སྨར་ཁོག་ཆུ་བོའི་ནགས་ཁུལ།
ཆར་བ་འབབ་མཚམས་བཞག་རྗེས། མཛའ་བརྩེའི་ཟམ་པ་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་གདོང་བ་ངག་འབུམ་དང་། གདོང་བ་ལྷུན་གྲུབ། མགོ་ལོག་འཛམ་པོ་སོགས་རི་ལུང་ཀུན་ལ་སོང་ནས་སྐོར་སྲུང་བྱས་པ་དང་། ཁོ་ཚོ་འགྲོ་ས་ནི་མཛའ་བརྩེའི་ཟམ་པའི་ནགས་རའི་ལྐུག་ལུང་རེད། ལོ་མང་པོར་ནགས་ཁུལ་དུ་སོང་བས་སྲོག་ཆགས་དང་སྐྱེ་དངོས་སམ་ཡང་ན་མཐའ་འཁོར་གྱི་ཁོར་ཡུག་ལ་ཚོར་བ་སྐྱེན་པ་ཞིག་ཡོད། ཡུན་རིང་མ་འགོར་བར་ཁ་དོག་སེར་པོའི་རྩ་ཆེའི་ཤ་མོའི་རིགས་སུ་གཏོགས་པའི་ངང་སྒོང་ཤ་མོ་མཐོང་བས། མྱུར་དུ་ལག་འཁྱེར་ཁ་པར་བརྒྱུད་ནས་སྐྱེ་ཁམས་བདག་སྐྱོང་པའིAppསྟེང་ལ་བསྐུར།
“ནགས་ཚལ་དེ་ནི་ང་ཚོ་འཚོ་གནས་བྱེད་ས་ཡིན་པས་སྲུང་སྐྱོང་ཡག་པོ་བྱེད་དགོས།”“ཆུང་དུས་ནས་ཨ་མས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་དགོས་ཞེས་པའི་བསླབ་བྱ་ཡིད་ལ་དྲན་འོང་།”“ད་ལྟ་སྡོང་བོ་དང་རྩྭ་སྐྱེས་པ་བཟང་ལ་ཆུ་ཡང་དྭངས་མོ་འདུག”སྐྱེ་ཁམས་བདག་སྐྱོང་པ་རྣམས་ཀྱིས་སེམས་གཏིང་གི་སྐད་ཆ་བརྗོད་བྱུང་ལ་བརྗོད་པ་མཐའ་དག་ནི་རི་ཆུ་དེ་ལ་བཅངས་པའི་བརྩེ་བ་ཟབ་མོ་རེད།
སྨར་ཁོག་ཆུ་བོའི་ནགས་ཁུལ་དུ་ས་གནས་དེ་གའི་མང་ཚོགས་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཡོད་པ་ནི“མང་ཚོགས་ཀྱིས་སྔོན་འགོག་དང་མང་ཚོགས་ཀྱིས་བཅོས་སྐྱོང་བྱེད་པའི”གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ལོ་འདི་དག་གི་རིང་ལ། ཞིང་ཆེན་སྨར་ཁོག་ནགས་ལས་ཅུའུ་ཡིས་ནགས་དཔོན་ལམ་ལུགས་ཀྱི་བྱ་བ་གཞི་རྩར་བཟུང་ཏེ། “ནགས་ར་དང་ནགས་སྲུང་པ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས། འབྲོག་ཁྱིམ”བཅས་ཀྱི་རྣམ་པ་གཞིར་བཟུང་ནས། གཞུང་འཕྲེད་གཉིས་ཀའི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དྲ་བ་ཧུར་ཐག་གིས་བཙུགས་པ་དང་། རིམ་པ་ལྟར་ས་ཁོངས་བརྒལ་བ་དང་ས་ཁོངས་དབྱེ་བའི་བྱེད་སྟངས་སྤྱད་དེ་རིམ་པ་སོ་སོར་འགན་འཁྲི་དོན་འཁྱོལ་བྱས་ཡོད།
