བྱེ་ཐང་ལྗང་སྒྱུར་ལ་འབད་པའི་མཚར་སྡུག་གི་ཀོས་ནན།
2025.08.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

མཚོ་ལྷོའི་བྱེ་སྣའི་བྱེ་འགོག་བྱེ་བཅོས།

རྒྱལ་ཡོངས་ཀྱི་མངའ་ཁོངས་སུ་མི་རྣམས་ཀྱིས་ལྟོས་པ་ཙམ་གྱིས་ཀོས་ནན་གྱི་གནས་ཡུལ་མི་རྙེད་ན་ཡང་།   རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ལོ་རྒྱུས་སྟེང་དུ།    བྱེ་རླུང་འཚུབ་ནས་རྩྭ་ཉག་མ་ཙམ་ཡང་མི་སྐྱེ་བ་ནས།   སྡོང་འཛུགས་ནགས་སྐྲུན་བྱས་ཏེ་བྱེ་ཐང་ལྗང་མདོག་ཏུ་བསྒྱུར་བའི་བར་དུ།   ཀོས་ནན་གྱིས་མཚར་སྡུག་གི་ལེའུ་བརྩམས་ཡོད།

མཚར་སྡུག་གི་མཚན་སྙན་ཡོད་པའི་ཀོས་ནན་རྫོང་གི་ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་འབུམ་དྲུག་དང་ཁྲི་དྲུག་སྟོང་བཞི་དགུ་བརྒྱ་སོ་གསུམ་ལྷག་ཡོད་པ་དང་།    དེའི་ནང་།   བྱེ་ཐང་ཅན་གྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ཆིངས་འབུམ་གཉིས་དང་ཁྲི་གཉིས་སྟོང་བརྒྱད་ཡོད་ཅིང་།    རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་གསུམ་ཆའི་གཅིག་གི་ས་ཆ་ནི་བྱེ་ཐང་ཡིན་པ་རེད།    ལོ་ངོ་ཉེར་དགུའི་རིང་བྱེ་འགོག་བྱེ་བཅོས་ལས་དོན་ལག་བསྟར་བྱས་པ་བརྒྱུད།     ཀོས་ནན་རྫོང་གིས་བསྡོམས་པས་བྱེ་ཐང་ཅན་གྱི་ས་ཆ་སྤྱི་ཆིངས་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་བཅོས་སྐྱོང་བྱས་ཏེ།    རྫོང་ཡོངས་ཀྱི་ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཉིས་དྲུག་ལ་སླེབས་པ་དང་།   རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་གཉིས་གཅིག་ལ་སླེབས་ནས།    ཀོས་ནན་རྫོང་མཚོ་སྔོན་ཞིང་ཆེན་དང་ཐ་ན་རྒྱལ་ཡོངས་ཀྱི་གྲང་ངར་ཆེ་ཞིང་ཐན་སྐམ་ཆེ་བའི་བྱེ་ཁུལ་གྱི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་དུ་གྱུར་ཡོད།

ཉེ་ལམ།  ཀོས་ནན་རྫོང་གིས་བྱེ་མར་བརྟེན་ནས་ཀོས་ནན་རྫོང་གི་མུ་གེ་ཐང་བསྐོར་བའི་རླངས་འཁོར་རྒྱུགས་འགྲན་སྐབས་གསུམ་པ་སྤེལ་བ་དང་།   འགྲན་སྡུར་ཞིག་བཟང་བོར་སྤེལ་ཏེ་མཁར་གྲོང་ཞིག་མཐོར་འདེགས་གཏོང་བའི་ཐོག་མའི་སེམས་འདུན་ལ་དམིགས་ནས།   ཀོས་ནན་རྫོང་གིས་ཕྱོགས་ཡོངས་ནས་ཀོས་ནན་གྱི་འགུག་ཤུགས་མངོན་པར་བྱས་ཏེ།  རིག་གནས་དང་ལུས་རྩལ་ཡུལ་སྐོར་བཅས་མཉམ་བསྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་།

