འོས་འགན་དང་འགན་འཁྲི། འགན་ཁུར་བཅས་སེམས་སུ་བརྟན་པོར་བཅངས་ནས། གླེང་ཕྱོགས་ཀྱི་རྣམ་པ་བཟང་བོ་བསྐྲུན་དགོས།
2018.11.20 ཁུངས། ཀློག་གྲངས། 33

—ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སྤྱི་ཚོགས་ཚན་རིག་ལས་རིགས་ཁག་ཏུ་གྲགས་འགུལ་ཆེན་པོ་བྱུང་།

ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ནས་བཅུ་གསུམ་ཉིན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་དང་དངོས་འབེབ་གཏིང་ཟབ་བྱས་པ་དང་། རང་འགུལ་སྒོས་འགན་འཁྲི་དང་འགན་ཁུར་དང་ལེན་བྱེད་དགོས་པ་ནན་གྱིས་བསྟན། རྩ་བའི་ཐོག་ནས་བསྒྱུར་བཅོས་བྱེད་པ་དང་དྲང་བདེན་གྱི་སྒོ་ནས་གསར་སྐྲུན་བྱས་ཏེ། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བསམ་པའི་ཁག་ཐེག་དང་བསམ་པའི་སྟོབས་ཤུགས་འདོན་སྤྲོད་བྱས། ཚོགས་འདུ་བསྡུས་རྗེས། རང་ཞིང་གི་སྤྱི་ཚོགས་ཚན་རིག་ལས་རིགས་ཁག་ཏུ་གྲགས་འགུལ་ཆེན་པོ་བྱུང་བ་དང་། ཚང་མར་ཐུན་མོང་གི་ལྟ་ཚུལ་བྱུང་བ་ལྟར་ན། ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སྔར་ལས་ལག་ལེན་དངོས་འབེབ་བཟང་བོ་བྱས་ཏེ། འོས་འགན་དང་འགན་འཁྲི། འགན་ཁུར་བཅས་སེམས་སུ་བརྟན་པོར་བཅངས་ནས། སྤྱི་ཚོགས་ཚན་རིག་གི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འབུལ་དགོས།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོ་ཁྲིན་བཱེ་ཡིས་བཤད་རྒྱུར། ཧྲུའུ་ཅི་བཱང་ཅན་ཅོན་གྱི་གཏམ་བཤད་ཀྱིས་ང་ཚོར་ཇི་ལྟར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བར་ཕྱོགས་ཡོངས་ནས་རྩིས་བཤེར་དང་ཕྱོགས་བསྡུས་གསལ་འགྲེལ། རྩེ་གྲས་འཆར་འགོད་བཅས་བྱས་པ་དང་། ཁྱད་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཚན་ཉིད་རིག་པའི་བསམ་གཞིགས་ཀྱི་མཐོ་ཚད་ནས་དྲིལ་སྒྲོག་བསམ་བློའི་བྱ་བ་ངེས་པར་དུ་དུས་ཚོད་དང་མྱུར་ཚད། ཕན་འབྲས་གསུམ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ་དེས་ང་རང་ལ་བློ་བསྐྱེད་ཆེན་པོ་བྱུང་། རྗེས་ཕྱོགས་སྤྱི་ཚོགས་ཚན་རིག་གི་བྱ་བའི་ཁྲོད་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམིགས་ནས། ཧུར་ཐག་གིས་བསམ་བློའི་རིག་མཛོད་དང་བློ་འདོན་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཟོང་རྟགས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་གསར་སྐྲུན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཞིང་ཆེན་ཏང་ཨུའི་ཇུས་ཆོད་ལ་གཞུང་ལུགས་ཀྱི་འདེགས་སྐྱོར་སྤུས་དག་འདོན་སྤྲོད་བྱེད་པ་དང་། གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་རྒྱུ་ཡིན་ཟེར།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོ་གཞོན་པ་སུང་ཧྥ་ཕིན་གྱིས་བཤད་རྒྱུར། སྤྱི་ཚོགས་ཚན་རིག་གཞུང་ལུགས་ཀྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་པ་ལག་ལེན་མཐའ་འཁྱོལ་བྱེད་དགོས་ཏེ། གཅིག་ནས་སྤྱི་ཚོགས་ཚན་རིག་གླིང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་བྱེད་པའི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་བྱས་རྗེས་འཇོག་དགོས། གཉིས་ནས་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