བྱེ་མའི་ཐང་ལ་ལྗང་མདོག་གི་ནགས་ཚལ་བསྐྲུན།
2025.11.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 2

གསར་དུ་བཙུགས་པའི་སྡོང་ཕྲུག་ལ་ལོ་མ་འབུས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར།

བྱེ་འགོག་དྲ་མིག་བཟོ་བས་རྩྭ་ཤོག་ཁུར་ནས་འགྲོ་བ།

རྩྭ་སྐྱ་བཏིངས་ནས་བྱེ་རྡུལ་གནོན་པ།

ཉེ་ཆར།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཤར་རི་ཁ་གྲོང་རྡལ་བྱེ་ལུང་སྡེ་བའི་བྱེ་ས་རུ་མཐོ་སྒང་གི་ཉི་འོད་དྲོད་ལམ་ལམ་དུ་འཚེར།  གསར་དུ་བཙུགས་པའི་ཞིན་ཅང་མ་གལ་གྲལ་ལྟར་བསྒྲིགས་ཡོད་ལ་ཉི་འོད་འོག་ཡུན་གྱིས་འདབ་ལག་རྒྱས་བཞིན་མཆིས།  དེ་སྔོན་བཙུགས་པའི་སྡོང་རྒན་དག་སྒམ་བརླིང་གིས་གྱེན་དུ་འགྲེངས་ཡོད་ལ། སྡོང་པོའི་ཡལ་གས་ས་དེར་བསིལ་གྲིབ་བཀུག་ཡོད། སྡོང་པོ་གསར་རྙིང་གི་ཡལ་ག་དག་ཉི་འོད་འོག་ཏུ་ཕན་ཚུན་བསྣོལ་བ་ལས། གནས་དེའི་གནའ་དེང་གི་འགྱུར་ལྡོག་མངོན་བཞིན་པ་དང་འདྲ།

ནགས་ཚལ་དང་རྩྭ་ལྗང་རིམ་གྱིས་རྒྱས་བཞིན་པའི་གནས་དེ་ནི། ཏུའུ་ལན་རྫོང་ཤར་རི་ཁ་རྒྱལ་ཁབ་རིམ་པའི་བྱེ་འགྱུར་ས་ཁུལ་བཀག་སྡོམ་སྲུང་སྐྱོང་ཁུལ་དུ་གཏོགས་ཤིང་། རྫོང་ཁོངས་ཀྱི་ཤར་རྒྱུད་དུ་ཡོད། སྔོན་ཆད་གནས་དེ་ནི“གནམ་ན་འདབ་ཆགས་འཕུར་རྒྱུ་མེད་ལ། ས་ན་རྩི་ཤིང་སྐྱེ་རྒྱུ་མེད་ས”ཞིག་ཡིན་ཞེ་ན་སུ་ཞིག་རློམ་ངེས།

“རླུང་བུ་ལྡང་ཚེ། བྱེ་མས་གཞུང་ལམ་འགེབས་ངེས་ལ། རླངས་འཁོར་བསྐོར་ནས་སོང་ན་བྱེ་དུང་དུ་ལྷུང་འགྲོ། ནོར་ལུག་གིས་འགྲེང་མི་ཚུགས་ལ། མི་ནི་དེ་བས་ཀྱང་གོམ་པ་གཅིག་ཀྱང་བགྲོད་དཀའ་བའི་ཚོད་ཡིན།”ཤར་རི་ཁ་གྲོང་རྡལ་ནགས་ལས་ས་ཚིགས་ཀྱི་ནགས་སྲུང་པ་མ་ཧྲང་ཅུན་ནི་གནས་དེའི་རང་ས་རང་ཡུལ་ནས་སྐྱེས་པའི་མི་ཞིག་ཡིན་ལ། སྔོན་ཆད་ཀྱི་བྱེ་རླུང་སྐོར་གྱི་སྡུག་ཡུས་བཤད་ཚེ། ཁོའི་སྨིན་མ་རང་དབང་མེད་པར་གཅིག་ཏུ་བསྡུ་ཡོང་ལ། དྲན་པའི་གཏིང་རིམ་དུ་ཉར་ཡོད་པའི་དཀའ་སྡུག་དག་ཀྱང་ཁ་སང་བྱུང་བ་ལྟར་བརྗེད་དུ་མེད།

