རྩེ་ཁོག་རྫོང་གིས་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བཟོས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་རིས་གསར་པ་བྲིས།
2025.10.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

རྩེ་ཁོག་རྫོང་གིས་རྩྭ་ལྗང་དང་ཆུ་དྭངས་གནམ་སྔོན་གྱི་སྐྱེ་ཁམས་མཛེས་རིས་བྲིས་པ།

རྩེ་ཆུའི་བརླན་ས་ནི་ཁྲུང་ཁྲུང་སྐེ་ནག་གི་འབབ་སྡོད་བྱ་ཡུལ་དུ་གྱུར་པ།

རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་བརླན་སའི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ཆིང15866.6ཡོད་པ་དང་། རྩེ་ཆུ་དང་དེའི་ཆུ་ལག30ལྷག་འདུས་ཡོད། རྩེ་ཆུ་ནི་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་ཅིག་ཡིན་ཞིང་། དེའི་ཆུའི་ཐོན་ཁུངས་མཁོ་སྤྲོད་དང་ཆུ་ཁུངས་སྲུང་སྐྱོང་གི་ནུས་པ་དེས་རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་བདེ་འཇགས་དང་། སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན།

ཡིན་ནའང་། ས་ཁོངས་དེར་བྱེ་རྐོ་རྡོ་སློག་དང་སྒོ་ཕྱུགས་ཚད་ལས་བརྒལ་བ་འཚོ་སྐྱོང་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་བརླན་སའི་ཁོར་ཡུག་ལ་གཏོར་བརླག་ཐེབས་ཡོད། ཉེ་བའི་ལོ་ཤས་རིང་། རྩེ་ཁོག་རྫོང་གིས་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཁུལ་དེ་སྐྱེ་ཁམས་གསོ་སྐྱོང་དང་སླར་གསོ་བསྐྱར་སྐྲུན། ཚན་རིག་ཁྱབ་སྤེལ་དྲིལ་སྒྲོག་སློབ་གསོ། ལུགས་མཐུན་བེད་སྤྱོད་དང་དོ་དམ་ཞབས་ཞུ་བཅས་བྱེད་ནུས་ཁུལ་ཆེན་པོ་ལྔ་རུ་དབྱེ་ཡོད། རང་བྱུང་སྐྱེ་ཁམས་མ་ལག་གི་ནུས་པ་སྲུང་སྐྱོང་དང་སླར་གསོ་བསྐྱར་སྐྲུན་བཅས་བྱེད་པ་དམིགས་འབེན་དུ་བཟུང་སྟེ། རྩེ་ཁོག་རྫོང་གིས་རྩྭ་ས་འཛུགས་སྐྲུན་དང་ཨ་བྲའི་གནོད་འཚེ་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་བརླན་ས་བསྐྱར་སྐྲུན་བྱས། མིག་སྔར། རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནང་བརླན་སའི་སྐྱེ་དངོས་སྣ་མང་དང་ཡུལ་ལྗོངས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། གླིང་ཁུལ་དུ་བརླན་སའི་རི་སྐྱེས་སྲོག་ཆགས་རིགས96ཡོད།

ནམ་མཁའ་སྔར་ལས་སྔོ་ཞིང་ཆུ་བོ་སྔར་ལས་དྭངས་ལ  །ས་གཞི་སྔར་ལས་གཙང་།

གནམ་སྔོན་པོ་སྲུང་སྐྱོང་གི་དམག་འཐབ་ཁྲོད། རྩེ་ཁོག་རྫོང་གིས་ཐབས་མང་མཉམ་དུ་སྤྱད་དེ། རླངས་ཤུགས་ཏུན10མན་གྱི་རྡོ་སོལ་ཁྲོ་ཐབ་དོར་བ་དང་། བཟའ་བཏུང་ལས་རིགས་ཀྱི་སྣུམ་སྙིགས་གཙང་བཟོའི་སྒྲིག་བཀོད་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བར་ལྟ་སྐུལ་བྱས། ལོ3གྱི་རིང་འགག་སྒྲོལ་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད98.3%ནས99.7%བར་འཕར།