་གཙོ་བོའི་བྱེད་ནུས་འདོན་སྤེལ་ལེགས་པོ་བྱས་ཏེ། “སྨྲ་བ་གཉིས”ཀྱི་གཏམ་བརྗོད་དབང་ཆ་དམ་འཛིན་བྱས་ནས། སྤྱི་ཚོགས་བསམ་བློའི་རླབས་རྒྱུན་ཡང་དག་པའི་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་བྱེད་དགོས། གསུམ་ནས་བསམ་བློའི་རིགས་མཛོད་དང་བློ་འདོན་ཚོགས་པའི་བྱེད་ནུས་ལེགས་པར་འདོན་པ་དང་། “ཤུགས་བཞི”ཇེ་དྲག་ཏུ་བཏང་ནས། མཚོ་སྔོན་གྱི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་ཐད་རྩ་བའི་རིགས་པ་དང་རིག་སྟོབས་ཀྱིས་རྒྱབ་སྐྱོར་བྱེད་དགོས་ཟེར།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་རིག་གནས་ལོ་རྒྱུས་ཁང་གི་ཀྲང་ཧྲིན་ཡན་གྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་བསྡུས་པ་དེ་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པ་དང་འཁེལ་ཡོད། ལོ་ངོ་བཞི་བཅུའི་རིང་། ཞིང་ཆེན་ཡོངས་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་འཐབ་ཕྱོགས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོག ཞིབ་འཇུག་གི་ཁྱབ་ཁོངས་མང་པོ་རུ་ཕུལ་བྱུང་གི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་སྐོར་ཞིག་བླངས་པ་དང་། ཞིང་ཆེན་ཡོངས་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ལས་དོན་འཕེལ་རྒྱས་ཀྱི་ཐད་ཧུར་ཐག་གིས་བྱས་རྗེས་བཞག ད་ལྟ། དུས་རབས་གསར་བར་གནས་ཡོད་པས། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་དངོས་གནས“ལྔ་བཞིའི་འཐབ་ཇུས”དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་གཏིང་ཟབ་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རང་ཉིད་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་རིག་གནས་ལོ་རྒྱུས་ཁང་གི་ཧུའུ་ཧྥང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་རིག་མཛོད་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་པ་མ་ཟད། རིག་མཛོད་ཞིབ་འཇུག་བློ་འདྲིའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་མ་འོངས་པར་ཁྱད་ལྡན་རིག་གཞུང་ཚན་ཁག་གི་ཁྱད་སྟོབས་ལ་དམིགས་ནས། ཞིང་ཆེན་ཕྱི་ནང་དང་གླིང་ཁུལ་ཕྱི་ནང་གི་ཞིབ་འཇུག་ནུས་པ་བསྡུ་ལེན་གང་ལེགས་བྱས་ཏེ། རྩེ་གྲས་རིག་མཛོད་སྟེགས་བུ་བཙུགས་ནས། ཆེད་ལས་ཅན་དང་རྒྱུད་རིམ་ཅན་གྱི་རྩེ་གྲས་རིག་མཛོད་སྙན་ཞུ་སེམས་ཞིབ་མོས་གསར་འཛུགས་བྱས་ཏེ། རིག་མཛོད་ཀྱི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་བཏང་ནས། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་དང་ནུས་ཤུགས་འབུལ་དགོས་ཟེར།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་སྲིད་ཁྲིམས་ཞིབ་འཇུག་ཁང་གི་ཚོས་ཡའོ་ཕིན་གྱིས་བཤད་རྒྱུར། ཧྲུའུ་ཅི་བཱང་ཅན་ཅོན་གྱི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་སྟེང་གི་གཏམ་བཤད་ཀྱིས་དུས་རབས་གསར་བའི་མཚོ་སྔོན་གསར་བའི་དྲིལ་སྒྲོག་བསམ་བློ་བྱ་བར་ཐད་འཆར་འགོད་དང་བཀོད་སྒྲིག་བཟང་བོ་བྱས་ཡོད་པ་དང་། ཁ་ཕྱོགས་གསར་བར་རྐང་འཛུགས་པ་རྒྱབ་ལྗོངས་བྱས་ཏེ། གནས་བབ་གསར་བ་ཁོང་དུ་ཆུད་པ་སྔོན་འགྲོ་བྱེད་པ་དང་། གནས་ཚད་གསར་བ་དམ་པོར་འཛིན་པ་ཕྱོགས་སྟོན་བྱེད་པ། འགན་འཁྲི་གསར་བ་གཅིག་བསྡུས་བྱེད་པ་བརྗོད་གཞི་བྱེད་པ། དུས་རབས་གསར་པའི་མཛད་འཕྲིན་སྐྱོང་བ་ནི་དམིགས་ཡུལ་ཡིན་ལ། དེ་གཉི་ཀ་མཐུན་སྦྱོར་གཅིག་གྱུར་དང་དམ་འབྲེལ་འབྲལ་མེད་ཡིན་པ་ནི་མཚོ་སྔོན་གྱི་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་པོར་བསྒྲུབ་པའི་གནད་འགག་ཡིན་ལ། མཚོ་སྔོན་གྱི་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་བོར་བསྒྲུབ་པའི་ཕྱོགས་སྟོན་དངོས་ཀྱང་ཡིན་ཟེར།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་སྤྱི་ཚོགས་རིག་པའི་གླིང་གི་ཞིབ་འཇུག་རམ་འདེགས་མི་སྣ་བསོད་ནམས་ནོར་བུ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་བསམ་བློ་བྱ་བའི་དགོངས་དོན་གལ་ཆེན་གྱི་སྐོར་ནི་སྤྱི་ཚོགས་ཚན་རིག་བྱ་བ་སྒྲུབ་མཁན་གྱིས་ཚན་རིག་ཞིབ་འཇུག་བྱ་བ་སྤེལ་བའི་ལག་ལེན་བྱ་འགུལ་གྱི་བྱ་སྤྱོད་ཕྱོགས་སྟོན་ཡིན། རྗེས་ཕྱོགས་བསམ་བློའི་སྟེང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གི་ཕུགས་འདུན་དད་སེམས་སྲ་བརྟན་དུ་བཏང་ནས། ཞུམ་པ་མེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། བྱ་སྤྱོད་སྟེང་ནས་ཚན་རིག་ཞིབ་འཇུག་གི་བསམ་བློ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། དྲང་བདེན་གྱི་ཁྲོད་དུ་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་ཕོད་པ། སྦྱོང་བརྡར་དང་དུས་རབས་ཕན་ཚུན་མཐུན་པ་ཡོང་བའི་བྱ་སྤྱོད་ཀྱིས་ནང་དོན་ལྡན་ཞིང་རྣམ་པ་གསར་བ། མང་ཚོགས་དང་འབྲེལ་འདྲིས་ཀྱིས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བསྐྲུན་དགོས་ཟེར།

ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་གཞོན་པ་ཞའོ་ལིས་ཀྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་གོ་ཆ་བགོས་ཏེ། རྒྱུན་ཆད་མེད་པར་ཚན་རིག་ཞིབ་འཇུག་དོ་དམ་གྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པ་དང་། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་ཁ་ཕྱོགས་ཡང་དག་དང་ཕན་མཐོའི་སྒྲིག་གཞི། སྤྱོད་བཟང་གཞུང་དྲང་གི་རིག་གཞུང་ཁོར་ཡུག་བཅས་འགན་སྲུང་བྱས་ཏེ། གསར་སྐྲུན་གྱི་ནུས་ཤུགས་ལ་སྔར་ལས་སྐུལ་སྤེལ་བྱེད་དགོས། དུས་རབས་གསར་བའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་ཐད་འབད་བརྩོན་བྱེད་པ་ཁ་ཕྱོགས་གཙོ་བོར་བཟུང་ནས། ཕྱོགས་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན། སྔ་བལྟས་རང་བཞིན་གྱི་གནད་དོན་ཆེན་པོ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོ། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་བཞིན་པའི་གནད་དོན་བཅས་ཞིབ་འཇུག་གི་གཙོ་གནད་དུ་བཟུང་སྟེ། བརྟག་དཔྱད་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་བྱས་ནས། དངོས་སྒྲུབ་དངོས་གཉེར་གྱི་སྨྲ་བརྗོད་ལ་གསལ་འདེབས་བྱེད་པ་དང་། ཐབས་བཀོད་ལེགས་པོ་མང་དུ་འདོན་པ། ལག་ལེན་བྱེད་ཕོད་པ་དང་། མི་དམངས་དང་ལོ་རྒྱུས་ཀྱིས་བརྡར་བཅད་ཐོབ་པའི་གྲུབ་འབྲས་མང་དུ་འདོན་དགོས་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།