བྱེ་འགོག་དང་བྱེ་བཅོས།   དེ་ནས་བྱེ་མའི་རིན་ཐང་ཇེ་ཆེར་བཏང་བའི་བར་དུ།   སྔོན་ཆད་སྐྱེ་ཁམས་ཀྱི་ཁུར་བོར་བརྩིས་པའི་བྱེ་ཐང་དེར་ད་ལྟ་རྣམ་པ་གསར་པ་ཞིག་མངོན་ཡོད་ལ།    ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་ས་གཤིས་ཁྱད་ཆོས་དེ་ཀོས་ནན་རྫོང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་མིང་བྱང་གལ་ཆེན་ཏུ་གྱུར་ཡོད།

བྱེ་འགོག་བྱེ་བཅོས་བྱས་ཏེ་བྱེ་སྣ་ལྗང་མདོག་ཏུ་བསྒྱུར།

ཚ་རྔ་འགག་ཆུ་མཛོད་ཀྱི་ལྷོ་ཕྱོགས་སུ་ཡོད་པའི་མུ་གེ་ཐང་གི་ཤར་ལྷོའི་ཕྱོགས་སུ།   སྤྱི་ལེ་བཅུ་ལྷག་ལ་ཁྱབ་པའི་བྱེ་འབུར་ཞིག་ཡོད་ལ།   ས་གནས་ཀྱི་མི་རྣམས་ཀྱིས་དེ་ལ་བྱེ་སྣ་ཞེས་འབོད།

དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ།  བྱེ་སྣ་དང་དེའི་མཐའ་འཁོར་གྱི་མུ་གེ་ཐང་དུ།   ལོ་རེར་རྨིད་ལྔ་ནས་རྨིད་བཅོ་ལྔའི་མྱུར་ཚད་ཀྱིས་བྱེ་མའི་རྒྱ་ཇེ་ཆེ་རུ་སོང་ནས།    ལོ་རེར་རྩྭ་ས་དང་ས་ཞིང་སྤྱི་ཆིངས་ཉིས་བརྒྱ་ཙམ་བྱེ་ཐང་དུ་གྱུར་ཏེ།    རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་པ་དང་།   མཐའ་འཁོར་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བར་གནོད་འཚེ་ཚབས་ཆེན་བཟོས།

སུམ་མདོ་གྲོང་རྡལ་གྱི་འབྲོག་པ་ཚེ་བྷས་མི་རབས་ནས་མི་རབས་བར་མུ་གེ་ཐང་གི་མཐའ་འཁོར་ནས་འཚོ་བ་རོལ་བ་རེད།   ཁོས་སྐབས་དེར་བྱེ་རླུང་ཚབས་ཆེ་བས། སྒོ་ཕྱི་རུ་འགྲོ་ན་ངེས་པར་དུ་ཞྭ་མོ་དང་མིག་ཤེལ།   ཁ་ཐུམ་སོགས་གཅིག་ཀྱང་ཆད་མི་རུང་བ་དང་།  རྒྱུན་ལྡན་གྱི་འགྲོ་འདུག་ལའང་དཀའ་ཁག་ཆེ་ལ། ཕྱུགས་ཟོག་འཚོ་སྐྱོང་བྱེད་རྒྱུ་དེ་ལས་ཀྱང་དཀའ་ཞེས་ཕྱིར་དྲན་བྱས།

1996ལོའི་ཚུན་ལ།   ཀོས་ནན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་བྱེ་འགོག་བྱེ་བཅོས་ལས་དོན་སྐྱེ་ཁམས་ལེགས་བཅོས་ཀྱི་ཐོག་མའི་ལས་འགན་དུ་བརྩིས་ནས།    བཅོས་སྐྱོང་གི་གཙོ་གཞི་གཏན་འཁེལ་དང་སྐྱེ་ཁམས་བཀོད་སྒྲིག་བཟང་བོ་བྱས་ཏེ།  བྱེ་ཐང་དུ་གཞི་ཁྱོན་ཆེ་བའི་བྱེ་བཅོས་ནགས་སྐྲུན་བྱ་འགུལ་སྤེལ་བ་དང་།   བྱེ་སྣ་དང་མུ་གེ་ཐང་མཐའ་འཁོར་དུ་རིང་ཚད་ལ་སྤྱི་ལེ་སུམ་བརྒྱ་ལྷག་ཡོད་པའི་ལྗང་མདོག་གི་ལྕགས་རི་བསྐྲུན་ནས།   སྔོན་ཆད་བྱེ་རྡུལ་གྱིས་ཁེངས་པའི་བྱེ་སྣ་དེ་ད་ལྟ་ལྗང་མདོག་གི་ཡུལ་གྲུ་ཞིག་ཏུ་བསྒྱུར་ཡོད།

