ལིག་བུན་ཡུན་གྱིས་ལས་གྲོགས་དང་ལྷན་དུ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་རྒྱུས་ལོན་བྱེད་བཞིན་པ།
“ལོ་ངོ་བཞི་བཅུའི་རིང་། གོམ་པ་ཁྱར་ཁྱོར་སློབ་པའི་བྱིས་ཞིག་མེས་རྒྱལ་གྱི་རྐང་འཛིན་མི་སྣར་གྱུར་སྲིད་ལ། ཆལ་ཆིལ་དུ་འབབ་པའི་གཙང་བོ་དེའང་མཐའ་ཡས་པའི་ཐང་ཆེན་དུ་བཞུར་སྲིད་ངེས། འདས་ཟིན་པའི་ལོ་ངོ་བཞི་བཅུའི་རིང་། ངས་མེས་རྒྱལ་དབུལ་ཕོངས་ནས་འབྱོར་ཕྱུག་ཏུ་བསྐྱོད་པ་དང་། རྗེས་ལུས་ནས་སྔོན་ཐོན་དུ་བསྐྱོད་པ། བཀག་སྡོམ་ནས་སྒོ་འབྱེད་ཀྱི་བརྒྱུད་རིམ་ཡོངས་ལ་བདེན་དཔང་བྱེད་ཐུབ་ངེས”
ལོ་ངོ་བཞི་བཅུ་འདི་གླེང་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་གི་འགོ་གཙོ་ལིག་བུན་ཡུན་ལ་ཚོར་སྣང་ཟབ་མོ་ཡོད། ཁྱད་པར་དུ་མོའི་ཕ་ཡུལ་གཉིས་པ་སྟེ་ཡུལ་ཤུལ་ལ་མྱོང་ཚོར་དང་ཕུགས་འདུན་མང་པོ་ཡོད།
1994ལོར། ལིག་བུན་ཡུན་ཡུལ་ཤུལ་ཁུལ་རིག་གནས་ཁང་དུ་ཡོང་ནས་བྱ་བ་སྒྲུབ། རྒྱ་རིགས་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ལིག་བུན་ཡུན་གྱིས་བོད་སྐད་རང་སྦྱོང་བྱས་པ་མ་ཟད། རང་ཉིད་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་ཡུལ་ཤུལ་གྱི་རིག་གནས་དང་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་མགོ་བརྩམས། “སྐབས་དེར། ཡུལ་ཤུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་། བྱ་བ་དང་འཚོ་བར་སྟབས་མི་བདེ་ས་མང་པོ་ཡོད། ཐེངས་ཤིག་ལ་ཟི་ལིང་དུ་ནད་ལ་སྟོན་དུ་འགྲོ་དགོས་བྱུང་བས། ང་རང་ཉིན་ཞག་བཞི་ལ་སོང་བ་ཡིན། སྐབས་དེར་འགྲུལ་སྐྱེལ་རླངས་འཁོར་མེད་པ་དང་། ཉིན་འགའ་རླངས་འཁོར་བཙལ་བས་ལྗིད་ཐེག་རླངས་འཁོར་ཞིག་ལ་བསྡད་དེ་སོང་། ཉལ་ཐུལ་སོགས་ཀྱིས་བཏུམ་རྗེས་རླངས་འཁོར་གྱི་ཨོང་སྒམ་ནང་དུ་བསྡད་དེ་ཟི་ལིང་དུ་སོང་བ་ཡིན། ད་ལྟར་ཕྱིར་དྲན་ཞིག་བྱས་ན་དངོས་གནས་དཀའ་སྡུག་ཆེ་བ་ཞིག་རེད”ཅེས་ལིག་བུན་ཡུན་དགོད་ཞོར་དེ་ལྟར་བཤད།
དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་མུ་མཐུད་དུ་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། སྲིད་གཞུང་དང་དམངས་ཁྲོད་ཀྱི་མི་ཚང་མས་མིག་རྒྱང་རིག་གནས་ལས་དོན་གྱི་ཐད་བསྐྱེད། ལིག་བུན་ཡུན་དང་ལས་གྲོགས་རྣམས་ཀྱིས་རིག་གནས་ཁང་དུ་སྲོལ་རྒྱུན་རིག་གནས་འཚོལ་སྡུད་དང་ལེགས་སྒྲིག ཡུལ་ཤུལ་གྱི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་བྱེད་མགོ་བརྩམས་པ་དང་། ཡུལ་ཤུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་ཁྱབ་བཤེར་དང་དྲིལ་སྒྲོག་སོགས་ཀྱི་བྱ་འགུལ་སྤེལ།
ལིག་བུན་ཡུན་དུས་རྒྱུན་ལས་གྲོགས་ཚོ་དང་ལྷན་དུ་གཞི་རིམ་དུ་སོང་ནས་རྒྱུ་ཆ་འཚོལ་སྡུད་དང་ལམ་བྲོ་ཁུར་བ། གང་ས་གང་དུ་འགྲོ་དགོས་ལ་སྐབས་རེར་རས་གུར་དུའང་འདུག་དགོས་པས། ཟ་མ་ཚ་པོ་ཟ་མི་ཐུབ་པ་དང་། དུས་རྒྱུན་ད་དུང་རྟར་ཞོན་ནས་ལམ་ཐག་རིང་བོར་བསྐྱོད་དགོས།
ཐེངས་ཤིག་ལ་སྲོལ་རྒྱུན་གྱི་འཛུགས་སྐྲུན་ལ་རྒྱུས་ལོན་བྱེད་དགོས་པས། འབྲོག་པ་ཁྱིམ་ཚང་ཞིག་ཏུ་སོང་བ་དང་། འབྲོག་པའི་ཁང་བ་ལས་པའི་སྐབས་དང་འཁེལ་བས། དབྱར་ཁ་རས་གུར་དུ་བསྡད་ཡོད་ལ། དགུན་ཁར་ས་ཁང་དུ་འདུག་པའི་རྣམ་པ་རྙིང་བ་བསྒྱུར་ཆེད། “ང་ཚོས་མཉམ་དུ་ཕུ་ཐུང་ཡར་ལ་བརྫེས་ཏེ། འབྲོག་པ་རྣམས་དང་མཉམ་དུ་གདུང་མ་འཇོག་པ་དང་སོ་ཕག་བརྩིག་པ། འདམ་བག་བརྫི་བ་བཅས་ཀྱི་ལས་ཀ་ལས་པས། འགུལ་སྐྱོད་ལ་བརྟེན་ནས་འཛུགས་སྐྲུན་རིག་གནས་ཀྱི་ཞིབ་ཆར་རྒྱུས་ལོན་བྱས་པ་ཡིན”ཅེས་ལིག་བུན་ཡུན་གྱིས་དེ་ལྟར་བཤད།
དེ་ལྟར་ལིག་བུན་ཡུན་དང་ལས་གྲོགས་རྣམས་དེའི་ཁྲོད་ཟབ་ཞུགས་བྱས་ཏེ། གཅིག་ནས་འཚོ་བ་རོལ་མྱོང་དང་ཕྱོགས་གཅིག་ནས་རིག་གནས་ལ་རྒྱུས་ལོན་བྱས་པ་མ་ཟད། ལས་ཀའི་བརྒྱུད་རིམ་དེ་དག་ཟིན་ཐོར་བཀོད། “འབྲོག་པའི་ཁང་བ་ཧ་ཅང་ཁྱད་ཆོས་ཡོད་ལ། རང་ཉིད་ཀྱིས་ས་གྱོ་ལས་པ་དང་། སྤོར་ཤིང་ཁང་སྟེང་དུ་འཇོག་པ། སྒེའུ་ཁུང་ཉུང་བས་དྲོད་སྲུང་བ་དང་། འོག་ཏུ་ད་དུང་ཕྱུགས་ཁང་ཡོད་པས། ཡུལ་ཤུལ་གྱི་སྲོལ་རྒྱུན་རིག་གནས་ཚང་མ་འདུས་ཡོད་ལ། ཆ་རྐྱེན་ལ་ཚད་བཀག་ཡོད་པས་ང་ཚོས་སྨྱུ་གུ་ཡིས་རེ་རེ་བཞིན་བྲིས་པ་ཡིན་ལ། འབྲོག་པའི་ཁྱིམ་དུ་ཉིན་འགར་སྡོད་པ་ཡང་དུས་རྒྱུན་གྱི་བྱ་བར་གྱུར་ཡོད། ”