དུས་རབས20པའི་ལོ་རབས90པའི་ཚུན་དུ། ཉམས་ཞན་གྱི་སྐྱེ་ཁམས་དང་དཀའ་ཚེགས་ཆེ་བའི་བྱེ་བཅོས་ཀྱི་ལས་ལ་གདོང་གཏད་དེ། ཏུའུ་ལན་གྱི་ནགས་སྲུང་པས་འཐབ་ཕྱོགས་དང་པོ་རུ་བརྟན་སྲུང་བྱས་ནས། “བྱེ་མ་མེད་པར་བཏང་སྟེ་ཕ་ཡུལ་ལྗང་མདོག་ཏུ་བསྒྱུར་བའི”ཆོད་སེམས་ཀྱིས། བྱེ་རྡུལ་གྱིས་ཁེངས་པའི་མྱ་ངམ་ཐང་དུ་རྩ་བ་ཚུགས་པར་བྱས་ཤིང་། བྱེ་བཅོས་ཀྱི་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱེད་པའི་བློ་སེམས་ལ་འགྱུར་བ་གཏན་ནས་བྱུང་མ་མྱོང་།

ལོ་ཟླ་རིང་མོའི་ནང་དུ། ཁོར་ཡུག་དེ་འདྲའི་བཙོག་པོའི་ནང་དུ་ཁོ་ཚོའི་འགྱུར་བ་མེད་པའི་བློ་སྤོབས་ལ་སྦྱོང་བརྡར་ཐོབ་ཅིང་། མཉམ་དུ་མཛེས་སྡུག་གི་གཞིས་ཁྱིམ་བསྐྲུན་པའི་ཆོད་སེམས་བརྟན་པར་གྱུར་ལ། “བྱེ་མར་འགོག་རྒོལ་བྱེད་པའི ”སྟོབས་ཤུགས་དྲག་པོ་སྔར་ལས་གཅིག་ཏུ་བསྡུས།

ཡིན་ཡང་། བྱེ་བཅོས་ནི་ལས་སླ་མོ་ཞིག་གཏན་ནས་མ་ཡིན་ཏེ། གོམ་པ་གང་མདུན་དུ་བསྐྱོད་ནའང་དཀའ་སྡུག་གི་རྔུལ་ཆུས་བརླན་ཡོང་། དང་ཐོག ཚང་མས་ཐན་སྐམ་བསྲན་ཐུབ་པའི་སྡོང་ཕྲན་བཙུགས་ནས་རླུང་དང་བྱེ་མ་བཀག་མོད། དང་ཐོག་བཙུགས་པའི་སྡོང་ཕྲན་དག་ལས་ལ་ལ་ཞིག་སྐམ་མེད་ནའང་། ཏུའུ་ལན་གྱི་ཐན་སྐམ་ཆེ་ཞིང་ཆར་ཆུ་ཉུང་བའི་གནམ་གཤིས་ཀྱི་དབང་གིས། ཡུན་རིང་མ་འགོར་བར། སྡོང་ཕྲན་མང་ཆེ་བ་རིམ་བཞིན་སྐམ་ནས་བྱེ་འགོག་གི་གོ་མ་ཆོད།

“འུ་ཚོའི་ས་འདི་ནས་སྡོང་པོ་ཡག་པོར་སྐྱེ་མི་ཐུབ་པ་ཨེ་ཡིན་ནམ”སྙམ་ནས། མཚན་མོ་མང་པོ་ཞིག་ལ། བྱེ་རྡུལ་གྱིས་ཁེངས་པའི་རྣམ་པར་ལྟ་བཞིན་སེམས་ཁྲལ་བྱས། “ཡང་མིན་ན་ས་གནས་ཀྱི་མ་གལ་བཙུགས་ནས་ཚོད་ལྟ་ཞིག་བྱས་ན་ཅི་འདྲ་ཡིན་ནམ། ས་འདིའི་ས་སྐྱེས་རྡོ་སྐྱེས་ཀྱི་སྡོང་པོ་ཡིན་པས། བྱེ་མའི་གནོད་པ་བཟོད་ཐུབ་ནའང་ཐང་།”སུ་ཞིག་གིས་བཤད་པ་མི་ཤེས་མོད། སྐད་ཆ་འདི་ལས་རེ་བ་གསར་པ་ཞིག་གི་མགོ་བརྩམས།