མུ་གེ་ཐང་དུ་སྡོང་འཛུགས་བྱེད་རྒྱུ་ནི་བྱིས་པ་གཉོར་སྐྱོང་བྱེད་པ་དང་འདྲ་བར་ལས་སླ་མོ་ཞིག་མ་ཡིན།

ལོ་ངོ་ཉེར་དགུའི་རིང་།  ཀོས་ནན་རྫོང་གི་སྐབས་རིམ་བྱུང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་གིས་བྱེ་སྣ་དང་མུ་གེ་ཐང་མཐའ་འཁོར་གྱི་བྱེ་འགོག་ནགས་སྐྲུན་ལས་དོན་རྫོང་ཡོངས་ཀྱི་བྱེ་ཐང་ཅན་བཅོས་སྐྱོང་གི་ཁུལ་ཁོངས་གཙོ་བོ་དང་དོན་ཆེན་ཏུ་བརྩིས་ནས།   རྟོག་ཞིབ་དང་དཔྱད་སྒྲུབ། གསབ་འཛུགས།   སྲ་བརྟན།  ཕན་ནུས།   སྐྱེ་ཁམས་སོགས་ཀྱི་རྩ་དོན་ལྟར།  སྐྱེ་ཁམས་འཛུགས་སྐྲུན་ལས་དོན་དུས་སྐབས་སོ་སོའི་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཞག་སྟེ།  མུ་གེ་ཐང་མཐའ་འཁོར་གྱི་སྐྱེ་ཁམས་བཅོས་སྐྱོང་གཙོ་ཐིག་ཏུ་བྱས་པ་དང་།    བློ་བརྟན་འགྱུར་མེད་ངང་ཐང་བཞི་དང་ལུང་གཉིས།   ལམ་ཐིག་གཉིས།    བཞུར་རྒྱུད་གཅིག་བཅས་གཙོ་ཡིན་པའི་བྱེ་འགོག་བྱེ་བཅོས་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས།    བྱེ་འགྱུར་ས་གཞི་བཅོས་སྐྱོང་བྱ་རྒྱུ་དམིགས་འབེན་དུ་བྱས་པའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཐབས་ལ་དབྱེ་ཞིབ་ནན་མོ་བྱས་པ་དང་།   སྐབས་རེ་ནས་སྐབས་རེར་འགན་འཁྲི་ཁག་ཁུར་བཟང་བོ་བྱས་ཏེ།    འགྱུར་བ་མེད་པའི་བློ་རྩ་བརྟན་པོ་དང་ཉམས་པ་མེད་པའི་སྙིང་སྟོབས་ཆེན་པོས་ལྗང་མདོག་གི་ཡུལ་གྲུ་ཞིག་བསྐྲུན་འདུག

བྱེ་ཐང་དུ་འགྱུར་བ་ནས་ལྗང་མདོག་གི་རྣམ་པར་བསྒྱུར།

མིག་སྔའི་བར་དུ།     ཀོས་ནན་རྫོང་གིས་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་བྱེ་བ་ལྔ་ལྷག་བཏང་ནས་བྱེ་མ་སྤྱི་ཆིངས་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་བཅོས་སྐྱོང་བྱས་པ་དང་།    ཚོད་རྩིས་བྱས་ན་སྤྱི་ཆིངས་ཁྲི་གསུམ་དང་སྟོང་གསུམ་སུམ་བརྒྱར་ནུས་ཡོད་སྒོས་བཅོས་སྐྱོང་བྱས་ཤིང་།    ནགས་ཚལ་ཁེབས་ཚད་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཉིས་དྲུག་ལ་སླེབས་པ་དང་།   རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་གཉིས་གཅིག་ལ་སླེབས་ནས།   སྐྱེ་ཁམས་ཕན་ནུས་མངོན་གསལ་མཐོར་འདེགས་བྱུང་ཡོད།