ས་རྒྱུའི་སྦགས་བཙོག་འགོག་བཅོས་ཐད་རྩེ་ཁོག་རྫོང་གི་སྐྱེ་ཁམས་ཉམས་གསོ་ལས་གཞི་གང་སར་རྒྱས་ཤིང་། དེ་སྔ་དམར་རྗེན་དུ་མངོན་པའི་གཏེར་དོང་དང་གད་སྙིགས་སྤུངས་ཡུལ་དེ་ད་སྐབས་རྩྭ་རྩི་ཤིང་རྒྱས་ནས་སྐྱེ་ཁམས་བཅོས་སྐྱོང་གི་དཔེ་མཚོན་བཟོ་བཀོད་ཅིག་ཏུ་གྱུར་ཡོད།

ཆུའི་ཁོར་ཡུག་བཅོས་སྐྱོང་ལ་ཡང་མངོན་གསལ་དོད་པོའི་ཕན་འབྲས་ཐོབ་ཡོད། རྩེ་ཁོག་རྫོང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་རོང་བོ་དགུ་ཆུའི་འགྲམ་རྒྱུད་ཀྱི་ཆུ་ལམ་དང་བར་ཐག་སྨི100ཡི་ཁྱབ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་གྲལ་བཤེར་ཞིབ་ཚགས་བྱས་པ་དང་།ཁྲིམས་འཛིན་གཟབ་ནན་བྱས་པ་བརྒྱུད་འགྲམ་ངོགས་ཀྱི་སྦགས་བཙོག་བཅོས་སྐྱོང་ནན་མོ་བྱས་ཏེ།“ཆུ་བོ་དང་མཚེའུ་ཡི་རྙོག་དྲ་བཞི་གཙང་སེལ་བྱེད་པའི”འགུལ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ།གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་གད་སྙིགས་སྦས་ཡུལ་ཉམས་གསོ་སོགས་གཙོ་གནད་བཟོ་འགོད་བརྟན་པོའི་ངང་ལག་བསྟར་བྱས།

སྐྱེ་ཁམས་སྲུང་ཡོལ་བརྟན་པོ་འཛུགས་ཆེད། རྩེ་ཁོག་རྫོང་གིས་རྩེ་ཆུའི་ཆུ་ལམ་བཅོས་སྐྱོང་དང་རྡོ་དཀར་མོ་ཡུལ་ཚོ་ཆུ་དམར་ཆུའི་ཆུ་ལམ་བཅོས་སྐྱོང་སོགས་ཀྱི་བཟོ་སྐྲུན་སྤེལ་མགོ་ཚུགས། 《རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང་འཛུགས་སྐྲུན་གྱི་དམིགས་ཚད》ལ་གཞི་བཅོལ་ནས། རྩེ་ཁོག་རྫོང་གིས་ཕྱོགས་གསུམ་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་འཛུགས་པའི་ཡིག་ཆ་བཟོ་འགོད་བྱ་རྒྱུའི་མངགས་བཅོལ་བྱས་པ་དང་།གསར་འཛུགས་ཀྱི་དམིགས་ཚད་ཁག35ཚང་མ་ཚད་གཞིར་ཐོན་ཡོད།

སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རྩེ་རིམ་ཇུས་འགོད་ཀྱི་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། ཉེ་ཆར།རྩེ་ཁོག་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཆོས་འཛིན་རྡོ་རྗེ་ཡིས་རུ་དཔུང་གི་སྣེ་ཁྲིད་དེ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་སོགས་སྡེ་ཁག་ཏུ་རྟོག་ཞིབ་ཟབ་མོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་ཕྱོགས་གཏན་ཁེལ་བྱས།

ཆོས་འཛིན་རྡོ་རྗེ་ཡིས་རྩེ་ཁོག་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་བྱས། དུས་མཚུངས་སུ། ཁོས་ནན་གྱིས་བསྟན་དོན། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་མོས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གསར་འཛུགས་བྱེད་སྒོ་གཏིང་ཟབ་ཏུ་གཏང་དགོས། སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་གྱི་མཐོ་གནོན་རྣམ་པ་རྒྱུན་སྲུང་དང་། དེང་རབས་ཚན་རྩལ་བྱེད་ཐབས་བེད་སྤྱོད་ཡག་པོ་བྱས་ནས་སྐོར་ཞིབ་ཞིབ་བཤེར་གྱི་ཐེངས་གྲངས་དང་ཤུགས་ཚད་ཆེ་རུ་གཏང་དགོས།

