བྱང་ཀླུང་ཆུ་བོ་ལེགས་པར་བསྲུངས་ཏེ་ཟི་ལིང་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན།
2025.10.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0


སྐྱེ་ཁམས་བདག་སྐྱོང་པ་ཀུའོ་ཀྲི་ཧྥང་མཐོང་སྐབས་ཁོས་ཏག་ཏག་དམག་དཔོན་ལུང་པར་སྐོར་གཡེང་བྱེད་བཞིན་འདུག བདག་སྐྱོང་ས་ཁོངས་ནང་སྡོང་ཕྲན་དང་རྩྭ་ས་མང་ཞིང་བདག་སྐྱོང་རྒྱ་ཁྱོན་སྤྱི་ཆིང0.34ཡོད།

ཀུའོ་ཀྲི་ཧྥང་ནི་རྟ་ཐང་རྫོང་ཏུང་ཞ་གྲོང་རྡལ་ཡ་མོན་ཀྲོང་སྡེ་བའི་མི་ཡིན་པ་དང་། 2013ལོར་ནགས་སྲུང་པར་གྱུར་པ་ནས་ད་ལྟའི་སྐྱེ་ཁམས་བདག་སྐྱོང་པར་གྱུར་པའི་ལོ་ངོ་འདི་དག་གི་རིང་ལ་སྐྱེ་ཁམས་ཀྱི་འགྱུར་ལྡོག་མཐའ་དག་ཁོའི་མཐོང་ཡུལ་དུ་གྱུར་ཡོད། “སྔོན་ཆད་བྱ་གོང་མོ་དྲུག་བདུན་མཐོང་ན་མང་སྐབས་རེད། ད་ལྟ་ཉི་ཤུ་སུམ་ཅུའི་ཁྱུ་ཚོགས་མཐོང་ཐུབ། ཤྭ་བ་སེར་ཆེན་ཡང་དེ་འདྲ་རེད།”ཀུའོ་ཀྲི་ཧྥང་ལ་ཐད་ཀའི་མྱོང་ཚོར་ཞིག་ཡོད་པ་ནི། རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། རྩི་ཤིང་སྐྱེ་འཚར་སྔར་ལས་ཡར་རྒྱས་ཆེ་བ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་པ་དེ་རེད།

ཀུའོ་ཀྲི་ཧྥང་གིས་རྒྱུན་ལྡན་གྱི་སྐོར་གཡེང་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་མེ་གསོད། སྲིད་ཇུས་དྲིལ་སྒྲོག་བྱེད་པ། དམར་ཕྱིའི་པར་ཆས་བཀོད་སྒྲིག་བྱེད་པ་སོགས་ཀྱི་འགན་འཁུར་ཡོད། དགུན་ཁར་སྐོར་གཡེང་བྱེད་སྐབས་པུས་མོའི་མཚམས་སུ་སླེབས་པའི་ཁ་བ་ཆེན་པོ་དང་འཕྲད་ཅིང་། དབྱར་དུས་སྐོར་གཡེང་བྱེད་སྐབས་ཆར་ཆེན་ལ་འཕྲད་པ། ཐ་ན་ལམ་ཁ་ཤས་སུ་གོམ་པ་གཉིས་སྤོས་ན་གཅིག་ཕྱིར་བཤོལ་བྱེད་དགོས་པར་ཐུག་ཡོད། བདག་སྐྱོང་པའི་ངོས་ནས་བརྗོད་ན། དེ་ནི་ལས་ཀའི་ཁྲོད་ཀྱི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་མོད། འོན་ཀྱང་ཞུམ་པ་མེད་པའི་བརྩེ་བ་དེ་འདྲ་ཞིག་གིས་སྐྱེ་ཁམས་ཀྱི་ཆེས་མདུན་གྲལ་གྱི་སྲུང་སྐྱོང་འགོག་སྲུང་ཚད་མཐའ་བརྟན་པོ་བཟོས་ཡོད།