བྱེ་མ་བཅོས་སྐྱོང་བྱེད་རྒྱུ་ཧ་ཅང་དཀའ་མོད།  འོན་ཀྱང་དཀའ་སྡུག་གི་ཁྲོད་དུ་སྤྲོ་སྣང་གིས་ཁེངས་ཡོད།   ཀོས་ནན་རྫོང་གིས་གནས་བཞི་གཞི་གཅིག་གི་ལྕང་མ་འདེབས་འཛུགས་ཀྱི་ཕྱོགས་བསྡུས་ལག་རྩལ་ཆ་ཚང་ཞིག་འཚོལ་ཞིབ་བྱས་ཡོད།

མུ་གེ་ཐང་རྒྱལ་ཁབ་བྱེ་འགྱུར་བཀག་སྡོམ་སྲུང་སྐྱོབ་ཁུལ་དུ་སོང་ཚེ།  བྱེ་སྒང་དུ་བྱེ་འགོག་དྲ་མིག་གིས་ཁེངས་ཡོད་པ་དང་།  སྡོང་ཕྲུག་སྐོར་ཞིག་མཐོ་ཚད་མི་དར་མ་ཞིག་གི་གཟུགས་ཀྱི་རིང་ཚད་དང་མཉམ་པོར་སྐྱེས་འདུག

བྱེ་ཐང་དུ་ལྗང་མཉེན་གྱི་ལྕུག་ཕྲན་རེ་རེར་གསོན་ཤུགས་ལྡན་པར་གྱུར་ཡོད་པས། སྔོན་ཆད་ཀྱི་བྱེ་རླུང་འཚུབ་པའི་རྣམ་པ་ད་ལྟ་མཐོང་རྒྱུ་མེད་ལ། ལྗང་མདོག་གིས་ཁེངས་ཤིང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཉམས་དགའ་བ་ཞིག་མངོན་ཡོད།

བྱེ་འགོག་བྱེ་བཅོས་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། བྱེ་རླུང་གི་གནོད་འཚེ་ཐེབས་ཤུགས་མུ་མཐུད་ཇེ་ཆེར་འགྲོ་བའི་རྣམ་པ་བསྒྱུར་བ་དང་། ས་གཞི་བྱེ་ཐང་དུ་འགྱུར་བ་དང་རྩྭ་ས་ཞན་འགྱུར་གྱི་མྱུར་ཚད་ཇེ་དལ་དུ་བཏང་ལ། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་གྱི་ཐོག་མའི་རྣམ་པ་རིམ་བཞིན་ཉམས་གསོ་དང་སླར་གསོ་བྱུང་ཞིང་། ཐན་པ་དང་གྲང་རླུང་འགོག་ཐུབ་ཅིང་གདོད་མའི་རྣམ་པར་འཚམ་པའི་རི་སྐྱེས་རྩྭ་ལྡུམ་རིགས་ཡང་བསྐྱར་དུ་བྱེ་ཐང་གི་ཕྱོགས་ཀུན་དུ་སྐྱེས་ཡོད།

དུས་མཉམ་དུ། འདབ་ཆགས་རིགས་ཀྱིས་ཀྱང་རྒྱུན་ཆད་མེད་པར་ཚང་བཅོས་ནས་བདེ་སྐྱིད་ཁྱིམ་གཞི་གཉེར་བཞིན་ཡོད་ལ། རི་སྐྱེས་སྲོག་ཆགས་རིགས་ཀྱི་གྲངས་ཀ་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད་དེ། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གླག་རྒོད་དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་དེ་ཕོ་སོགས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ལེགས་པོ་ཉིན་བཞིན་ཇེ་གསལ་དུ་གྱུར་ཡོད་ལ། སྤྱི་རིང་ཚད་ལ་སྤྱི་ལེ158ཡོད་པའི་མུ་གེ་ཐང་གི་ལྗང་མདོག་བྱེ་འགོག་སྲུང་སྐྱོབ་ཁུལ་ཕྱོགས་ཡོངས་ནས་གཅིག་བསྡུས་བྱེད་པ་མངོན་འགྱུར་བྱུང་ནས། སྔོན་ཆད་ཀྱི་བྱེ་མས་ཁེབས་པའི་རྣམ་པ་ནས་ད་ལྟའི་ལྗང་བསྒྱུར་བྱེ་འགོག་གི་བཅོས་སྐྱོང་རྣམ་པ་གྲུབ་ཡོད།

