

—སྐྱེ་ཁམས་པར་ལེན་མཁན་ཧྲི་ཅིང་དང་གླེང་མོལ་བྱས་པ།
མཚོ་སྔོན་གྱི་སྐྱེ་ཁམས་རྒྱལ་སྤྱིའི་མཐོང་སྣེར་ཡང་ཡང་མངོན་པ་དང་། གཏན་འཁེལ་བྱས་པའི་འོད་གཟུགས་ཀྱིས་སྐད་ཅིག་ཉིད་དུ་ཆེས་བརྗིད་ཉམས་ལྡན་པ་དང་ཐད་མཐོང་གི་རྣམ་པར་བརྟེན་ནས“ཀྲུང་ཧྭའི་ཆུ་མཛོད”ཀྱི་བཅད་ངོས་མི་འདྲ་བ་མངོན་བཞིན་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་འདེམ་སྒུག་ཁུལ་མཚོ་སྔོན་དུམ་ཁུལ་གྱི་ཆིངས་བཅོས་པར་ལེན་མཁན་ནམ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་པར་ལེན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཧྲི་ཅིང་ལ་དེའི་ཐད་ཀྱི་མྱོང་ཚོར་ཟབ་མོ་ཡོད་དེ། ཁོས་ང་ཚོས་རང་བྱུང་དྲིལ་སྒྲོག་བྱེད་ཀྱིན་ཡོད་ཅེས་བརྗོད་པ་ལས་རང་བྱུང་གིས་ང་ཚོར་གྲུབ་འབྲས་སྩོལ་བཞིན་ཡོད་ཅེས་གླེང་ན་འོས་ཟེར།
ཡུན་རིང་མ་འགོར་བའི་སྔོན་དུ། སི་ཕེན་གྱིMontPhotoརྒྱལ་སྤྱིའི་རང་བྱུང་པར་ལེན་འགྲན་བསྡུར་ཆེན་མོའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་དང་ཧྲི་ཅིང་གི་བརྩམས་ཆོས《བྲོས་བྱོལ་གྱི་གུང་ཟས》ཞེས་པ་ལ་འོ་འཐུང་སྲོག་ཆགས་ཚན་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ།
རང་ཉིད་ཀྱི་དགའ་ཕྱོགས་ལ་ཁྲེང་བཞིན། ཧྲི་ཅིང་གིས་ལོ་ངོ་འདི་དག་རིང་གི་པར་ལེན་གྱི་ཉམས་མྱོང་བཤད། དང་ཐོག་ཁོས་པར་ལེན་སྐབས་མི་ཆོས་དང་མཛེས་ལྗོངས་གཙོ་བོ་བྱས་ལ། 2005ལོའི་སྔ་རྗེས་སུ་སྐྱེ་ཁམས་པར་ལེན་གྱི་ཕྱོགས་སུ་འགྱུར་མགོ་ཚུགས། ཅིའི་ཕྱིར་ཁ་ཕྱོགས་བསྒྱུར་པ་ཡིན་ཞེ་ན། ཧྲི་ཅིང་གི་ཐོག་མའི་བསམ་འདུན་ནི་གཟུགས་བརྙན་ལ་བརྟེན་ནས་མཚོ་སྔོན་དྲིལ་སྒྲོག་བྱས་ཏེ་མི་མང་པོ་ཞིག་ལ་མཚོ་སྔོན་གང་དུ་ཡོད་པ་དང་མཚོ་སྔོན་ཅི་འདྲའི་མཛེས་སྡུག་ལྡན་པ་ཤེས་སུ་འཇུག་ཆེད་རེད།
ལོ་འདི་དག་ལ། མཚོ་སྔོན་གྱི་སྐྱེ་ཁམས་པར་རིས་བརྩམས་ཆོས་རེ་རེ་རྒྱལ་སྤྱིའི་ཐོག་ཡང་ཡང་མངོན་པ་དེས་པར་ལེན་ཁྱབ་ཁོངས་སུ“མཚོ་སྔོན་གྱི་སྣང་ཚུལ”ཐོན་པར་མ་ཟད། འཛམ་གླིང་ལ་མཚོ་སྔོན་སྐྱེ་ཁམས་ཀྱི་ཐོན་ཁུངས་དགེ་མཚན་དང་། དེ་བཞིན་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གྲུབ་འབྲས་མངོན་པར་བསྟན།