“ནགས་ཁུལ་དུ་ཁྱོན་བསྡོམས་ལུང་པ18ཡོད་པ་དང་སྲུང་སྐྱོང་གི་ཐོག་མའི་དུས་སུ་ལུང་པ་གཅིག་ལ་སྐོར་སྲུང་བྱེད་པར་གཟའ་འཁོར་གཅིག་དགོས་པ་དང་འགའ་ཤས་ལ་ཟླ་ཕྱེད་དགོས། ཕྱིས་སུ་མེ་འགོག་བགྲོད་ལམ་ལས་པ་དང་བསྟུན་ནས་ལྕགས་རྟའམ་ཡང་ན་འཕྲུལ་རྟར་བཞོན་ནས་སྐོར་སྲུང་བྱས་པས། མང་ཚོགས་རིམ་བཞིན་དེའི་ནང་ཞུགས་ནས་ད་སྐབས་མི་མེད་གནམ་གྲུའི་རྒྱང་བསྟེན་དང་ཁྱབ་ཁོངས་ཆེན་པོའི་སྐོར་སྲུང་མངོན་འགྱུར་བྱུང་ཡོད”ཅེས་ཐའོ་ཡུང་མིན་གྱིས་གསོང་བོར་བཤད།
པད་མ་རྫོང་ངྷི་མདའ་ཡུལ་ཚོ་རིན་ཆེན་སྒང་སྡེ་བའི་ཁྲ་ཧུང་པོ་ནི་དམར་དམག་ལུང་པའི་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པ་དང་། ལོ་ངོ8ལྷག་གི་རིང་ལ་སྐྱེ་ཁམས་བདག་སྐྱོང་པ་ནས་ཚོགས་ཆུང་གི་འགོ་ཁྲིད་པར་གྱུར་ཡོད། ཁོ་དང་ཐུག་སྐབས་ཁོས་ཉིན་དེའི་ལས་ཀ་བཀོད་སྒྲིག་བྱེད་བཞིན་འདུག ད་ལོའི་ཟླ4པར། ཁོས་འཁྱགས་རོམ་ཡོད་པའི་ཆུ་ནང་དུ་ཤྭ་བ་སེར་ཆེན་ཞིག་བསྐྱབས་པ་དེ་ནི་སྐྱེ་ཁམས་བདག་སྐྱོང་པའི་ལས་ཀ་ཙམ་མ་ཡིན་པར། ས་གནས་དེ་གའི་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ངམ་ཡང་ན་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ནང་ཧུར་ཐག་གིས་ཞུགས་པའི་དར་སྲོལ་ཞིག་རེད།
དོན་དངོས་ཐོག་སྨར་ཁོག་ཆུ་བོའི་ནགས་ཁུལ་གྱི་བདག་སྐྱོང་ལས་འགན་དཀའ་ཚེགས་ཆེ་བ་དང་། ལྷག་པར་མཚོ་སྔོན་དང་སི་ཁྲོན་གྱི་ས་མཚམས་འབྲེལ་ཁུལ་ཞིག་ཡིན་པའི་ངོས་ནས། འགྲོ་འོང་བྱེད་པའི་རླངས་འཁོར་ལ་ཞིབ་བཤེར་བྱ་རྒྱུ་དེའང་གཙོ་གནད་ཅིག་རེད། ཐའོ་ཡུང་མིན་གྱིས་གསར་འགོད་པར“བདག་སྐྱོང་སྔར་ལས་ལེགས་པོ་ཡོང་ཆེད། སྐྱེ་ཁམས་བདག་སྐྱོང་ས་ཚིགས་ཕུད་པའི་ནགས་ལས་ལས་ཁུངས་ཀྱི་ཁྱབ་ཚུལ་གཞིར་བཟུང་ནས། ལུང་མདོ་གལ་ཆེན15རུ་སྟབས་བདེའི་སྐོར་སྲུང་ས་ཚིགས་བཙུགས་ནས་དུས་ཚོད24རིང་གི་ལས་རེས་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད”ཅེས་བཤད།