དེ་མ་ཟད། བྱེ་འགོག་བྱེ་བཅོས་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། ཀོས་ནན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་དར་སྤེལ་གྱི་འབྲེལ་ཡོད་སྲིད་ཇུས་དང་ཟུང་འབྲེལ་ཧུར་ཐག་བྱས་ཏེ། དབུལ་ཐར་ཁྱིམ་ཚང་དང་། སྤྱིར་བཏང་གི་ཁྱིམ་ཚང་། ལྟ་ཞིབ་ཁྱིམ་ཚང་བཅས་ཀྱི་ཁྲོད་ནས་སྐྱེ་ཁམས་དོ་སྲུང་པ958བཀོད་སྒྲིག་བྱས་ནས། མི་རེར་ལོ་གཅིག་ལ་སྒོར21600སྟེར་གྱིན་ཡོད་ལ། བྱེ་བཅོས་བཟོ་སྐྲུན་གྱི་ས་གནས་རང་གི་མི་བཀོལ་ནུས་ཚད་ཇེ་ཆེར་བཏང་ཞིང་། ལོ་རེར་ས་གནས་མང་ཚོགས་བྱེ་བཅོས་བཟོ་སྐྲུན་ཁྲོད་ཞུགས་སུ་བཅུག་སྟེ། ཁྱིམ་ཚང578གྱི་མི3600ལྷག་ལ་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་བྱས་ཤིང་། ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར9000ཡན་ལ་སླེབས་པས། ས་གནས་མང་ཚོགས་སྐྱེ་ཁམས་ཀྱི་ལམ་དུ་ཞུགས་ནས་སྐྱེ་ཁམས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ཁ་གསོ་ཐུབ་ཡོད།

རིག་གནས་དང་ཡུལ་སྐོར། ལུས་རྩལ་བཅས་ལ་བརྟེན་ནས་བྱེ་ཐང་གི་རིན་ཐང་མངོན་པར་བྱས།

མཁའ་དབྱིངས་ནས་བལྟས་ཚེ། དལ་འབབ་རྨ་ཀླུང་རིང་མོས་ཀོས་ནན་རྫོང་གི་ནུབ་བྱང་སྐོར་ཡོད་ལ། ཤར་ལྷོ་ས་ཁུལ་གྱི་བྲག་དཀར་རི་རྒྱུད་སྤྲིན་གསེབ་ནས་དགུང་ལ་ཟུག་ཡོད་ཅིང་། དབུས་ཁུལ་ནི་མུ་མཐའ་མེད་པའི་མྱ་ངམ་ཐང་ཞིག་སྟེ་དཀར་སེར་ལྗང་མདོག་བཅས་ཀྱིས་བརྗིད་ཆགས་པའི་དཔེ་རིས་ཤིག་ལྷུན་གྱིས་གྲུབ་ཡོད།

མུ་གེ་ཐང་དུ་བསྐྱོད་ཚེ། བྱེ་སྒང་མུ་འབྲེལ་དུ་ཆགས་ཤིང་། འབར་འབུར་གོ་རིམ་དང་ལྡན་ཞིང་མཛེས་སྡུག་ལྡན་པ་ཞིག་ཡིན་ལ། བྱེ་མའི་ཆགས་དབྱིབས་རླུང་གིས་དེད་ནས་འགྱུར་ལྡོག་འབྱུང་བཞིན་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་མི་རེ་རེའི་སེམས་གཏིང་ཏུ་ཟུག་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པ་དང་བསྟུན་ནས། བྱེ་ཐང་ནི་བཅོས་སྐྱོང་གི་རྣམ་པ་གཅིག་རྐྱང་ཞིག་མིན་ལ། དེ་ནི་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན་པའི་ཐོན་ཁུངས་ཀྱི་བང་མཛོད་ཅིག་ཏུ་གྱུར་ཡོད།

