དཔལ་ཐང་ཆུ་བོའི་འགྲམ་དུ་དཔལ་ཡོན་གྱི་མེ་ཏོག་བཞད་པ།
2018.10.08 ཁུངས། མཚ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 45

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་ཁྲ་འགུ་སྡེ་བར་སོང་བ་ན། ཐོག་མར་མིག་ལམ་དུ་མངོན་པ་ནི་ཕྱི་གྱང་སེར་པོ་ཅན་གྱི་ཁང་ཀླད་དམར་པོའི་སྟེང་ལྷབ་ལྷུབ་ཏུ་བསྐྱོད་བཞིན་པའི་སྐར་ལྔའི་དར་དམར་རེད། ཕྱོགས་བཞིར་བསྲིངས་པའི་སྡེ་བའི་གཞུང་ལམ་དང་ལམ་འགྲམ་གྱི་སྡོང་བོའི་བར་ན། དེང་རབས་ཀྱི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཅིང་གྲལ་དག་པའི་ར་སྐོར་ཅན་གྱི་ཁང་པ་ཉིས་བརྒྱ་ཉེར་བཞི་ཕྲེང་དུ་བསྒྲིགས་པ་ལས་གྲོང་ཁྱེར་ལ་ཐོན་པ་ལྟ་བུའི་ཚོར་སྣང་ཤིག་སྐྱེས་འོངས།

བསྐྱར་སྐྲུན་བྱས་པའི་ཚུན་ལ། སྡེ་བའི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སྡེ་བའི་རྒྱབ་རིའི་ལྡེབས་ངོས་འགེལ་ཡིག་སྟེང་གི“ཁྲ་འགུ་སྡེ་བས་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་བརྗེད་མི་སྲིད”ཅེས་པའི་ཡིག་འབྲུ་འགའ་ལས། ཁྲ་འགུ་སྡེ་བའི་མང་ཚོགས་ཀྱིས“དྲིན་གཟོ། རང་སྟོབས། དཀྱེལ་ཡངས། གསར་སྐྲུན། འཆམ་མཐུན”བཅས་ཀྱི་ཡུས་ཧྲུའུ་གསར་བའི་སྙིང་སྟོབས་ལ་འགྲེལ་བཤད་བྱས་ཡོད་པ་མཚོན་ཡོད།

སྡེ་བའི་སྲང་ལམ་བརྒྱུད་ནས་འགྲོ་སྐབས། སྣ་ལམ་དུ་འཐུལ་བ་ཡོང་བ་ནི་མེ་ཏོག་གི་དྲི་ཞིམ་དང་། རྣ་བའི་བུ་གར་བརྒྱུད་ཡོང་བ་ནི་མང་ཚོགས་ཀྱི་དགའ་སྤྲོའི་དགོད་སྒྲ་རེད། ལོགས་སུ་གནས་པའི་ཁང་པའི་ར་སྐོར་ནང་དུ་མིང་མི་ཐོགས་པའི་མེ་ཏོག་མང་པོ་དང་།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྡིང་ཁང་འོག་སྡེ་མི་དངོས་གྲུབ་བཟའ་ཟླ་གཉིས་ཀྱི་གདོང་ལ་འཛུམས་ཀྱིས་ཁེངས་ནས་ཡོད།

“རྒྱལ་ཁབ་ཀྱིས་རིན་མ་བླངས་པར་ཁང་པ་ལས་པས། ང་ཚོས་བདེ་ཞིང་སྐྱིད་པའི་ངང་ནས་འཚོ་བ་རོལ་ཞོར། ཁྱིམ་དུ་མེ་ཏོག་བཏབས་པས་སྡོད་ཁང་གི་ཁོར་ཡུག་ལོ་རེ་ནས་ལོ་རེར་ཇེ་ཡག་རེད”ཅེས་དངོས་གྲུབ་ཀྱིས་བཀྲ་ཤིས་པའི་སྨོན་ཚིག་སྒྲོག་བཞིན་མདུན་ནས་བསུས།

ལོ་བཞིའི་སྔོན་གྱི་དབྱར་དུས་སུ། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བ་ཡོངས་ལ་ལྗང་བསྒྱུར་བཟོ་འགོད་ལག་བསྟར་བྱས་པ་དང་། ཐོག་མར་སྡེ་བའི་གཞུང་ལམ་གྱི་གཡས་གཡོན་དང་བར་སྟོང་དུ་ལུས་པའི་ས་ཆ་ནས་འབྲོག་པའི་ཁྱིམ་ཚང་གི་ར་སྐོར་བར་འདེབས་འཛུགས་བྱས། དེང་སྐབས་སྡེ་བ་ཡོངས་ཀྱི་ལྗང་བསྒྱུར་རྒྱ་ཁྱོན་མུའུ་བཞི་བརྒྱ་ལྷག་ལ་བསླེབས།