བྱང་ཀླུང་ཆུ་བོ་ནི་ཙོང་ཆུའི་རིམ་པ་དང་པོའི་ཆུ་ལག་ཡིན་པའི་ཆ་ནས། རྟ་ཐང་རྫོང་དང་ཟི་ལིང་གྲོང་ཁྱེར་གཉིས་སྦྲེལ་ཡོད། དེའི་དམིགས་ཚད་སོ་སོའི་དོ་སྙོམས་ནི་སྐྱེ་ཁམས་བརྟན་སྲུང་ཁྲོད་གལ་འགངས་ཤིན་ཏུ་ཆེ། བྱང་ཀླུང་ཆུ་བོའི་འབྱུང་ཁུངས་ཁུལ་གྱིས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་ལས་བྱེད་པ་དང་སྐྱེ་ཁམས་བདག་སྐྱོང་པ། མང་ཚོགས་བཅས་ཀྱི་རྣམ་པ་བརྒྱུད་དེ། རོང་འབྲོག་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། ནང་རྐྱེན་འཐུས་ཚང་དང་སྲིད་ཇུས་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད། ས་གནས་སྲུང་སྐྱོང་བྱེད་ཐུབ་ལ་འཕེལ་རྒྱས་ཀྱང་གཏོང་དགོས་པའི་ཟམ་པ་བསྐྲུན་ནས། དམངས་ཡོངས་འབྱུང་ཁུངས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པ་མངོན་འགྱུར་བྱུང་ཡོད།

ཡུས་ཀྲི་ཅུན་གྱིས་ངོ་སྤྲོད་བྱས་དོན། བྱང་ཀླུང་ཆུ་བོའི་འབྱུང་ཁུངས་དང་འབྲེལ་བ་ཡོད་པའི་ས་ཁོངས་ཀྱི་སྲིད་འཛིན་སྡེ་བས་ས་གནས་དེ་གའི་མང་ཚོགས་སྐྱེ་ཁམས་བདག་སྐྱོང་པར་སྡུད་ལེན་བྱས་པ་བརྒྱུད། ཁོ་ཚོ་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་སུ་བཅུག་པ་དང་དུས་མཚུངས་སུ། འཚོ་བའི་འགན་སྲུང་ཡང་ཡོད་པར་གྱུར་ཏེ། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་འབྲེལ་མཐུད་དམ་ཟབ་བྱས་ཡོད། ཀུའོ་ཀྲི་ཧྥང་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་པའི་ངོས་ནས། རང་གི་བརྩེ་བ་རི་ཆུའི་སྲུང་སྐྱོང་ལ་ཕུལ་བར་མ་ཟད།ད་དུང་གཏན་འཇགས་ཀྱི་གླ་ཕོགས་ཀྱང་འབབ་ཀྱིན་ཡོད།

བྱང་ཀླུང་ཆུ་བོའི་འབྱུང་ཁུངས་སྲུང་སྐྱོང་བྱེད་པར་ད་དུང་རི་ཆུ་ལ་དགའ་བའི“བྱང་ཀླུང་ཆུ་བོའི་མི”ཚོགས་ཤིག་ཡོད། ཀའོ་དབྱིན་ནི་ཏུང་ཞ་བདག་སྐྱོང་ལྟེ་གནས་ཀྱི་ལས་དོན་མི་སྣ་ཞིག་ཡིན་པ་དང་ལས་ཀའི་དུས་ཚོད་མང་ཆེ་བ་རི་ཁུལ་དུ་བཀོལ་བཞིན་ཡོད། ཁོང་གིས་རང་ཉིད་ནི་སྐྱེ་ཁམས་འཐབ་ཕྱོགས་དང་པོའི“སྒོ་སྲུང་པ”ཞིག་ལ་ངོས་འཛིན་གྱིན་ཡོད། མོས་བཤད་རྒྱུར། འབྱུང་ཁུངས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པས་རྒྱུན་ལྡན་གྱི་སྐོར་སྲུང་ལྷོད་གཡེང་བྱེད་མི་ཕོད་ལ་ལྷོད་གཡེང་བྱས་ཀྱང་མ་མྱོང་།

ལོ་འདི་གཉིས་ཀའི་རིང་ལ། ཀའོ་དབྱིན་གྱིས་ཚན་རྩལ་གྱི་འདུས་ཚད་མཐོ་བའི་སྒྲིག་ཆས་སྣ་ཚོགས་སྤྱོད་ཤེས་པར་གྱུར་ཅིང་། དམར་ཕྱིའི་པར་ཆས་བཀོད་སྒྲིག་དང་མི་མེད་གནམ་གྲུ་བཀོལ་སྤྱོད་བྱས་པས་སྐོར་སྲུང་ལས་དོན་སྤེལ་བར་དཀའ་ཚེགས་ཅི་ཡང་མེད་པར་གྱུར། ཀའོ་དབྱིན་གྱིས“འབྱུང་ཁུངས་སྲུང་མཁན་ཞིག་ཡིན་པའི་ངོས་ནས་སློབ་སྦྱོང་བྱེད་དགོས་པའི་ནང་དོན་ད་དུང་མང་པོ་ཡོད་པས་སླད་ཕྱིན་སྔོན་ཐོན་གྱི་ཚན་རྩལ་བྱེད་ཐབས་དེ་བས་མང་བ་ལས་ཀའི་ནང་སྤྱོད་དགོས”ཞེས་བཤད།

བྱང་ཀླུང་ཆུ་བོའི་འབྱུང་ཁུངས་ཁུལ་ནི་རྟ་ཐང་རྫོང་གི་མཚོ་འཕང་མཐོ་ཤོས་ཀྱི་ས་ཁོངས་ཤིག་ཡིན་པ་དང་། ལོ་ངོ་མང་པོར་སྲུང་སྐྱོང་བྱས་པས་སྔར་ལས་ལྗང་མདོག་ཏུ་གྱུར་པ་དང་རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་དུ་ཕྱིན་ཡོད། མིག་སྔར་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་རིགས223བར་ཇེ་མང་དུ་ཕྱིན་པ་དང་། སྐྱེ་དངོས་ཀྱི་ཐོན་ཁུངས་རིགས628བར་ཇེ་མང་དུ་ཕྱིན་ཡོད་པར་མ་ཟད། སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་སུ་བརྟག་དཔྱད་བྱས་པའི་ཕྱེ་མ་ལེབ་ཀྱི་རིགས་གསལ་འབྱེད་དང་རིགས་དབྱེ་བྱས་པ་བརྒྱུད། ད་ལྟ་ཕྱེ་མ་ལེབ་ཀྱི་རིགས67ཡོད་པ་ཤེས་རྟོགས་བྱུང་།

ཡུས་ཀྲི་ཅུན་གྱི་བསམ་པར། བྱང་ཀླུང་ཆུ་བོ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ནི། ཟི་ལིང་བྱང་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་རེད། “མིག་སྔར་ང་ཚོས་ཞིང་ཆེན་ཡོངས་སུ་སྐྱེ་ཁམས་ཉེན་རྟོག་དོན་གཅོད་ཁང་སྔོན་ལ་བཙུགས་པར་མ་ཟད། སྐྱེ་ཁམས་དང་ཞིབ་དཔྱོད་དཔོན། འཇོན་མི་ནང་འདྲེན་གྱི་དོ་དམ་སྲུང་སྐྱོང་ནང་རྐྱེན་འཚོལ་ཞིབ་བྱེད་བཞིན་ཡོད། ཏང་འཛུགས་སྐྲུན་ལ་བརྟེན་ནས་ལས་ཀར་སྣེ་ཁྲིད་དང་སྐུལ་འདེད་བཏང་སྟེ། འཕྲེད་ཕྱོགས་ནས་མཐའ་བར་དང་གཞུང་ཕྱོགས་ནས་མཐིལ་བར་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆགས་སྟངས་ཆེན་པོ་ཧུར་ཐག་གིས་འཛུགས་བཞིན་ཡོད།”

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།