2022ལོའི་ལོ་མགོར། རྒྱལ་ཁབ་ཀྱིས་ལྗང་མདོག་སྐྱེ་ཁམས་ཀྱི་བྱེ་མའི་ཐོན་ལས་འོས་འཚམ་འཕེལ་རྒྱས་གཏོང་བའི་གྲོས་གཞི་བཏོན་ཏེ། བྱེ་མའི་ཐོན་ལས་འཕེལ་རྒྱས་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁ་ཕྱོགས་འདོན་སྤྲོད་བྱས།

བྱེ་འགོག་དང་བྱེ་བཅོས་ནས་བྱེ་མའི་ལས་དོན་འཕེལ་རྒྱས་གཏོང་བའི་འགྱུར་ལྡོག་བྱུང་བ་སྟེ། བྱེ་ཐང་གི་རླངས་འཁོར་འགྲན་རྒྱུགས་ཇེ་མང་དུ་འགྲོ་བའི་རྣམ་པ་དེ་དང་བསྟུན་ནས། མི་རྣམས་ཀྱི་ཕྱི་རོལ་འགུལ་སྐྱོད་ཀྱི་དགོས་མཁོ་ཉིན་རེ་བཞིན་ཇེ་མང་འགྲོ་བཞིན་ཡོད་དེ། བྱེ་ཐང་གི་རླངས་འཁོར་འགྲན་རྒྱུགས་ཀྱིས་ཐུན་མིན་གྱི་འགྲན་རྩོད་རང་བཞིན་དང་ཛ་དྲག་རང་བཞིན་ལ་བརྟེན་ནས། རླངས་འཁོར་འགྲན་རྒྱུགས་ལ་དགའ་མཁན་དག་གི་ཡིད་དབང་བཀུག་ཡོད།

2023ལོའི་ཟླ3པར། ཀོས་ནན་རྫོང་གིས་མུ་གེ་ཐང་སྐོར་ནས་བྱེ་མའི་གསང་བ་བརྟོལ་ཅེས་པའི་མཐོ་སྒང་བྱེ་ཐང་གི་རླངས་འཁོར་འགྲན་རྒྱུགས་འགྲན་རྩོད་འགྲན་སྡུར་ཐོག་མ་མུ་གེ་ཐང་དུ་སྤེལ། པེ་ཅིང་དང་། ནང་སོག ཉིང་ཞ། ཞིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ནས་ཡོང་བའི་འགྲན་ཞུགས་རུ་ཁག68གྱི་འགྲན་ཞུགས་པ136གིས་བྱེ་མའི་ཁྲོད་ནས་འཁོར་རྩལ་ངོམས།

2024ལོའི་ཟླ6པར། འགྲན་སྡུར་སྐབས་གཉིས་པ་དེ་མུ་གེ་ཐང་སྐོར་བའི་རླངས་འཁོར་རྒྱུགས་འགྲན་དུ་རིམ་པ་སྤར་ནས། གཞི་རྒྱ་སྔར་ལས་ཆེ་ཞིང་ཆེད་ལས་རིང་བཞིན་སྔར་ལས་ཤུགས་དྲག་ཏུ་བཏང་སྟེ། མུ་གེ་ཐང་གི་མཛེས་སྡུག་ལྡན་པའི་བྱེ་མར་དཔལ་འབྱོར་གྱི་རིན་ཐང་བསྩལ་ནས་ཁུལ་ཁོངས་ཧྲིལ་བོའི་ཡུལ་སྐོར་ཚོང་རྟགས་ཀྱི་སྐད་གྲགས་རྒྱས་སུ་བཅུག