མི་རབས་ནས་མི་རབས་བར་སྨར་ཁོག་ནགས་ཁུལ་དུ་སྡོད་པའི་མང་ཚོགས་ཀྱི་ངོས་ནས་བརྗོད་ན། སྔོན་ཆད་རི་ཁའི་ལྟོ་རྟེན་རི་ལ་བཅའ་བའི་རྣམ་པ་ནི་སྡོང་པོ་གཅོད་རྒྱུ་དེ་ཡིན་མོད། ད་སྐབས་མི་སྔར་ལས་མང་པོ་བདག་སྐྱོང་པའི་དཔུང་སྡེ་རུ་ཞུགས་རྗེས། ཚང་མས་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱས་ན་ད་གཟོད་རྒྱུན་མཐུད་ཐུབ་པའི་ཡོང་འབབ་ཡོད་པ་ཤེས་ཡོད། ལོ་འདི་དག་གི་རིང་ལ། ཡུན་རིང་གི་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་བཀོལ་ནང་རྐྱེན་བཙུགས་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་བརྩོན་ལེན་དང་དོན་འཁྱོལ་བྱེད་པ། ནགས་ཚལ་ཐོན་ཁུངས་སྡེ་བ་རིམ་པ་དང་མི་སྒེར་གྱིས་འགན་གཙང་ལེན་གྱི་བདག་སྐྱོང་ཚོད་ལྟའི་ལས་དོན་ཁྱབ་སྤེལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མང་ཚོགས་སྔར་ལས་མང་པོ་སྐྱེ་ཁམས་བདག་སྐྱོང་པ་རུ་འགྱུར་བར་ཁྲིད་སྟོན་བྱས་པ་དང་། མིག་སྔར་མང་ཚོགས་ཁྱོན་སྡོམ259སྡུད་ལེན་བྱས་པར་ལོ་རེར་མི་རེར་གཏན་འཇགས་ཡོང་འབབ་སྒོར་ཁྲི2.16ཡོད།
གདོང་བ་ངག་འབུམ་ནི་པད་མ་རྫོང་ངྷི་མདའ་ཡུལ་ཚོ་དགེ་རྩེ་སྡེ་བའི་ཡིན་པ་དང་ལོ་ལྟར་སྐྱེ་ཁམས་བདག་སྐྱོང་པའི་གླ་ཕོགས་ཕུད་དབྱར་རྩྭ་དགུན་འབུ་སོགས་བརྐོས་ནས་ཡོང་འབབ་སྒོར་ཁྲི་བདུན་ལྷག་ལ་འཕར་ཡོད། དགེ་རྩེ་སྡེ་བའི་རུ་ཁག་དང་པོའི་རུ་གཙོ་དགེ་རྩེ་པད་བྷོ་ཡིས་གསར་འགོད་པར་མིག་སྔར་སྡེ་བ་ཡོངས་སུ་སྐྱེ་ཁམས་བདག་སྐྱོང་པ55དང་ནགས་སྲུང་པ62ཡོད་པར་མ་ཟད། སྡེ་བའི་ནང་ད་དུང་མུའུ10ཡི་ཁྲོན་ནུབ་གསོམ་ཤིང་སྡོང་ཕྲུག་བཙུགས་ཡོད་པ་དང་ད་ལོ་སྡོང་རྐང་ཁྲི3.8ལྷག་བཙོངས་ནས་ཡོང་འབབ་སྒོར་འབུམ་གཉིས་ལྷག་འཕར་ཡོད་ཅེས་བཤད།
“མིག་སྔར་ང་ཚོས་ཀྱང་ནགས་བརྟེན་ཐོན་ལས་གསོ་སྐྱོང་བྱེད་བཞིན་ཡོད། ལས་ཀ་པ་ཚང་མ་ས་གནས་དེ་གའི་མང་ཚོགས་ཡིན་པ་དང་། ངལ་རྩོལ་གླ་ཆ་སྒོར་འབུམ་གཅིག་དང་ཁྲི་གཅིག་སྟོང་བརྒྱད་ལ་བུད་ཡོད། ”ཐའོ་ཡུང་མིན་གྱིས་བཤད་རྒྱུར། ཉེ་བའི་ལོ་བཅུའི་ནང་སྐྱེ་ཁམས་བདག་སྐྱོང་དང་། མིས་བཟོས་ནགས་སྐྲུན། ཤིང་མྱུག་གསོ་སྐྱོང་སོགས་བྱས་པ་བརྒྱུད། མང་ཚོགས་ལ་བསྡོམས་པས་ཡོང་འབབ་སྒོར་བྱེ་བ་དྲུག་ལྷག་བསྐྲུན་པ་དང་། མང་ཚོགས་ཞུགས་པ་དང་མང་ཚོགས་ལ་ཁེ་ཕན་ཐོབ་པའི་ནགས་ལས་དམངས་ཕན་བྱེད་སྟངས་བཙུགས་ཡོད།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།