
—མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་ལ་བཅར་འདྲི་བྱས་པ།

ལས་བྱེད་མི་སྣས་ཤྭ་ཕྲུག་པང་བཞིན་པ།
ཉེ་ལམ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་སུ། ས་ཚིགས་ཀྱི་འགན་འཛིན་པ་མ་ཚུན་ཞིན་གྱིས“གསོན་ཤུགས་བརྟས་པའི་ཀྲུང་གོར་བརྟག་ཞིབ་ཏུ་བསྐྱོད་པ”ཞེས་པའི་མཚོ་སྔོན་གྱི་བརྗོད་དོན་གཙོ་བོའི་བཅར་འདྲི་ཚོགས་པའི་གསར་འགོད་པར་སྲོག་སྐྱོབ་བྱས་པའི་སྲོག་ཆགས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་འདུག
མདོ་ལ་རྫོང་ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་དུ་གནས་པའི་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དུ་བཙུགས་པའི་རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་ལས་ཁུངས་གཅིག་པུ་རེད།
བཅོས་སྐྱོབ་གསོ་སྤེལ་ས་ཚིགས་ཀྱི་ར་བར། གནའ་བ་གཉིས་ཀྱིས་མགོ་སྒུར་ནས་སྔོ་རྩྭ་ཟ་བཞིན་ཡོད་པ་དང་། གནའ་ཕྲུག་ཅིག་དང་ཁ་ཤྭའི་ཕྲུ་གུ་ཞིག་བག་ཕེབས་ངང་གང་སར་འཆམ་འཆམ་བྱེད་བཞིན་ཡོད། ནམ་རྒྱུན་རྫ་བྲག་གི་བར་དུ་འགྲོ་འོང་བྱེད་པའི་གནའ་བ་དེ་དག་གིས་མི་ཞིག་ཡོང་བ་མཐོང་སྐབས་འཚང་ཁ་ཤིག་ཤིག་ངང་མདུན་དུ་རྒྱུག་པ་དང་། དྭངས་གསལ་གྱི་མིག་ནང་དུ་མཚར་སྣང་གིས་ཁེངས་འདུག
“གནའ་བས་མི་ལ་མི་རྡུང་། སྐྲག་མི་དགོས། ”མ་ཚུན་ཞིན་གྱིས་ཚང་མས་གཟབ་གཟབ་བྱེད་པ་མཐོང་ནས་ཕྱོགས་གཅིག་ནས་ཚང་མ་བློ་བདེ་བར་བྱེད་པ་དང་ཡང་ཕྱོགས་གཅིག་ནས་ལག་པ་བསྲིངས་ཏེ་གནའ་བ་ལ་བྱིལ་བྱིལ་བྱེད་ཞོར་ཕན་ཚུན་ལ་མཛའ་བརྩེ་སྟོན་བཞིན་ཡོད། “གནའ་བ་དེ་དག་ཆུང་དུས་ནས་བཅོས་སྐྱོབ་བྱས་རྗེས། བདག་སྐྱོང་པས་སེམས་ཞིབ་མོས་ལྟ་སྐྱོང་བྱས་སྟབས་མི་ལ་ལྷག་ཏུ་བཏུད། ད་ལྟ་ཚང་མ་ནར་སོན་ཡོད་མོད། འོན་ཀྱང་ཕྱི་རོལ་དུ་འཚོ་གནས་བྱེད་པའི་ཉམས་མྱོང་མེད་པས། དེ་གར་རྒྱུན་སྡོད་བྱ་རྒྱུ་ལས་ཐབས་མེད”ཅེས་མ་ཚུན་ཞིན་གྱིས་འགྲེལ་བཤད་བྱས།
ར་བའི་གཡོན་འགྲམ་དུ་རྒྱབ་རི་བྱང་དང་མདུན་རི་ལྷོ་ལ་ཕྱོགས་པའི་བདེ་སོས་དྲོད་ཁང་གྲལ་ཕྲེང་གཅིག་རི་སྐྱེས་སྲོག་ཆགས་ལ་ཆེད་དུ་བསྐྲུན་ཡོད། དཀར་ཆ་དོད་པའི་སྒེའུ་ཁུང་ནས་བལྟས་ན། དེའི་ནང་དུ་ཝ་དམར་དང་ཝ་དཀར། རྩྭ་གཡི། ཁྲུང་ཁྲུང་སྐེ་ནག བྱ་ལོང་ལྟག་ཁྲ་སོགས་བསྡད་ཡོད་པ་མཐོང་ཐུབ།