དངོས་གྲུབ་བཟའ་ཟླ་གཉིས་ལ་མཚོན་ན་བུ་བུ་མོ་གཉིས་ཡོད་ལ་ད་ལྟ་ཆེ་བ་རྫོང་མི་རིགས་སློབ་འབྲིང་དང་གཅིག་སློབ་ཆུང་དུ་འགྲོ་བཞིན་ཡོད། རྒྱུན་དུ་བྱིས་པ་གཉིས་རྫོང་མཁར་དུ་སློབ་གྲྭར་སྐྱེལ་སྐབས་སུ། སྡེ་བའི་ནང་གི་བྱིས་པ་སློབ་གྲྭ་སྐྱེལ་མཁན་མེད་པ་དག་གི་བྱིས་པ་བཅུ་ཕྲག་རེ་རང་གི་རླངས་འཁོར་དུ་བཞག་སྟེ། ཁོ་ཚོར་རིན་མི་ལེན་པར་སློབ་གྲྭར་སྐྱེལ་རོགས་བྱས་ཏེ་ད་ལྟའི་བར་ལོ་ངོ་དྲུག་ལྷག་འགོར་སོང་།

རྒྱུན་དུ་རྫོང་མཁར་དུ་སོང་སྟེ་ཕྱིར་ལོག་ཐེངས་རེར་རྫོང་ཐོག་ནས་གོ་རེ་བག་ལེབ་དང་སྔོ་ཚོད་ཉུང་ཙམ་རེ་ཉོས་ཏེ་སྡེ་བའི་བགྲེས་སོང་རྒན་པ་དག་ལ་སྟེར་བ་དང་། ཁྱིམ་མཚེས་དང་སྡེ་བའི་ནང་གི་ཁྱིམ་ཚང་གིས་ཁང་མིག་གྱན་ཤར་འགའ་རེ་ལས་དགོས་བྱུང་ཚེ། ཁོ་བཟའ་ཟླ་གཉིས་ཀྱིས་གཞན་པའི་དཀའ་ཁག་རང་ཁྱིམ་གྱི་དོན་ཆེན་ཞིག་ཏུ་བརྩིས་ཏེ་རོགས་རམ་གང་ལེགས་བྱེད་པ་རེད།

དེ་ནས་བཟུང་། ཁོ་བཟའ་ཟླ་གཉིས་ཀྱི་སྤྱོད་བཟང་དེ་སྡེ་བ་ཡོངས་ཀྱི་མིག་དཔེར་བརྩིས་ཏེ། དོན་བཟང་སྒྲུབ་མཁན་གྱི་མི་ཇེ་མང་དུ་ཕྱིན་པ་དང་། 2014ལོར། ཁྲ་འགུ་སྡེ་བར་རྒྱལ་ཡོངས་དཔལ་ཡོན་སྡེ་བའི་མཚན་སྙན་ཐོབ། རྒྱལ་ཡོངས་དཔལ་ཡོན་སྡེ་བའི་མཚན་སྙན་འདིས་ཁྲ་འགུ་སྡེ་བར་སྔར་བས་འཆམ་མཐུན་དང་དཔལ་ཡོན་སྡེ་བ་འཛུགས་སྐྲུན་བྱེད་པར་ཆོད་སེམས་བརྟན་པོ་བཞག་པ་རེད།

སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་གྱི་ཏང་རྩ་འཛུགས་ལ་ཤུགས་བསྣན་ཏེ། དཔལ་ཡོན་སྡེ་བ་འཛུགས་སྐྲུན་བྱེད་པར་འཕྲོད་བསྟེན་ཞབས་ཞུ་སྡེ་བར་ཐོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སྡེ་བར་ཐོན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་སུ་འཇུག་པ་དང་། སྡེ་དམངས་ལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་མང་ཚོགས་རང་བཞིན་གྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་སྤེལ་ནས། སྡོང་འཛུགས་ནགས་བསྐྲུན་དང་ར་སྐོར་གཙང་སེལ། སྲང་ལམ་སྲ་བསྒྱུར་བཅས་ཀྱི་ལས་གཞི་ལག་བསྟར་བྱས་པས་དེང་སྐབས་སྡེ་བའི་ཕྱི་ནང་ལྟ་ན་སྡུག

བཅར་འདྲའི་ལམ་དུ“ང་ཚོས་ཆེས་མཐོ་བའི་གཟེངས་རྟགས་འདི་ཡིད་ལ་དམ་པོར་བཟུང་ནས། རྗེས་རབས་པ་རྣམས་ལ་སློབ་གསོ་ཡག་པོ་བཏང་ནས་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་བའི་མཚན་སྙན་སྲུང་འཛིན་བྱ་རྒྱུ་ཡིན”ཞེས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིས་དེ་ལྟར་སྡེ་དམངས་ཀྱི་སེམས་འདུན་མཚོན་པའི་ཚུལ་དུ་བཤད་བྱུང་།