ས་གནས་དེ་གའི་རང་བྱུང་སླར་གསོ་དང་མིས་ཐབས་ལ་བརྟེན་ནས་ཉམས་གསོ་བྱ་རྒྱུ་མཉམ་འཛིན་རྒྱུན་འཁྱོངས་བྱས་ཏེ།ཕྱུགས་བཀག་རྩྭ་གསོ་དང་རྩྭ་ཕྱུགས་དོ་མཉམ།རྨོ་ཞིང་སྲུང་སྐྱོང་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་རྩྭ་ཐང་སོར་ཆུད་སྐྱེ་འཚར་ཡོང་བར་བྱས། རྩེ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་དུས་རིམ་གཉིས་པ་སོགས་གཙོ་གནད་ལས་གཞི་ལག་ལེན་དུ་བསྟར་བ་དང་།ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་བཟོ་སྐྲུན་མགྱོགས་མྱུར་ངང་ལག་བསྟར་བྱས་པ་དང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི3ལེགས་བཅོས་སོགས་བྱས་པས།རྩྭ་ཐང་དང་ནགས་ཚལ་གྱི་སྐྱེ་ཁམས་ཁ་དོག་སྔར་ལས་ཇེ་གསལ་དུ་ཕྱིན་ཡོད།

2022ལོའི་ཟླ11པའི་ཚེས18ཉིན་གཏམ་བཟང་འབྱོར་ཡོང་སྟེ། རྩེ་ཁོག་རྫོང་ནི་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་སྐོར་དྲུག་པའི་ནང་ཚུད་ནས་གསར་འཛུགས་ཀྱི་ལས་འགན་བདེ་བླག་ངང་གྲུབ། 2023ལོའི་ཟླ7པའི་ཚེས17ཉིན།རྩེ་ཁོག་ལ་སླར་ཡང་རྒྱལ་ཁའི་གཏམ་བཟང་འབྱོར་ཡོད་དེ། ཞིང་ཆེན་ནང་ཁུལ་གྱི་ཨང་རིམ་དང་པོའི་ཕུལ་བྱུང་ཨང་རིམ་ལ་བརྟེན་ནས། ཞིང་ཆེན་དང་ཐིན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་སྐོར་བདུན་པ་དང“ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི”་ལག་ལེན་གསར་སྐྲུན་རྟེན་གཞིའི་ཡོངས་བསྒྲགས་མིང་ཐོའི་ནང་ཚུད་རྒྱུའི་འོས་སྦྱོར་རེ་ཞུ་བྱེད་རྩིས་བྱས། ལོ་དེར་མཚོ་སྔོན་ཞིང་ཆེན་གྱི་རྫོང་གཉིས་རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་ཕྱིན་པའི་རྫོང་དུ་བདམས་པ་དང་།དེའི་ནང་རྩེ་ཁོག་རྫོང་ལ“ཅུང་ཙམ་ཇེ་ལེགས་སུ་ཕྱིན་པ”འི་གཟི་བརྗིད་མཚན་སྙན་གྱི་རིམ་པ་ཐོབ་ཅིང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཡིག་ཆ་བཏང་ནས་གཟེངས་བསྟོད་བྱས།

མིག་སྔར་རྩེ་ཁོག་རྫོང་དུ་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་།ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་རྩེ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་དུས་རིམ་གཉིས་པ་སོགས་ཀྱི་བཟོ་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་དང་།ཉིན་ཤུག་ཆུའི་འབྲུབ་འགོག་བཟོ་སྐྲུན་མཇུག་བསྡུའི་དུས་མཚམས་སུ་སླེབས་ཤིང་།རྩེ་ཆུ་དང་འབའ་ཆུའི་ཆུ་བོའི་བཅད་ངོས་ལ་ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པ་ལྟར་ན།ས་ངོས་ཆུའི་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཡོད།  ལྗང་མདོག་གི་རྩྭ་ཐང་དང་དྭངས་གཙང་གི་ཆུ་བོ། སྔོ་བསངས་ཀྱི་ནམ་མཁའི་སྐྱེ་ཁམས་རི་མོ་ཞིག་རྩེ་ཁོག་གི་ས་གཞི་ཆེན་མོར་དལ་གྱིས་འགྲེམ་བཞིན་ཡོད།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།