བསམ་ཚུལ་དེ་བྱེ་བཅོས་འགག་སྒྲོལ་གྱི་དཀྱོགས་མཚམས་ཆེན་པོ་ཞིག་ཏུ་གྱུར། ཚོགས་པས་མྱུར་བ་ཉིད་དུ་ས་གནས་མ་གལ་གྱི་སྡོང་ཕྲུག་བཙལ་ནས་ཚོད་ལྟ་བྱས་པར། མ་བསམ་ས་ནས་གྲུབ་འབྲས་མངོན་གསལ་ཐོན། དེ་ལས་ཀྱང་མི་སེམས་སྒུལ་བར་བྱེད་པ་ནི། ཡང་དང་བསྐྱར་དུ་མ་གལ་ཟབ་འཛུགས་ཀྱི་ལག་རྩལ་ལེགས་བཅོས་བྱས་པས། ལོ་དེའི་སྡོང་ཕྲུག་སྐྱེ་ཚད་བརྒྱ་ཆའི་དོན་ལྔ་ཡས་མས་ལ་སླེབས།

“ལག་རྩལ་འདིའི་དགེ་མཚན་ཤིན་ཏུ་མངོན་གསལ་རེད། ”ལག་རྩལ་འདིའི་ཐད་ནས་གླེང་ཚེ། ཤར་རི་ཁ་གྲོང་རྡལ་ནགས་ལས་ས་ཚིགས་ཀྱི་ལས་བཟོ་པ་ལི་ཕེང་ལིན་གྱིས་གཟི་བརྗིད་དང་བཅས་བཤད་རྒྱུར།“རྩ་བ་སྔར་ལས་གཏིང་ཟབ་ཏུ་བཙུགས་ན། ས་འོག་གི་ཆུ་ལ་ཐུག་ཐུབ་པ་དང་། དེ་ལྟར་བྱས་ན་ཆུ་བསྡུ་ལེན་བྱེད་ཚད་ཆེས་ཆེར་མཐོ་རུ་འདེགས་ཐུབ་ཅིང་། རྩ་བ་ཆེན་པོ་བྱེ་རིམ་ཁྲོད་ཕན་ཚུན་བསྣོལ་ཏེ་རྒྱས་ཐུབ་པས། བྱེ་སྒང་དམ་པོར་འཛིན་ཐུབ་པར་མ་ཟད། གཏན་འཇགས་ནུས་པ་ཡང་ཇེ་དྲག་ཏུ་གཏོང་ཐུབ་པའི་དབང་གིས། བྱེ་འགོག་གི་གྲུབ་འབྲས་མྱུར་དུ་ཡར་ཐོན་པ་རེད”ཟེར།

ཉམས་མྱོང་སྤུ་ཙམ་མེད་པ་ནས་ཚན་རིག་དང་མཐུན་ཞིང་མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པའི་བར། ཏུའུ་ལན་གྱི་བྱེ་འགོག་བྱ་གཞག་དེ་འཚོལ་ཞིབ་ཀྱི་ཁྲོད་ནས་རྒྱུན་ཆད་མེད་པར་ཡར་རྒྱས་བྱུང་། སྐྱེ་ཁམས་ཁྱད་དུ་མཚར་བ་འདིའི་རྒྱབ་ལོགས་སུ། ལག་རྩལ་ཐོད་བརྒལ་གྱི་འདེགས་སྐྱོར་ཡོད་པར་མ་ཟད། མ་ལག་ལྡན་པར་བཅོས་སྐྱོང་བྱེད་པའི་བློ་གྲོས་དང་རྒྱུན་འཁྱོངས་ཀྱང་ཡོད།

