་སྐྱོབ་བཅོས་རྟེན་གཞི་དང་པོ་ཡིན་ཞིང་། ལས་བྱེད་མི་སྣ་ཞུས་ཧྥིན་དབྱིས་ཀྱིས་བཤད་རྒྱུར། སྔོན་ཆད་རྨས་ཕོག་པའི་རི་སྐྱེས་སྲོག་ཆགས་དེ་སྤྱི་ལེ་བརྒྱ་ལྷག་ཡོད་པའི་ཟི་ལིང་དུ་སྐྱོབ་བཅོས་བྱེད་པར་སྐྱེལ་དགོས། ད་ལྟ་འདི་གར་སྐྱོབ་བཅོས་རྟེན་གཞི་བཙུགས་ཡོད་པས། སྐྱོབ་བཅོས་ཀྱི་ལས་ཕྱོད་ཇེ་མཐོར་སོང་ཡོད། ང་ཚོའི་རྟེན་གཞི་ཡོད་ས་དེ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་དུ་བཙུགས་ཡོད་ཅིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁོངས་ནང་གི་ཐེམ་ཆེན་དང་། མིན་ཡོན། མདོ་ལ་བཅས་ཀྱི་རི་སྐྱེས་སྲོག་ཆགས་མང་པོ་དུས་ཐོག་ཏུ་སྐྱོབ་བཅོས་རྟེན་གཞིར་སྐྱེལ་ཐུབ། ང་ཚོའི་རྟེན་གཞིར་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལ་བརྟག་དཔྱད་བྱེད་པའི་ཆ་རྐྱེན་ལྡན་པས་ཚན་རིག་ཞིབ་འཇུག་དང་རྨང་གཞིའི་གཞི་གྲངས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།
རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དེ་ནི་ཚན་རྩལ་གྱི་གཞི་རྟེན་དང་དོ་དམ་བྱེད་ཐབས་གསར་སྐྲུན་བྱེད་པ་དང་ཁ་འབྲལ་ཐབས་མེད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁོངས་སུ་མི་མེད་གནམ་གྲུ་རེ་རེ་དང་ལག་འཁྱེར་ཁ་པར་རེ་རེ་ནི་མཐའ་སྣེ་རེ་རེ་ཡིན། ལྟ་སྲུང་པ1200ཡིས་ནང་འཇུག་བྱས་པའི་རིགས་ཁག་གི་གཞི་གྲངས་རེ་རེ་མཉམབསྡུས་བྱས་རྗེས་རྒྱལ་ཁབ་སྤྱི་གླིང་གི་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་སྔར་ལས་སྟབས་བདེར་གྱུར་ཡོད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པ་ཁྲིན་གོ་ཀྲེ་ཡིས་བཤད་རྒྱུར། ད་ལྟ་རླངས་འཁོར་དང་སྐོར་གཡེང་མཐའ་སྣེ་སོགས་ཀྱི་སྒྲིག་ཆས་ཆ་ཚང་ཡིན་པ་དང་། ཕྱིར་སྐྱོད་སྐབས་ད་དུང་ཐད་འཕུར་གནམ་གྲུ་ཡང་ཡོད་པས། ཐག་ཉེ་ས་ནས་པར་དང་བརྙན་སོགས་ལེན་ཆོག མཚམས་རེར་ད་དུང་གསའ་དང་གཟིག་སོགས་མཐོང་དཀོན་པའི་སྲོག་ཆགས་ཀྱང་པར་ལེན་ཐུབ་པ་བྱུང་ནས་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་པོའི་མཛོད་དུ་འཇོག་བཞིན་ཡོད།
རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་རྒྱུན་མཐུད་འཚོལ་ཞིབ་དང་ལག་ལེན་བྱས་པས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད།
རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་ཡིན་པའི་ཆ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་ཐང་། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཏུ་འདུས་པའི་དོ་དམ་སྲུང་སྐྱོབ་ཀྱི་རྩ་དོན་གཞིར་བཟུང་ཐོག བྱེད་ནུས་བསྐྱར་སྒྲིག་དང་ལེགས་སྒྱུར་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་མཚོན་རྟགས་གཅིག་ལ་མགོ་མཇུག་བར་གསུམ་དུ་དོ་དམ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ལ་སྤྱི་ཡོངས་ནས་སྲུང་སྐྱོབ་དང་། མ་ལག་ལྡན་པའི་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱེད་པ་མངོན་འགྱུར་བྱུང་ཡོད། ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཚོ་དང་མཚེའུ་སྟོང་ཕྲག་མང་པོ་ས་གཞི་མཛེས་པའི་བརྒྱན་དུ་གྱུར་བ་དང་། གཙོད་ཀྱི་གྲངས་ཀ་ཡང་ཁྲི་བདུན་ལྷག་བར་སླར་གསོ་བྱུང་ཡོད།
མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་མཚོ་ཆེ་ཤོས་དེ་ཡིན། 2022ལོར་མཚོ་སྔོན་པོར་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་སྤེལ་ཞིང་། ལོ་གཉིས་ལྷག་གི་རིང་། ཉ་དང་འདབ་ཆགས་མཉམ་དུ་ཅི་དགར་རོལ་བ་དེ་ནི་མཚོ་སྔོན་པོའི་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པའི་གྲུབ་འབྲས་གལ་ཆེན་དུ་གྱུར་བ་དང་། མཚོ་སྔོན་པོའི་འདབ་ཆགས་སྣ་ཚོགས་འབུམ་དྲུག་ལྷག་ཟིན་ཡོད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཚན་རྩལ་མཉམ་ལས་དྲིལ་སྒྲོག་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ཁྲིན་ཏེ་ཧུའེ་ཡིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཁྲོད། མཚོ་སྔོན་པོའི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པ་ནི་ལས་འགན་གཙོ་བོ་ཞིག་ཡིན་ལ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་དང་མཚོ་སྐོར་གྱི་ཁུལ་གསུམ་དང་རྫོང་བཞི་ཡི་ས་ཆ་ཆ་ཤས་མཉམ་འགུལ་བྱས་ཤིང་། “དོ་དམ་ཅུས་དང་། དོ་དམ་ཡན་ལག་ཅུས། དོ་དམ་སྲུང་སྐྱོབ་ས་ཚིགས”བཅས་ཀྱི་རིམ་པ་གསུམ་གྱི་རྩ་འཛུགས་ལས་ཁུངས་འཛུགས་པར་སྐུལ་འདེད་ཆེན་པོ་བཏང་བ་དང་། ས་གནས་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ་རྒྱུན་ལྡན་ཅན་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས། མཚོ་སྔོན་པོའི་རྒྱུད་ཀྱི་ཕྱོགས་བསྡུས་དོ་དམ་ནུས་པ་དང་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་བཏང་ཡོད་ཟེར།
《མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》སྒྲིག་བཟོ་བྱེད་པ་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཛུགས་སྐྲུན་ཇུས་གཞི་སོགས་ལམ་ལུགས་དང་བྱེད་ཐབས་ཁག་བཅུ་ལྷག་བཏོན་པའི་བར་དང་། དེ་ནས་གསའ་དང་གཙོད་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་བར་སོགས། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཏུའུ་ཕེན་ཀོས་ཀྱིས་བཤད་རྒྱུར། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ནས་བཟུང་། ང་ཚོས་རང་བྱུང་སྲུང་སྐྱོབ་བྱ་ཡུལ་ཇེ་ལེགས་སུ་གཏོང་བ་དང་། དོ་དམ་སྒྲིག་སྲོལ་གསར་དུ་གཏོད་པ། མ་དངུལ་འགན་ལེན་ལམ་སྲོལ་འཛུགས་པ། ཚན་རིག་དང་མཐུན་པའི་དོ་དམ་ལ་སྐུལ་འདེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་ཐབས་འཚོལ་ཞིབ་བཅས་ཕྱོགས་ལྔ་ལ་དམིགས་ནས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་རགས་ཙམ་ཆགས་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་མངོན་འགྱུར་བྱུང་ཡོད་ཟེར།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།