ཝ་དམར་ཞིག་གིས་སྡེར་མོ་སྒེའུ་ཁུང་གི་མདའ་ཡབ་སྟེང་བཞག་ནས་མཚར་ཉམས་དང་བཅས་ཕྱི་རོལ་དུ་ལྟ་བཞིན་འདུག ཝ་དམར་གཞན་ཞིག་དང་ཝ་དཀར་ཞིག་སྣང་བ་སྐྱིད་པའི་ངང་ས་ལ་ཉལ་ནས་གཉིད་ལོག་རྒྱག་གིན་འདུག གཞོགས་གཞན་ཞིག་གི་ཁང་པའི་ནང་རྩྭ་གཡི་ཞིག་གཟེབ་ཁང་གི་འགྲམ་དུ་ལངས་ཏེ་དོགས་ཟོན་ཆེན་པོས་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་ལྟ་བཞིན་ཡོད་པ་དང་། གཞན་ཞིག་གཟེབ་ནང་དུ་ཡིབ་ནས་སེམས་ཆུང་ངང་མགོ་བོ་ཕྱི་ལ་མངོན་ཡོད། ཆེས་གཞུག་གི་ཁང་པའི་ནང་ཁྲུང་ཁྲུང་སྐེ་ནག་དང་བྱ་ལོང་ལྟག་ཁྲ་མཉམ་དུ་སྒེའུ་ཁུང་གི་མདའ་ཡབ་ཐོག་ལངས་ནས་ཁུ་སིམ་མེར་ཕྱོགས་བཞིར་ལྟ་ཞིབ་བྱེད་ཀྱིན་འདུག
“ཝ་དམར་དེ་གཉིས་ང་ཚོས2023ལོའི་ཟླ7པར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སེམས་ཉིད་ནགས་ར་ནས་བསྐྱབས་པ་ཡིན། སྐབས་དེར་ཁོ་ཚོས་ད་དུང་ནུ་མ་ནུ་བཞིན་ཡོད། ཚོད་དཔག་བྱས་ན་ཝ་ཕྲུག་གི་ཨ་མར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ནས་བརྟེན་ས་མེད་པར་གྱུར་པས་དེ་ཚོ་མིའི་འཚོ་བ་རོལ་ཁུལ་དུ་ཁ་ཟས་འཚོལ་དུ་ཡོང་བ་ཡིན་རྒྱུ་རེད། ད་ལྟ་དེ་དག་གི་གཟུགས་པོ་ཕྱི་རོལ་གྱི་ཝ་དམར་ལས་ཧ་ཅང་ཆུང་ལ། རི་ཐང་དུ་སོང་ན་རིགས་གཅིག་པ་རྣམས་དང་འགྲན་རྩོད་བྱེད་མི་ཐུབ་པས། དེ་གར་སྡོད་རྒྱུ་ལས་ཐབས་མེད”ཅེས་མ་ཚུན་ཞིན་གྱིས་ཝ་དམར་དེ་གཉིས་ལ་མཛུབ་མོས་སྟོན་བཞིན་དུ་བཤད།
མ་ཚུན་ཞིན་གྱིས་ཚང་མ་ཁྲིད་ནས་ཁང་པའི་ལྟག་རྒྱབ་ཀྱི་རྩྭ་ཐང་ཆེན་པོར་སོང་བ་དང་། དེ་ནི་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་ཀྱི་རི་དྭགས་ར་བ་རེད། དེ་གར་རི་སྐྱེས་སྲོག་ཆགས་དག་གིས་ཡང་བསྐྱར་གཟན་འཚོལ་བ་དང་ཉེན་ཁར་གཡོལ་བའི་རྩལ་ནུས་སློབ་བཞིན་ཡོད་པ་དང་ལས་དོན་མི་སྣས་ལྐོག་ཏུ་ལྟ་ཞིབ་བྱས་ནས་དེ་དག་གི་ཕྱི་རོལ་དུ་འཚོ་བའི་ནུས་པ་ལ་དཔྱད་འཇོག་བྱེད་ཀྱིན་ཡོད། “རང་བྱུང་ཁམས་ནི་དེ་ཚོའི་ཁྱིམ་ཚང་ངོ་མ་རེད”ཅེས་མ་ཚུན་ཞིན་གྱིས་ཚོར་སྣང་ཟབ་མོས་བཤད།
རི་དྭགས་ར་བའི་ཤིང་ལམ་ཐོག་འགྲོ་སྐབས། རྩྭ་གཟན་སྲོག་ཆགས་ཀྱི་ཕྱི་རོལ་སྦྱོང་བརྡར་ཁུལ་དུ་དགོ་སྐྱ་ཞིག་གིས་མ་ཚུན་ཞིན་དང་ལས་གྲོགས་དག་སླེབས་པ་མཐོང་འཕྲལ་མདུན་དུ་རྒྱུག་ཡོང་བ་དང་། ར་སྐོར་ནང་ནས་མགོ་བོ་ཕྱི་ལ་བཏོན་ཏེ། ཁོ་ཚོའི་རྐང་སྣམ་ལ་སྣོམ་བཞིན་འདུག “འདི་ནི་ང་ཚོའི་ལྟ་སྐྱོང་འོག་འཚར་ལོངས་བྱུང་བ་ཞིག་རེད། བཅོས་སྐྱོབ་བྱེད་སྐབས་སྐྱེས་ནས་ཡུན་རིང་འགོར་མེད། དེ་འདྲའི་ཆུང་ཆུང་ཞིག་ནས་ད་ལྟ་ཆེན་པོ་ཞིག་ཏུ་འགྱུར་རག་བར་གསོས་པ་ཡིན།”