ཧྲི་ཅིང་གིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རོང་པོ་ཐང་དུ་ཁྲུང་ཁྲུང་སྐེ་ནག་དང་ཐེངས་དང་པོར་འཕྲད་སྐབས་ཀྱི་དགའ་བ་འདི་ལྟར་གླེང་བ་སྟེ།“ཡག་པོ་འདུག་སྙམ་ནས་པར་ལེན་དུ་སོང་བ་ཡིན”ཞིང་། དེ་ནི་ཏག་ཏག་སྐྱེ་ཁམས་པར་ལེན་གྱི་ཐོག་མའི་འཇུག་སྒོ་རུ་གྱུར། ཐོག་མར་སྟབས་བདེའི་ཟིན་ཐོ་ཙམ་ཡིན་ལ། ཐ་ན་སྐྱེ་དངོས་ཀྱི་མིང་ཡང་ངོས་མི་ཟིན། ལོ་འགའི་རྗེས་སུ་ཧྲི་ཅིང་སླར་ཡང་ཚྭ་འདམ་གཞོང་སའི་ཨའར་ཅིན་རི་བོའི་རྒྱུད་དུ་བསྐྱོད་སྐབས། དེ་གར་ཁོས་རི་དྭགས་རྐྱང་སྟོང་ཕྲག་དང་། འབྲོང་བརྒྱ་ཕྲག་ལྷག་དང་དེ་བཞིན་ཁྱུ་ཚོགས་མང་བའི་གཙོད་བཅས་མཐོང་བྱུང་། ད་ལྟའི་བར་དུ་ཁོས་དེ་གར་མཐོང་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་འདུས་ཚད་མཐོ་ཤོས་ཡིན་པ་དང་། ཐེངས་དེས་ཁོ་རང་སྐྱེ་ཁམས་པར་ལེན་ཁྱབ་ཁོངས་སུ་དངོས་སུ་བསྐྱོད་པར་སྐུལ་མ་ཐེབས་ཡོད།
ཧྲི་ཅིང་གི་བརྙན་མིག་མཚོ་སྔོན་ལ་གཏད་དེ། སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་པའི་སྐད་ཅིག་མ་མང་པོ་ཟིན་ཐོར་བཀོད་པར་མ་ཟད། སྐྱེ་དངོས་ཐམས་ཅད་དང་མཉམ་དུ་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཀྱང་མཚོན་བཞིན་ཡོད། ཕལ་ཆེར་ལོ་བཅུའི་རིང་། ཧྲི་ཅིང་གིས་དུས་ཚོད་གཅིག་མཚུངས་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་སྟོང་རི་མཚོ་ནག་ཏུ་བསྐྱོད་སྐབས། ཁོས་ཧ་ཅང་སྤྲོ་སྣང་ལྡན་པའི་སྣང་ཚུལ་ཞིག་མཐོང་བ་ནི། དགོ་ཁྱུ་དང་ཐག་མི་རིང་བའི་སར་ཡོད་པའི་སྤྱང་ཁྱུ་ཞིག་འཆམ་མཐུན་མཉམ་གནས་བྱས་ཡོད་པ་དེ་རེད། བཟའ་བཅའི་ཕྲེང་འབྲེལ་ཐོག་ནས་བཤད་ན། སྤྱང་ཀི་ནི་དགོའི་རང་བྱུང་དགྲ་བོ་ཡིན་མོད། འོན་ཀྱང་འདིར་སྤྱང་ཀི་དང་དགོ་ཁྱུའི་གྲངས་འབོར་ལོ་ལྟར་དོ་མཉམ་གྱི་མཚམས་ཐང་དུ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པས། ཧྲི་ཅིང་གིས་རི་སྐྱེས་སྲོག་ཆགས་ཀྱིས་ཀྱང་རང་བྱུང་གི་ཆོས་ཉིད་དང་ཆོས་ཉིད་ལ་བརྩི་སྲུང་བྱས་ནས་འཆམ་མཐུན་མཉམ་གནས་ལ་བརྩི་འཇོག་བྱེད་ཀྱིན་འདུག་སྙམ།