ཆ་རྐྱེན་ལ་ཚད་བཀག་དང་དཀའ་ཁག་ཇི་འདྲ་ཆེ་རུང་། ལིག་བུན་ཡུན་གྱིས་རིག་གནས་ལས་དོན་འདི་ལ་བཅངས་བའི་སྤྲོ་སེམས་ལ་འགྱུར་བ་མེད་དེ། ལས་ཀ་སྒྲུབ་པའི་བརྩོན་པ་སྔར་ལས་ཆེ། རྒྱུ་མཚན་ནི་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རིག་གནས་ཟིན་ཐོ་འགོད་པ་ནི་མེས་རྒྱལ་འཕོ་འགྱུར་ཁྲོད་ཆད་མི་རུང་བའི་ཐོ་འགོད་ཞིག་རེད།
དེ་སྔོན་ལས་ཁུངས་ལ་པར་ཆས་གཅིག་ཡོད་པ་དང་། བྱིས་པ་གཉོར་སྐྱོང་བྱེད་པ་ནང་བཞིན་སྲུང་སྐྱོབ་བྱེད་བཞིན་ཡོད་ལ། ཆག་སྐྱོན་འབྱུང་བ་དང་བོར་སྟོར་འབྱུང་བར་སྐྲག་བཞིན་ཡོད། སྤྱིར་བཏང་པར་ཆས་མི་བཀོལ་ལ། འཚོལ་སྡུད་བྱས་པའི་རྒྱུ་ཆ་ངེས་པར་དུ་འབྲི་དགོས། ད་ལྟ་གློག་ཀླད་དང་པར་ཆས། བརྙན་ཕབ་འཕྲུལ་ཆས། སྒྲ་ལེན་འཕྲུལ་ཆས་སོགས་སྣ་འཛོམས་པོ་ཡོད།
ཟིན་ཐོ་འགོད་པར་སྟབས་བདེ་ལ་མགྱོགས་པ་རེད། དངོས་པོའི་རྨང་གཞི་ཇེ་མཐོར་སོང་བས་ཁོ་ཚོར་སྒུལ་ཤུགས་དང་ཡིད་ཆེས་ཇེ་མཐོར་སོང་ཡོད།
རིག་གནས་རྒྱུད་འཛིན་རྟེན་གཞི་ཡིན་པའི་ཆ་ནས། ལིག་བུན་ཡུན་དང་ཁོའི་ལས་གྲོགས་རྣམས་ཀྱིས་ཡུལ་ཤུལ་ས་གནས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་དང་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པའི་རྒྱུ་ཆ། སྲོལ་རྒྱུན་ཡིག་རིས་དང་དཔེ་ཆ་མང་པོ་འཚོལ་སྡུད་དང་ལེགས་སྒྲིག་བྱས་པ་མ་ཟད། གཟུགས་འདས་རིག་གནས་ཤུལ་བཞག་དེ་དག་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་ཟུང་འབྲེལ་བྱས་ཏེ། རྡོ་བརྐོས་དང་ཤིང་བརྐོས། དངུལ་ཆས་སོགས་ལག་ཤེས་དྲན་རྟེན་ལས།
ལོ་ངོ་བཅུ་ཕྲག་འགའི་དུས་ཚོད་ནང་། ལིག་བུན་ཡུན་དང་ལས་གྲོགས་རྣམས་ཀྱིས་མཉམ་དུ《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་ལོ་རྒྱུས》བྲིས་པ་མ་ཟད། 《ཀྲུང་གོའི་མང་ཚོགས་སྒྱུ་རྩལ་ཁང་གི་ལོ་རྒྱུས》ཀྱི་གྲས་སུ་ཚུད། གཟུགས་འདས་རིག་གནས་དཔེ་ཚོགས《ཁམས་པའི་རྒྱན་གོས་ལས་ཡུལ་ཤུལ་གྱི་རྒྱན་གོས》སོགས་ལེགས་སྒྲིག་དང་རྩོམ་སྒྲིག་བྱས་པ་དང་། ཡུལ་ཤུལ་གྱི་རིག་གནས་ལས་དོན་ཐད་རང་ཉིད་ཀྱི་ནུས་ཤུགས་འབུལ་བཞིན་ཡོད།
ལིག་བུན་ཡུན་གྱིས་བཤད་རྒྱུར། ལོ་ངོ་བཞི་བཅུའི་རིང་། ཡུལ་ཤུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འགྲིམ་འགྲུལ་སྟབས་བདེ་བ་དང་དམངས་ཚིས་ལེགས་བཅོས་བྱུང་ཡོད། འོན་ཀྱང་། རིག་གནས་ལ་གདེང་འཇོག་བྱེད་ཚད་ལ་འགྱུར་ལྡོག་བྱུང་མེད། རྒྱུ་མཚན་ནི་སྲོལ་རྒྱུན་གྱི་རིག་གནས་འདི་དག་གིས་དུས་རབས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་མཚོན་བཞིན་ཡོད་པ་མ་ཟད། རེ་བ་དང་དུ་བླངས་ཡོད་ཟེར།
ལིག་བུན་ཡུན་གྱིས་བཤད་རྒྱུར། ངས་དུས་རྒྱུན་ཉེ་འགྲམ་གྱི་མི་རྣམས་ལ་དེང་སྐབས་ཀྱི་འཚོ་བ་དེ་ལོ་ངོ་བཞི་བཅུའི་ཡར་སྔོན་དུ་སེམས་སུ་ཡང་ཤར་མི་ཐུབ། ཏང་དང་མེས་རྒྱས་ཀྱིས་ད་ལྟའི་འཚོ་བ་འདི་འདྲ་ང་ཚོ་གནང་བས། ཐོབ་དཀའ་བའི་ད་ལྟའི་འཚོ་བ་འདི་ལ་གཅེས་འཛིན་བྱེད་དགོས་པ་དང་། རྒན་རབས་པ་རྣམས་ཀྱིས་བཞག་པའི་སྲོལ་རྒྱུན་ལ་དེ་ལས་ཀྱང་གཅེས་འཛིན་བྱས་ཏེ། ནན་ཏན་སྒོས་མེས་རྒྱལ་གྱི་དྲིན་ལན་འཇལ་དགོས་པ་དང་། ང་ཚོས་བྱ་བ་ཞིབ་ཚགས་དང་བཟང་བོ་སྒྲུབ་ནས། གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཞེས་བཤད་བཞིན་ཡོད་ཟེར།
མེས་རྒྱལ་གྱི་འགྱུར་ལྡོག་ཏེ་མཛེས་སྡུག་ལྡན་པའི་སྣུམ་ཚོན་རི་མོ་ཞིག་ཡིན་ཚེ། རིག་གནས་ཀྱི་རྒྱུན་འཛིན་དང་ཟིན་ཐོ་ནི་སྣུམ་ཚོན་རི་མོ་དེའི་སྟེང་ཡང་བསྐྱར་ཁ་དོག་སྣ་ཚོགས་བྲིས་པ་དང་མཚུངས་ལ། ལིག་བུན་ཡུན་གྱིས་ཀྱང་རང་ཉིད་ཀྱི་སྤྲོ་སེམས་ཡོད་ཚད་གནས་དེར་ཕུལ་བ་རེད།
ལིག་བུན་ཡུན་ལྟ་བུའི་རང་ཉིད་དངོས་སུ་བྱ་བའི་ཁྲོད་ཞུགས་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་བྱ་བ་རོལ་མྱོང་བྱས་མྱོང་མཁན་ད་དུང་མང་པོ་ཡོད། ཁོ་ཚོས་རང་ཉིད་ཀྱི་ལང་ཚོ་དང་བློ་གྲོས་ས་གཞི་འདིར་ཕུལ་བ་ཡིན་ལ། རིག་གནས་ཀྱི་ཟིན་ཐོ་དེ་དག་གིས་ལོ་ངོ་བཞི་བཅུའི་འགྱུར་ལྡོག་ཆེན་པོ་ཐོ་འགོད་བྱས་ཡོད།
ལོ་ཙཱ་བ། ཤ་བོ་རིན་མཚོ།