ཧེ་ཡན་རྫོང་གིས་མཐོ་སྒང་གི་དེང་རབས་འཁོར་སྐྱོད་ཕྱུགས་ལས་ཀྱི་སྟོབས་ལྡན་རྫོང་བསྐྲུན་པ།
2019.01.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 33

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་ཞིང་། དེང་རབས་ཞིང་ཕྱུགས་ལས་རིགས་ཕྱོགས་སྟོན་དུ་བཟུང་ལ། སྐྱེ་ཁམས་བསྒྱུར་བཀོད་དང་ཕྱུགས་རྒྱུད་ལེགས་བསྒྱུར། རྩྭ་ཕྱུགས་མཉམ་སྒུལ། ཁྱད་ཆོས་ལྡན་པའི་སྣེ་ཁྲིད་དང་ནུས་ལྡན་སྒོས་མགོ་འདྲེན་བྱེད་པ། ལས་སྣོན་གཞན་བསྒྱུར་བྱེད་པ་དང་རིམ་སྤར་ཚད་ལྡན་གཏོང་བ། ཆས་རྟགས་བསྐྲུན་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ། ལས་སྟེགས་འགན་སྲུང་བྱེད་པ་བཅས“བཟོ་འགོད་ཆེན་པོ་བཅུ”འཛིན་ལུང་དུ་བསྟེན་ནས། རང་འགུལ་གྱིས་མཚོ་སྐོར་ཞིང་ཕྱུགས་བསྣོལ་མར་འཁོར་སྐྱོད་དང་འཕེལ་རྒྱས་སུ་གཏོང་བའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་ནང་མཉམ་འདྲེས་བྱས།

2017ལོར་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི་གཉིས་དང་འབུམ་གཅིག་ས་ཡ་དགུ་བྱེ་བ་དགུ་དུང་ཕྱུར་གཅིག་ཡིན་ལ་རོང་འབྲོག་པ་མི་རེར་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་སྒོ་སྒོར་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱ་དང་དོན་ལྔ་ཡིན་པ་དང་། ཐོན་ལས་དང་པོའི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་གཅིག་དང་གྲངས་ཆུང་དགུ་ལྔ་ལྷག་ཡིན་ལ། དེས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང(GDP)ལས་བརྒྱ་ཆའི་བཅུ་དང་གྲངས་ཆུང་བརྒྱད་ལྔ་ཟིན་ཡོད། ཉེ་བའི་ལོ་འགར། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི་ལྔ་འཕར་བ་མངོན་འགྱུར་བྱུང་ཞིང་། རོང་འབྲོག་ཁུལ་གྱི་སྡོད་དམངས་ཀྱི་མི་རེས་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས་འཕར་ཚད་བརྒྱ་ཆའི་དགུ་ལ་སླེབས། ཞིང་ཕྱུགས་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པའི་ཐད་ལ་ཡར་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད།

མིག་སྔར། རྫོང་ཡོངས་ཀྱིས་ཐོན་ལས་མཉམ་འདྲེས་བྱེད་པ་དང་ལྗང་མདོག་འཁོར་སྐྱོད་ཀྱི་ཁྱད་ཆོས་གཞིར་བཟུང་ཞིང་། སྐྱེ་ཁམས་བཅོས་སྐྱོང་ལ་དམིགས་ཏེ། མཚོ་སྔོན་ཧོན་ཡིའུ་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཕྱུགས་བྱའི་བྲུན་ལུད་རྒྱུ་ཆ་བྱས་ཏེ་སྐྱེ་ལྡན་ལུད་རྫས་ལས་སྣོན་བྱེད་པའི་ཁེ་ལས་གཉིས་ལ་བརྟེན་ནས།“བྲུན་ལུད་བསྡུ་གསོག་དང་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད། འདེབས་འཛུགས་ལས་རིགས་བེད་སྤྱོད”ཀྱི་འཁོར་སྐྱོད་ཕུང་ཆེན་ཞིག་གྲུབ་ཡོད་པ་རེད།

རྫོང་ཡོངས་ཀྱིས་ཕྱོགས་ཡོངས་ནས་ཚན་རྩལ་གྱི་འདེགས་སྐྱོར་ཆུ་ཚད་དང་ཁྱད་ཆོས་ལྡན་པའི་འདེབས་འཛུགས་དང་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། “ས་བོན་བཟོ་སྐྲུན”ལག་བསྟར་བྱས།

