གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་གསར་བསྐྲུན་བྱ་ཆེད། ཉེ་ལམ། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་གྲུབ་པའི་ཁོར་སྲུང་ལྟ་སྐུལ་ལེགས་བཅོས་ལས་འགན་ཞིབ་བཤེར་རྩིས་ལེན་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་། རྨ་ཆེན་རྫོང་གི་ཨ་མྱེ་རྨ་ཆེན་ལྗོངས་ཁུལ་དང་གཅིག་སྒྲིལ་རྫོང་གི་གཉན་པོ་གཡུ་རྩེ་ལྗོངས་ཁུལ། ཡུལ་ཤུལ་རྫོང་གི་རོང་པོ་ཐང་ལྗོངས་ཁུལ་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས། ཡུལ་སྐོར་ལྗོངས་ཁུལ་སྤུས་ཚད་རིམ་པ་དཔྱད་ཞིབ་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། རྨ་ཆེན་རྫོང་གི་ཨ་མྱེས་རྨ་ཆེན་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་གཅིག་སྒྲིལ་རྫོང་གི་གཉན་པོ་གཡུ་རྩེ་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ། ཡུལ་ཤུལ་རྫོང་གི་རོང་པོ་ཐང་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་བཅས་ལྗོངས་ཁུལ་འདི་གསུམ་པོའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཐག་གཅོད་བྱས། མིག་སྔར་ལྗོངས་ཁུལ་འདི་གསུམ་པོར་ཡུལ་སྐོར་གྱི་ཆ་རྐྱེན་མི་འཛོམས།
རྒྱུས་ལོན་པ་ལྟར་ན། 《ཡུལ་སྐོར་ལྗོངས་ཁུལ་སྤུས་ཚད་རིམ་པའི་དཔྱད་ཞིབ་གཏན་འབེབས་དང་དབྱེ་འབྱེད》རྒྱལ་ཁབ་ཚད་གཞི་དང་ཞིབ་ཕྲའི་ལག་བསྟར། 《ཡུལ་སྐོར་ལྗོངས་ཁུལ་སྤུས་ཚད་རིམ་པའི་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ནས་གྲུབ་པའི་ཁོར་སྲུང་ལྟ་སྐུལ་ལེགས་བཅོས་ལས་འགན་ཞིབ་བཤེར་རྩིས་ལེན་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་། རྨ་ཆེན་རྫོང་གི་ཨ་མྱེ་རྨ་ཆེན་ལྗོངས་ཁུལ་དང་གཅིག་སྒྲིལ་རྫོང་གི་གཉན་པོ་གཡུ་རྩེ་ལྗོངས་ཁུལ། ཡུལ་ཤུལ་རྫོང་གི་རོང་པོ་ཐང་ལྗོངས་ཁུལ་གྱི་ཞབས་ཞུའི་སྒྲིག་ཆས་དང་བདེ་འཇགས་དོ་དམ། སྤྱོད་ཁང་བསྒྱུར་བཅོས། ཁྲོམ་རའི་སྒྲིག་ལམ། དངོས་གོང་དོ་དམ། ཁོར་ཡུག་དང་ཞབས་ཞུའི་སྤུས་ཚད་སོགས་ཀྱི་གནས་ཚུལ་ལ་གཅིག་བསྡུས་ཞིབ་བཤེར་བྱས། ཡུལ་དངོས་ནས་རྟོག་ཞིབ་བྱས་པ་བརྒྱུད། མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཨ་མྱེ་རྨ་ཆེན་ལྗོངས་ཁུལ(AAA)དང་གཅིག་སྒྲིལ་རྫོང་གི་གཉན་པོ་གཡུ་རྩེ་ལྗོངས་ཁུལ(AAAA)། ཡུལ་ཤུལ་རྫོང་གི་རོང་པོ་ཐང་ལྗོངས་ཁུལ(AAA)བཅས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དབུས་ཁུལ་གྱི་མངའ་ཁོངས་ནང་བཅུག ཡུལ་སྐོར་ལྗོངས་ཁུལ་སྤུས་ཚད་རིམ་པ་དཔྱད་ཞིབ་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། རྨ་ཆེན་རྫོང་ཨ་མྱེ་རྨ་ཆེན་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ། ཡུལ་ཤུལ་རྫོང་རོང་པོ་ཐང་ལྗོངས་ཁུལ་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་བཅས་ཡུལ་སྐོར་ལྗོངས་ཁུལ་འདི་གསུམ་པོའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཐག་གཅོད་བྱས།
ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་འཆར་འགོད་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སླར་གསོ་བྱེད་ཆེད། མིག་སྔར་ལྗོངས་ཁུལ་ནང་གི་དེ་སྔའི་རླངས་འཁོར་འཇོག་ས་དང་ཡུལ་སྐོར་པ་རྐང་ཐང་ལ་བགྲོད་སའི་ལམ། ཡུལ་སྐོར་མཚོན་བྱང་སོགས་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་ཚང་མ་བཤིགས་ཏེ། ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དེ་གཙང་གསུམ་འབྱུང་ཡུལ་དོ་དམ་ཅུའུ་དོ་དམ་སྲུང་སྐྱོབ་ཁང་པ་རུ་བསྒྱུར་ཟིན་པས། ད་ལྟ་ལྗོངས་ཁུལ་འདི་གསུམ་པོར་ཡུལ་སྐོར་གྱི་ཆ་རྐྱེན་མི་འཛོམས་ཟེར། །
གཞན་ཡང་། མཚོ་སྔོན་པོ་རུ་ཁྲིམས་འགལ་སྒྲིག་འགལ་གྱི་ལྟ་སྐོར་ཡུལ་སྐོར་དང་པར་ལེན་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་བཅུག་ཡོད།