2025ལོར། འགྲན་སྡུར་སྐབས་གསུམ་པས་འགྲན་སྡུར་གྱི་ཁྱབ་ཁོངས་ཇེ་མང་དུ་བཏང་ནས། འགྲན་རིམ་མ་ལག་འཐུས་ཚང་དུ་བཏང་ཞིང་། ཚོང་རྟགས་ཀྱི་བྱེད་ནུས་ཇེ་དྲག་ཏུ་བཏང་། འགྲན་སྡུར་ལས་འགྲན་རྩོད་དང་ངར་ཤུགས་ཀྱི་རྒྱུན་བསྐྱངས་བར་མ་ཟད། དཔལ་འབྱོར་སྐུལ་ཁྲིད་དང་། སྤྱི་ཚོགས་ལ་ཤུགས་རྐྱེན་བཟོ་བ། རིག་གནས་ཡུལ་སྐོར་ལུས་རྩལ་བཅས་མཉམ་འདྲེས་འཕེལ་རྒྱས་ཕྱོགས་ནས་ཐོལ་བརྒལ་གསར་བ་མངོན་འགྱུར་བྱུང་སྟེ། ཀོས་ནན་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན།

མུ་གེ་ཐང་སྐོར་བའི་རླངས་འཁོར་འགྲན་རྒྱུགས་བྱ་བས་ཀོན་ནན་རྫོང་གི་རང་བྱུང་གི་བྱེ་མའི་ཐོན་ཁུངས་བེད་སྤྱད་ནས། འགྲན་རྒྱུགས་ཚོང་རྟགས་བསྐྲུན་པ་དང་ཀོས་ནན་རྫོང་གི་རིག་གནས་དགེ་མཚན་དང་། ཡུལ་སྐོར་ཐོན་ཁུངས་བཅས་ཟུང་འབྲེལ་བྱས་པ་བརྒྱུད་དེ། ཕྱི་ཕྱོགས་ནང་འདྲེན་ནས་མཚར་སྡུག་གི་ཀོས་ནན་རྫོང་གི་མིང་བྱང་རྒྱལ་ཡོངས་སུ་ཁྱབ་པར་རེ་བ་ཆེན་པོ་བཅངས་ཡོད་ཅེས་ཀོས་ནན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཧི་ཅན་ཕིང་གིས་འགྲན་རྒྱུགས་ལས་དོན་སྤེལ་བའི་དོན་སྙིང་ཟབ་མོ་ཁ་བརྡ་བྱས།

ཀོས་ནན་རྫོང་གིས་ལོ་རེར་རྒྱལ་ཁབ་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གཞི་དང་། བྱང་གསུམ་བཟོ་སྐྲུན་གྱི་ནགས་སྲུང་དང་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་ཁུལ་བསྐྲུན་པ། ཆབ་ཆ་གཤོང་ས་བྱེ་ཐང་དུ་འགྱུར་བ་འགོག་བཅོས་དང་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་། རྒྱལ་ཁོངས་ལྗང་སྒྱུར་ཚོད་ལྟ་ཁུལ་སོགས་སྐྱེ་ཁམས་ཀྱི་བཟོ་སྐྲུན་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་པ་བརྒྱུད། འཛམ་གླིང་སྟེང་གི་ས་བབ་ཆེས་མཐོ་བའི་ཐང་རྒོད་ཞིབ་འཇུག་ངེས་གནས་ས་ཚིགས་བཙུགས་པ་དང་། ཀོས་ནན་རྫོང་གི་ཚེར་དཀར་ཐང་ཞིང་ཕྱུགས་ནགས་གསུམ་ཕྱོགས་བསྡུས་གསར་སྤེལ་ཀུང་ཟི་དང་མཚོ་སྔོན་ཚ་རྔ་མཚེའུ་གསར་སྤེལ་ཚད་ཡོད་ཀུང་ཟི་སྟེ་སྐྱེ་ཁམས་ཉམས་གསོའི་ཆེད་ལས་ཁེ་ལས་གཉིས་ནང་འདྲེན་བྱས་ནས། སྐྱེ་ཁམས་བཅོས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་གྱི་བགྲོད་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།

རིག་འཛིན་སྒྲོལ་མ་དང་ལྷ་མོ་ཚེ་རིང་གཉིས་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།