ནོར་གནག་དང་འབྲོག་ལུག བལ་རྒྱུ་ཅུང་འཇམ་པའི་ལུག སྐེ་ཚེ་དང་ནས་བཅས་རྒྱུད་བཟང་སོན་བཟང་འདེབས་གསོའི་རྟེན་གཞི་ལྔ་འཛུགས་སྐྲུན་བྱས་པ་དང་། འབྲོག་ལུག་གིས་ལོ་གཉིས་ནང་དུ་ལུ་གུ་ཐེངས་གསུམ་རྩེབས་པ། ལུ་གུར་སྔ་མོ་ནས་འོ་མ་གཅོད་པ་དང་ནོར་རྒྱུད་སླར་གསོ་ལག་རྩལ་སོགས་རྒྱ་ཁྱབ་ཀྱིས་བེད་སྤྱོད་བཏང་སྟེ། རྫོང་ཡོངས་ཀྱི་ཕྱུགས་ཟོག་རྒྱུད་བཟང་ཅན་བརྒྱ་ཆའི་བདུན་བཅུ་ལ་མཐོར་འདེགས་བྱས་པ་དང་། ཞིང་ལས་ལོ་ཏོག་སོན་བཟང་ཅན་བརྒྱ་ཆའི་གོ་བརྒྱད་ལ་མཐོར་འདེགས་བྱས། སྤྱིར་བཏང་གི་ཁྱིམ་ཚང་དང་བསྡུར་ན་འབྲོག་ལུག་ལ་ལོ་གཉིས་ནང་དུ་ལུ་གུ་ཐེངས་རྩེབས་པའི་དཔེ་སྟོན་ཁྱིམ་ཚང་གི་ཡོང་སྒོ་འཕར་ཚད་དེ་བརྒྱ་ཆའི་དྲུག་བཅུ་ཡན་ལ་སླེབས་པ་དང་། འབྲི་མོར་ལོ་རེར་མངལ་ཐེངས་གཅིག་རེ་འཁོར་ཏེ་བེའུ་བཙས་པའི་ཚད་བརྒྱ་ཆའི་བརྒྱད་ཅུ་ལ་སླེབས་པ་རེད།
     རྫོང་ཞིང་ཕྱུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲི་ཝུན་ཅུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཝ་མགྱོགས་དང་མཚོ་སྔོན་པོ།ཧར་ཅིན་བཅས་ཕྱུགས་ལས་གཉེར་བའི་ཞང་དང་གྲོང་རྡལ་གསུམ་གྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་རྒྱུད་ཐོག་མར་གྲུབ་ཅིང་།རྫོང་ཡོངས་སུ“ཞང་བཞི་དང་གྲོང་རྡལ་གཉིས”ལ་ཁེབས་ཡོད། ད་དུང་གསེར་ཐང་དང་ཟུར་གསུམ་གྲོང་རྡལ་ཏེ་ཞིང་ལས་གཉེར་བའི་ཞང་དང་གྲོང་རྡལ་གཉིས་གཙོ་བྱེད་པའི་ཞིང་ཕྱུགས་འཁོར་སྐྱོད་འཕེལ་རྒྱས་དཔེ་སྟོན་རྒྱུད་ཆགས་པ་རེད། དེང་ཕྱིན་རྫོང་ཡོངས་ཀྱིས་ས་ཁོངས་གཅིག་བསྡུས་འཆར་འགོད་ལྟར་ཕྱུགས་བྱ་གསོ་སྤེལ་ར་བ་དང་སྐྱེ་ལྡན་ལུད་རྫས་ལས་སྣོན། གསོ་སྤེལ་གྱི་བེད་མེད་དངོས་རོ་བསྡུ་གསོག་དང་གཙང་བཟོ་སོགས་ཀྱི་ཞབས་འདེགས་ཆ་ཚང་མཁོ་སྤྲོད་བྱེད་པ་དང་། ཁྱོན་ཡོངས་ནས་སྐྱེ་ཁམས་འཁོར་སྐྱོད་ཀྱི་ཞིང་ལས་མ་ལག་འཛུགས་སྐྲུན་བྱས་ཏེ། ཕྱུགས་ལས་ངེས་པ་དོན་གྱིས་སྐྱེ་ཁམས་ཞིང་ལས་འཁོར་སྐྱོད་ཆེན་པོའི་ནང་དུ་མཉམ་འདྲེས་བྱེད་པ་དང་། ཕྱོགས་ཡོངས་ནས་ཕྱུགས་ལས་གཞི་ཁྱོན་ཅན་དང་སྐྱེ་ཁམས་ཅན། ཚད་ལྡན་ཅན། ཐོན་ལས་ཅན་བཅས་སུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད། 

                                                                                                                          རྩོམ་སྒྲིག་པ། སྐར་མ་མཚོ།