ཉེ་ལམ། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་སྤེལ་བའི་བརྡ་ཁྱབ་ནང་། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་ནང་གི་ཁྲིམས་འགལ་སྒྲིག་འགལ་གྱི་ལྟ་སྐོར་དང་ཡུལ་སྐོར། པར་ལེན་སོགས་ཀྱི་བྱེད་སྒོ་གཉེར་མཚམས་འཇོག་ཏུ་བཅུག་སྟེ། རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་ཇེ་ཉུང་དུ་བཏང་ཡོད་པ་ཁྱབ་བསྒྲགས་བྱས།
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་ཡུལ་སྐོར་ལས་དོན་ཁང་དང་གཉེན་སྒྲིག་གྱོན་ཆས་པར་ལེན་ཁང་། སྒེར་གྱི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་མཁན་ཁ་ཤས་ཀྱིས་རང་དགར་མཚོ་སྐོར་ཤར་ལམ་གྱི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་སུ་སོང་ཏེ། མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་ལ་གཏོར་བརླག་ངེས་ཅན་བཏང་བ་རེད། གནས་ཚུལ་དེར་གཞིགས་ནས་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་བརྡ་ཁྱབ་སྤེལ་ཏེ། མི་སྒེར་དང་སྒེར་གྱི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་མཁན་གྱིས་རྩྭ་རའི་ལམ་བརྒྱུད་ནས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་དང་བར་ཁུལ་དུ་རང་དགར་འཛུལ་བ་དང་། བཀག་སྡོམ་བསླབ་བྱར་མི་ཉན་པ། ར་བསྐོར་དང་མཚོན་བྱང་སོགས་སྒྲིག་ཆས་གཏོར་བཤིག་གཏོང་མཁན་བཅས་ལ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་པ་བསྟན་ཡོད།
མཚོ་སྔོན་གྱིས་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་སྣེ་ལེན་པས་མཚོ་སྔོན་པོ་སྐོར་བའི་གཏན་འཁེལ་མིན་པའི་ལམ་ཐིག་ཐོག་འགྲོ་སྐྱོད་བྱེད་པ་བཀག་འགོག་དང་། ཡུལ་སྐོར་ལས་དོན་ཁང་སོ་སོས་ཡུལ་སྐོར་སྣེ་ལེན་པའི་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ཡུལ་སྐོར་སྣེ་ལེན་པས་མགོ་ཁྲིད་པའམ་སྣེ་ཁྲིད་ནས་རྩྭ་རའི་ལམ་བརྒྱུད་དེ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་ནང་འཛུལ་བ་གཏན་འགོག་དང་། ཁྲིམས་འགལ་སྒྲིག་འགལ་གྱི་ཡུལ་སྐོར་སྣེ་ལེན་པའི་རིགས་ཤེས་རྟོགས་བྱུང་ཚེ་ས་གནས་དེ་ནས་གློག་རྡུལ་ཁྲིམས་འཛིན་གྱི་ཞིབ་བཤེར་ཟིན་ཐོ་བཟོ་རྒྱུ་མ་ཟད་ཆད་གཅོད་ཟིན་ཐོ་དེ་ཡུལ་སྐོར་སྣེ་ལེན་པའི་དོ་དམ་ཁོངས་སུ་སྐུར་རྒྱུ་ཡིན་པ་རེད།
དེ་དང་ཆབས་ཅིག གཉེན་སྒྲིག་གྱོན་ཆས་པར་ལེན་ཁང་གིས་ཁྲིམས་དང་འགལ་ནས་རང་དགར་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་ནང་པར་ལེན་བྱེད་སྒོ་སྤེལ་བ་བཀག་འགོག་བྱས་པ་དང་། བཀག་སྡོམ་བསླབ་བྱར་མི་ཉན་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བ། ཡུལ་སྐོར་སྒྲིག་ལམ་ལ་གཏོར་བརླག་གཏོང་བ་བཅས་ལ་འབྲེལ་ཡོད་སྡེ་ཁག་དང་མི་སྣའི་འགན་འཁྲི་ཁྲིམས་ལྟར་རྩད་གཅོད་བྱེད་རྒྱུ་ཡིན་པ་རེད།
མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་རྒྱ་ཆེའི་ཡུལ་སྐོར་བས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་འདུ་ཤེས་དང་ཁྲིམས་སྲུང་གི་འདུ་ཤེས་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན་པ་དང་། མཚོ་སྔོན་པོའི་ལྗོངས་ཁུལ་ལ་བརྟེན་ནས་ཕན་ཁེ་ལེན་པའི་ཡུལ་སྐོར་ཁེ་ལས་དང་གཉེན་སྒྲིག་གྱོན་ཆས་པར་ལེན་ཁང་གིས་རང་རྟོགས་ངང་ལྗོངས་ཁུལ་གྱི་དོ་དམ་དང་ལེན་དང་། ཁྲིམས་འགལ་གྱི་གཉེར་སྐྱོང་བྱེད་སྒོར་ཁེ་ཕན་མི་སྤྲོད་པ་དང་ཁྲོམ་ར་མཁོ་འདོན་མི་བྱེད་པ། ཐུན་མོང་ཐོག་མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དང་ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། མཚོ་སྔོན་པོའི་སྤྱི་ཡོངས་ཀྱི་ཡུལ་སྐོར་གཟུགས་བརྙན་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།