བྱ་རྒོད་ཁུལ་དུ་ལྕགས་ཁང་ལས་ཡོད་པ་དང་། མ་ཚུན་ཞིན་གྱིས་དེའི་ནང་དུ་མཛུབ་མོས་སྟོན་ཞོར་ངོ་སྤྲོད་བྱས་དོན།“བྱ་རྒོད་དེ་གཉིས་ནི2022ལོའི་ཟླ8པར་བསྐྱབས་པ་ཡིན། དབྱུག་པའི་སྟེང་དུ་ལངས་ཡོད་པ་དེ་ལ་ཆེད་མཁས་པས་གཟུགས་པོར་བརྟག་དཔྱད་བྱས་པས། ལུས་ཕུང་ལ་གནད་དོན་མེད་མོད། འོན་ཀྱང་ར་བར་སྦྱོང་བརྡར་བྱེད་སྐབས་འཕུར་མི་ཐུབ། དེའི་གཤམ་གྱི་བྱ་རྒོད་དེའི་གཤོག་རྩར་རྨས་སྐྱོན་ཕོག་པས། ང་ཚོས་བརྟག་དཔྱད་བྱས་རྗེས་གཤགས་བཅོས་བྱས་ན་ཉེན་ཁ་ཧ་ཅང་ཆེ་བ་དང་། ཁྲག་བརྡོལ་བར་དོགས་ནས་གཤགས་བཅོས་མ་བྱས་པར་རྒྱུན་དུ་གསོ་བཞིན་ཡོད།
མ་ཚུན་ཞིན་གྱིས་བཤད་རྒྱུར། བཅོས་སྐྱོབ་བྱེད་སྐབས་ལས་དོན་མི་སྣས་ཐོག་མར་སྲོག་ཆགས་ཀྱི་རང་གཤིས་ལ་བསམ་བློ་གཏོང་དགོས་ཏེ། “ཡུལ་དངོས་ནས་ཐག་གཅོད་བྱས་ཏེ་ཕྱིར་གཏོང་ཐུབ་ན་འགོར་འགྱངས་གཏན་ནས་མི་བྱེད་པར་དེ་དག་གང་མགྱོགས་ངང་ཆ་རྒྱུས་ཡོད་པའི་ཁོར་ཡུག་ལ་བཏང་བ་ཡིན། སྲོག་ཆགས་ནི་ལྷན་སྐྱེས་ནས་རང་དབང་ལ་དགའ་བས་དོ་དམ་བྱེད་ཡུན་རིང་ན་རང་གིས་རང་ལ་གནོད་འཚེ་བཟོ་སྲིད། སྨན་བཅོས་མི་བྱེད་ཐབས་མེད་ཀྱི་རིགས་ལ་ད་གཟོད་རིགས་དང་དགོས་མཁོ་ལྟར་བཀོད་སྒྲིག་འོས་འཚམ་བྱས་པ་ཡིན”ཟེར།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་བཅོས་སྐྱོབ་གསོ་སྤེལ་ས་ཚིགས་དེ2022ལོའི་ཟླ7པར་སྤྱོད་མགོ་ཚུགས་པ་ནས་བཟུང་། ད་ལྟའི་བར་རིམ་རྩིས་ཀྱིས་རིགས36གི་རི་སྐྱེས་སྲོག་ཆགས211རོགས་སྐྱོབ་བསྡུ་ཉར་བྱས་ཡོད་པ་དེའི་ནང་གཅན་གཟན81དང་། འདབ་ཆགས་ཀྱི་རིགས129དང་། གཉིས་གནས་སྲོག་ཆགས1བཅས་ཚུད་ཡོད། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རིགས10སྟེ་རྩྭ་གཡི་དང་། ཤྭ་བ་མཆུ་དཀར། ཁྲུང་ཁྲུང་སྐེ་ནག ཐང་དཀར། རྐྱང་། རྔོན་ཁྲ། བཞད་ནག གསའ། གླག གླ་སྐྱ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རིགས17སྟེ་ཁྲི་ལེ་དང་། དགོ་སྐྱ། གནའ་བ། ཤྭ་བ་སེར་ཆེན། འུག་གླག་སོགས་ཡོད། ད་ལྟ། བཅོས་སྐྱོབ་གསོ་སྤེལ་ས་ཚིགས་ཀྱིས་རིགས17གྱི་སྲོག་ཆགས43བདེ་བླག་ངང་ཕྱིར་བཏང་བ་དང་། སྔར་བཞིན་རིགས21གི་སྲོག་ཆགས52བསྡུ་ཉར་དོ་དམ་བྱས་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།