དེ་མིན། ཁྲ་འགུ་སྡེ་བས་ཆེས་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་སྤེལ་བའི་རིང་ལ། སྡེ་བའི་ཕྱིའི་རྣམ་པ་དང་རིག་གནས་འཛུགས་སྐྲུན། དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཐད་ལ་དགའ་འོས་པའི་འགྱུར་ལྡོག་བྱུང་ཡོད། སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཐད་དུས་བརྒལ་རང་བཞིན་གྱི་འཕོ་འགྱུར་འབྱུང་ཆེད། ཁྱིམ་མཚེས་ཕན་ཚུན་བར་མཐུན་སྒྲིལ་དང་། རྒན་བཀུར་ཆུང་བྱམས། ཁོར་ཡུག་གཙང་སྦྲ་སོགས་ཀྱི་བྱ་འགུལ་མང་པོ་སྤེལ་བས་ཀུན་གྱི་དགའ་བསུ་ཐོབ།

ཁྲ་འགུ་སྡེ་བ་ནི་གྲོང་ཁྱེར་ཡོངས་ཀྱི་དཔལ་ཡོན་སྡེ་བ་ཡིན་པ་དང་། དངོས་གྲུབ་ཚང་ནི་དཔལ་ཡོན་ཚོད་ལྟའི་ཁྱིམ་ཚང་བཅུའི་ཁྲོད་ཀྱི་གཅིག་ཡིན་ལ། ད་ལོར་གྲོང་ཁྱེར་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་དཔེ་ལེགས་ཅན་དུ་བདམས་ཐོན་བྱུང་ཡོད། ཁོ་བཟའ་ཟླ་གཉིས་ཕན་ཚུན་ལ་བརྩེ་བ་ཟབ་པའི་ཁར་གཞུང་རྒྱུད་དྲང་ཞིང་ལྷག་བསམ་ཆེ་ལ། བརྩེ་བ་ཟབ་ཅིང་མཐུན་སྒྲིལ་བཟང་བའི་ཁར། ཏང་ལ་བློ་དཀར་ཞིང་ཏང་ལ་དྲིན་གཟོ་བ་ཞིག་ཡིན་པས། སྡེ་བ་ཡོངས་ཀྱི་མི་རྒན་གཞོན་ཀུན་ཀྱིས་ཁོ་བཟའ་ཟླ་གཉིས་ལ་ཡིད་སྨོན་དང་བསྔགས་བརྗོད་མི་གནང་མཁན་གཅིག་ཀྱང་མི་འདུག

ཕྱིར་ལོག་པའི་ལམ་བར་དུ་དངོས་གྲུབ་ཀྱིས་བཤད་རྒྱུར། ང་ཚོའི་ཕ་ཡུལ་ལ་ས་འགུལ་མ་བྱུང་སྔོན་ངེད་ཚང་ལ་ཁང་མིག་གྱན་གསུམ་ལས་མེད་པ་དང་། ཁང་པ་རྣམས་རྙིང་ནས་དབྱར་ཁར་ཐིག་ཆུས་འདུག་མི་བཟོད་པ་དང་། དགུན་ཁར་ཙག་དང་བསེར་བུས་གྲང་ནས་མི་བཟོད་པས་ངོ་མ་ཁྱིམ་ཚང་སྐྱོ་བོ་ཞིག་ཡིན། སྐྱི་གཡའ་བའི་ས་འགུལ་གྱི་འཇིགས་ཉེན་ཆེན་པོ་དེའི་རྗེས་སུ། སྐྱིད་པའི་དྲོད་འཁོལ་རང་བློར་ཤོང་དཀའ་ལ། མཛེས་པའི་གཞིས་ཀ་ལྟ་བའི་ཆོག་མི་ཤེས་པ་འདི་འདྲ་ཞིག་ཡོད་པ་ནི་ཏང་དང་རྒྱལ་ཁབ་དང་སྲིད་གཞུང་གི་བཀའ་དྲིན་ཡིན་ཞེས་གནག་ཅིང་སྣུམ་པའི་གདོང་ལ་འཛུམ་གྱིས་ཁེངས་བཞིན་བཤད་སོང་།

ཉི་མ་ནུབ་ཁའི་མཚམས་སྤྲིན་འོག ལྷུང་ལྷུང་བཞུར་བའི་དཔལ་ཐང་ཆུ་བོའི་འགྲམ་ན་ཁྲ་འགུ་སྡེ་བ་རུ་དགའ་སྐྱིད་ཀྱི་དགོད་སྒྲ་དང་དཔལ་ཡོན་གྱི་རྣམ་པས་ཁེངས་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།