ཏུའུ་ལན་རྫོང་གིས“རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ”ཡིན་པའི་འདུ་ཤེས་བཟུང་ནས། བྱེ་བཅོས་ནི་ཁྱབ་ཁོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཆགས་སྟངས་ཆེན་མོ་རུ་བརྩིས་ཏེ། “བྱང་གསུམ”སྐབས་དྲུག་པའི་ལས་གཞི་འཛུགས་སྐྲུན་ཏན་ཏིག་གིས་སྐུལ་སྤེལ་བྱས་པ་དང་། རང་བྱུང་ནགས་སྲུང་སྐྱོང་དང་སླར་གསོ། རྩྭ་ས་ཞན་འགྱུར་བཅོས་སྐྱོང་། ཐང་རྒོད་ཅན་འགོག་བཅོས་སོགས་གཙོ་གནད་སྐྱེ་ཁམས་བཟོ་འགོད་རིམ་ལྡན་གྱིས་ལག་བསྟར་བྱས་ནས། བསྡོམས་པས་འཛུགས་སྐྲུན་འོས་འགན་མུའུ་འབུམ་གཅིག་དང་ཁྲི་ལྔ་སྟོང་གཅིག་དང་བཞི་བརྒྱ་ལེགས་འགྲུབ་བྱས། སྐྱེ་ཁམས་སླར་གསོའི་རྨང་གཞིའི་སྟེང་མུ་མཐུད་དུ་ཤུགས་བརྒྱབ་ནས། རྒྱལ་ཁོངས་ལྗང་བསྒྱུར་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་སྐྱོད་སྤེལ་ཏེ། ལྗང་བསྒྱུར་ལས་འགན་མུའུ་འབུམ་དྲུག་དང་ཁྲི་དགུ་སྟོང་བརྒྱད་ལེགས་འགྲུབ་བྱས། དུས་མཚུངས་སུ། ལས་གཞི་འཛུགས་སྐྲུན་བྱེད་པ་དེ་གནད་འགག་ཏུ་བཟུང་ནས་སྐྱེ་ཁམས་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་། མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་ལྔ་ཁྲི་དགུ་བརྩོན་ལེན་བྱས་ཏེ། ཤང་སྡེ་རྩི་ཤིང་གླིང་དང་ཏུའུ་ལན་རྫོང་རྒྱལ་དབང་ནགས་ར་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་བྱས་ཏེ། སྡོང་ཕྲུག་མུའུ65ཡི་སྟེང་དུ་སྡོང་རྐང་འབུམ་གཉིས་དང་ཁྲི་གཅིག་ནང་འདྲེན་དང་གསོ་སྐྱོང་བྱས།

རྩི་ཤིང་ལས་ཀྱང་སྲ་བརྟན་ཡིན་པ་ནི་མི་སེམས་ཡིན་ལ། ལྗང་མདོག་གི་སྐྱེད་ཚལ་ལས་ཀྱང་མི་སེམས་འགུལ་བར་བྱེད་པ་ནི་ཐུན་མོང་གི་འདུ་ཤེས་རེད། ཏུའུ་ལན་གྱིས་བྱེ་བཅོས་བྱས་པའི་ཁྱད་མཚར་གཏམ་རྒྱུད་ནི། མི་གཅིག་དང་གཉིས་ཀྱིས་འགྲུབ་པ་ཞིག་མ་ཡིན་པར། དེ་ནི་དམངས་ཡོངས་ཀྱིས་མཉམ་དུ་བསྐྲུན་པའི་གྲུབ་འབྲས་རེད། ས་གནས་སུ“སྲིད་གཞུང་གིས་སྣེ་ཁྲིད་པ་དང་མང་ཚོགས་ཟབ་ཞུགས་བྱེད་པ། དང་བླངས་མཉམ་འགུལ”གྱི་རྣམ་པ་གསར་སྐྲུན་བྱས་ཏེ། བྱེ་བཅོས་དེ“སྡེ་ཁག་གི་འགན་འཁྲི”ནས“དམངས་ཡོངས་འགུལ་སྐྱོད”བྱེད་པའི་རྣམ་པར་བསྒྱུར། མིག་སྔའི་བར་དུ། ཏུའུ་ལན་རྫོང་གིས་འོས་འགན་སྡོང་འཛུགས་ཀྱི་སྡོང་རྐང་འབུམ་གཅིག་དང་ཁྲི་གཅིག་སྟོང་བཞི་བཙུགས་པ་དང་། མུའུ600ལ་སྡོང་ཕྲུག་གསབ་འཛུགས་བྱས།

ཤར་རི་ཁ་གྲོང་རྡལ་ནགས་ལས་ས་ཚིགས་ཀྱི་འགན་ཁུར་བ་ཝང་ཡུན་ཅུན་གྱིས་ཆེས་སྟབས་བདེ་ལ་ཆེས་སྟོབས་ཤུགས་ལྡན་པའི་སྐད་ཆས།“མང་ཚོགས་ནང་དུ་ཞུགས་ཚད་ཤིན་ཏུ་མཐོ། ཚང་མས་བྱེ་མ་བཀག་ནས་གཞིས་ཁྱིམ་ཇེ་ལེགས་སུ་གཏོང་འདོད་ཡོད།”“ད་ལྟ་གནའ་བ་དང་ཤྭ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱང་རྒྱུན་པར་འདིར་འོང་བཞིན་ཡོད། འདི་ནི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བཞིན་པའི་བདེན་དཔང་རེད”ཅེས་བཤད།

ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། ཏུའུ་ལན་གྱི་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་མུ་མཐུད་དུ་བྱེ་བཅོས་བྱེད་པར་འབད་བརྩོན་བྱས་ཏེ། ལང་ཚོ་དང་རྔུལ་ཆུ་ཡིས་བྱེ་རླུང་ཁྲོད་ལྗང་མདོག་གི་ལྕགས་རི་རིང་བོ་བསྐྲུན་ཅིང་། ཁོ་ཚོས་སྔ་རྗེས་སུ་ནུའོ་མུའུ་ཧུང་དང་ཤང་སྡེ། ཆུ་དཀར་ཐང་སོགས་སུ་བྱེ་ཐང་སྤང་ལྗོངས་ཞིང་ལས་ཁུལ་མུ་འབྲེལ་ཆེན་མོ་བཙུགས་ཏེ། ཅུང་འཐུས་ཚང་བའི་ས་ཞིང་གི་འགོག་སྲུང་ནགས་ཚལ་མ་ལག་བཙུགས།

ད་ལྟ་ཤར་རི་ཁ་རྒྱལ་ཁབ་རིམ་པའི་བྱེ་འགྱུར་ས་ཁུལ་འགོག་སྲུང་སྲུང་སྐྱོང་ཁུལ་དུ་ཐོན་པ་ན། སྔོན་ཆད་ཀྱི་ག་ས་གང་དུ་བྱེ་རྡུལ་འཐིབས་ཡོད་པའི་གནས་ཚུལ་སྔ་མོ་ནས་མེད་པར་གྱུར་ཡོད། འགོག་ར་གྲུ་བཞི་ནི་གོ་ཁྲབ་ཅིག་དང་འདྲ་བར་བྱེ་སྒང་ལ་སྲུང་སྐྱོང་བྱེད་བཞིན་ཡོད་ལ། གཏིང་ཟབ་མོར་བཙུགས་ཡོད་པའི་ལྕང་སྡོང་རླུང་བུའི་ཁྲོད་འགུལ་ཙམ་འགུལ་ཙམ་བྱེད། གྲལ་ལྟར་བསྒྲིགས་ཏེ་བཙུགས་ཡོད་པའི་མ་གལ་གྱིས་ལྗང་མདོག་སྲུང་ཡོལ་ཞིག་དང་འདྲ་བར་བྱེ་རླུང་གི་འཇབ་རྒོལ་བཀག

“བྱེ་མས་མི་བསྐོར་བ”ནས“ལྗང་མདོག་གིས་བྱེ་མ་བཀག་པའི”བར་གྱི་ཏུའུ་ལན་གྱི་སྐྱེ་ཁམས་འགྱུར་ལྡོག་ཁྲོད། མི་གང་མང་ཞིག་གིས་གཞིས་ཁྱིམ་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་ཡོད། བྱེ་ཐང་དུ་བཙུགས་པའི་རྩི་ཤིང་རེ་རེ་ནི་བྱེ་བཅོས་མཁན་གྱིས་ཁྱིམ་གཞིས་སྲུང་བའི་ཐོག་མའི་སེམས་འདུན་གྱི་དན་རྟགས་དེ་ཡིན་ལ། རྒྱུན་ཆད་མེད་པར་རྒྱ་སྐྱེད་བཞིན་པའི་བྱེ་ཐང་སྤང་ལྗོངས་འདི་ནི། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཡིན། ད་ལྟ། ཏུའུ་ལན་གྱི་བྱེ་བཅོས་མཁན་གྱིས་སྔར་བཞིན་བརྟན་སྲུང་བྱས་ཡོད་ལ། ཁོ་ཚོའི་གཟུགས་དང་གྲིབ་མ་ནི་གནས་དེའི་ནགས་ཚལ་དང་འབྲལ་བ་མེད་པར། མཐོ་སྒང་གི་ཉི་འོད་དྲོན་མོའི་འོག་མུ་མཐུད་དུ་སྐྱེ་ཁམས་ཁོར་སྲུང་དང་ལྗང་མདོག་གི་རེ་བའི་གཏམ་རྒྱུད་འབྲི་བཞིན་ཡོད།

ལྷ་མོ་འཚོས་རྩོམ་སྒྲིག་བྱས།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།