ཧྲི་ཅིང་གིས་རི་སྐྱེས་སྲོག་ཆགས་ཀྱི་གཏམ་རྒྱུད་ཆ་ཚང་གཙོ་རྐང་དུ་བྱས་ཏེ། ཐོག་མར་ཁྲུང་ཁྲུང་སྐེ་ནག་པར་བླངས་པ་ནས་ད་བར་དུ། ཁྲུང་ཁྲུང་སྐེ་ནག་གིས་སྒོ་ང་རུམ་པ་དང་འཚར་ལོངས་བྱུང་བ་ནས་གནས་སྤོ་བྱེད་པའི་བར་པར་བླངས་ཟིན་པ་དང་། རྗེས་སུ་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱ་ཡུལ་དུ་བསྐྱོད་དེ་དེའི་གཏམ་རྒྱུད་ཆ་ཚང་བཤད་པ་དེ་རེད། ཉེ་བའི་ལོ་འགའི་རིང་ལ། ཧྲི་ཅིང་གིས་ཀྱང་མདོ་ལ་རིང་མོ་རྒྱུད་ཀྱི་འདབ་ཆགས་ཁ་ཤས་པར་བླངས་པ་དང་། དེ་ཡི་ཕུག་སར་ཕྱིན་པ་ན། ཁོའི་སེམས་ལ་མདོ་ལ་རིང་མོ་ནི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ནོར་བུ་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་། ཁོའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་མདོ་ལ་རིང་མོའི་དབུས་ཁུལ་ནས་བླངས་པའི་པར་ཞིག་རེད།
རི་སྐྱེས་སྲོག་ཆགས་པར་ལེན་སྐབས། ཐོག་མར“རི་སྐྱེས་སྲོག་ཆགས་ལ་བར་ཆད་མི་བཟོ་བའི་སྔོན་འགྲོའི་ཆ་རྐྱེན”ལ་བརྩི་སྲུང་བྱེད་དགོས་པས། མི་དང་རི་སྐྱེས་སྲོག་ཆགས་བར་གྱི་བདེ་འཇགས་བར་ཐག་གཏན་འཁེལ་བྱེད་དགོས། ཧྲི་ཅིང་གིས་སྐྱེ་དངོས་རིགས་མི་འདྲ་བའི་བར་དུ་དུས་ཚོད་ཀྱི་དབྱེ་མཚམས་མི་འདྲ་བ་ཡོད་པ་དཔེར་ན། རྐྱང་ནི་ལོ་རེའི་ཟླ7པར་ཕྲུ་གུ་སྐྱེ་བའི་དུས་ཚིགས་སུ་སླེབས་པས། མིའི་རིགས་ཀྱིས་འགལ་རྐྱེན་བཟོས་ནས་ཕྲུ་གུ་སྐྱེ་བའི་ཉེན་ཁ་མི་ཡོང་བར་མཐའ་གཅིག་ཏུ་གཞོལ་དགོས། སྐྱེ་དངོས་རིགས་གཞན་དག་ཀྱང་དེ་དང་འདྲ་བས། དུས་ཚོད་འོས་འཚམ་ཞིག་གདམ་དགོས།
ཧྲི་ཅིང་གིས་བཤད་རྒྱུར། པར་ལེན་ས་ཚིགས་མང་ཆེ་བ་མཚོ་འཕང་ཉུང་མཐའ་ཡང་སྨི3000ཡན་དང་ཐ་ན་སྨི4000ཡན་དུ་ཡོད་པས། པར་ལེན་པའི་ལུས་ཤུགས་དང་ལག་རྩལ་སོགས་ཕྱོགས་མང་པོ་ཞིག་ལ་ཚོད་བགམ་བྱེད་བཞིན་ཡོད་ཅིང་། མཚོ་སྔོན་གྱི་སྐྱེ་ཁམས་པར་ལེན་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་རེད།
དཔེར་ན་ཐང་སྟོང་དུ་འཕུར་བཞིན་པའི་ཁ་བའི་མེ་ཏོག་གིས་རྒྱང་རིང་གི་རི་བོ་རིས་སུ་ཕབ་པ་དང་། སྐྱེ་ཁམས་པར་ལེན་མཁན་རེ་རེས་མཚོ་སྔོན་གྱི་མཛེས་སྡུག་མངོན་ཆེད་འགུལ་ཉམས་ཀྱིས་ཕྱུག་པའི་གཟུགས་རིས་པར་དུ་བཀོད། སྐྱེ་ཁམས་ནི་མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། སྦས་ཤུགས་ཆེ་ཤོས་བཅས་ཡིན་ལ། སྐྱེ་ཁམས་པར་ལེན་ལ་དགའ་མཁན་མང་པོ་ཞིག་གི་གསར་རྩོམ་གྱི་གཤིན་ས་ཡང་ཡིན་པས། ཧྲི་ཅིང་གིས“མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོང་བྱས་པ་དང་སྐྱེ་ཁམས་ཀྱིས་མཚོ་སྔོན་ལ་གྲུབ་འབྲས་སྦྱིན་ཡོད”ཅེས་ཚོར་སྣང་ཟབ་མོ་བརྗོད་བྱུང་།