ཧོང་ཡོན་རྫོང་གིས་ངན་ནག་གྱོད་དོན་ཐོག་མ་འདྲི་གཅོད་ཁྱབ་སྒྲོག་བྱས།
2019.06.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། ཧོང་ཡོན་རྫོང་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ། མཱ་ཆེ་གེ་མོ་ཅིན། ལིག་ཆེ་གེ་མོ། ཀྲང་ཆེ་གེ་མོ། ཀའོ་ཆེ་གེ་མོ་ཆང་། ཧུའུ་ཆེ་གེ་མོ་བཅས་ཀྱིས་རྒྱན་འཇོག་ཁང་ཕྱེས་པའི་བྱས་ཉེས་དང་ཁྲིམས་འགལ་བཀག་སྐྱིལ་བྱས་ཉེས་་མངོན་གསལ་གྱིས་འདྲི་གཅོད་བྱས། ཉེས་དོན་དེ་ནི2018ལོར་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་ལ། ཧོང་ཡོན་རྫོང་ཁྲིམས་ཁང་གིས་དང་ལེན་བྱས་པའི་ངན་ནག་གྱོད་དོན་ཐོག་མ་རེད།

དུས་ཚོད་གསུམ་རིང་གི་ཁྲིམས་སའི་འདྲི་གཅོད་བྱས་པ་བརྒྱུད། ཉིན་དེའི་དུས་ཚོད་བཅུ་གཉིས་སྟེང་ཁྲིམས་སའི་འདྲི་གཅོད་ཁྱབ་སྒྲོག་བྱས། ཞུ་སྦྱོར་ཕྱི་མ་ཀའོ་ཆེ་གེ་མོ་ཡིས་རྒྱན་འཇོག་ཁང་ཕྱེས་པ་དང་ཁྲིམས་འགལ་བཀག་སྐྱིལ་སོགས་ཀྱི་བྱས་ཉེས་ཟླ་སྒྲིལ་བྱས་ཏེ། དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བཅུ་ཡི་ཐག་གཅོད་བྱས་པ་དང་། སྒོར་ཁྲི་གཉིས་ཀྱི་ཆད་པ་བཅད། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་ཡིས་རྒྱན་འཇོག་ཁང་ཕྱེས་པ་དང་ཁྲིམས་འགལ་བཀག་སྐྱིལ་སོགས་ཀྱི་བྱས་ཉེས་ཟླ་སྒྲིལ་བྱས་ཏེ། དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བཅུ་ཡི་ཐག་གཅོད་བྱས་པ་མ་ཟད། སྒོར་ཁྲི་གཉིས་ཀྱི་ཆད་པ་བཅད། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་ཡིས་རྒྱན་འཇོག་ཁང་ཕྱེས་པ་དང་ཁྲིམས་འགལ་བཀག་སྐྱིལ་སོགས་ཀྱི་བྱས་ཉེས་ཟླ་སྒྲིལ་བྱས་ཏེ། དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བཅུ་བྱ་རྒྱུ་མ་ཟད། སྒོར་ཁྲི་གཉིས་ཀྱི་ཆད་པ་བཅད། ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོ་ཁྲིམས་འགལ་བཀག་སྐྱིལ་བྱས་པར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་གསུམ་གྱི་ཐག་བཅད། ཞུ་སྦྱོར་ཕྱི་མ་ཀའོ་ཆེ་གེ་མོ་ཆང་ཁྲིམས་འགལ་བཀག་སྐྱིལ་བྱས་པར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་གཉིས་བྱ་རྒྱུའི་ཐག་བཅད། ཞུ་སྦྱོར་ཕྱི་མ་ཧུའུ་ཆེ་གེ་མོ་ལ་ཁྲིམས་འགལ་བཀག་སྐྱིལ་བྱས་པར་དུས་བཀག་བཙོན་འཇུག་ལོ་གཅིག་བྱས། ཞུ་སྦྱོར་ཕྱི་མ་ལིག་ཆེ་གེ་མོ་ལ་ཁྲིམས་འགལ་བཀག་སྐྱིལ་བྱས་པར་དུས་བཀག་བཙོན་འཇུག་ཟླ་བཅུ་ལ་ཐག་གཅོད་བྱས། གྱོད་དོན་ཁྲོད་བཀག་ཉར་བྱས་པའི་ཏཱ་ཀྲུང་རྟགས་ཅན་གྱི་རླངས་འཁོར་ཆུང་བ་ཕཱ་ས་ཐི་ནག་པོ་གཅིག་ཁྲིམས་ལྟར་གཞུང་བཞེས་བྱས་པ་དང་རྒྱལ་མཛོད་དུ་སྤྲད།

ཧོང་ཡོན་རྫོང་ཁྲིམས་ཁང་གིས་འདྲི་གཅོད་བྱས་ཏེ་རྩད་ཆོད་པ་ལྟར་ན། 2017ལོའི་ཟླ་བཅུ་གཅིག་པ་ནས2018ལོའི་ཟླ་གཉིས་པའི་བར། ཞུ་སྦྱོར་ཕྱི་མ་ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ། མཱ་ཆེ་གེ་མོ་ཅིན་གསུམ་གྱིས་ཧོང་ཡོན་རྫོང་ཏཱ་དཔའ་གྲོང་རྡལ་གྱི་ཞིང་བའི་སྤྲོ་ཁྱིམ་ཁང་ཞིག་དང་། པཱ་ཡན་ཞང་ཧྥུའུ་ཧེ་སྡེ་བ། ཧེ་ཡན་རྫོང་ཟུར་གསུམ་གྲོང་རྡལ། ཧེ་ཡན་མགྲོན་ཁང་ཆེན་མོ་སོགས་ས་གནས་སུ་རྒྱན་འཇོག་ཁང་ཕྱེས་པ་དང་། མི་གཞན་ལ་རྒྱན་འཇོག་པར་རྩ་འཛུགས་དང་ནང་འགུག་བྱས།  རྒྱན་འཇོག་ཁང་དེས“ཨར་པ་ཀང”གི་རྒྱན་འཇོག་བརྒྱུད་ནས་རྒྱན་བཞག་པ་དང་། དེའི་སྐབས། ཀའོ་ཆེ་གེ་མོ་ཡིས་རྒྱན་འཇོག་ཁང་ནས་སྒོར་མོ་གཡོ་ལེན་བྱེད་པའི་འགན་ཁུར་བ་དང་། མཱ་ཆེ་གེ་མོ་ཡིས་རྩིས་ཐོ་འགོད་པའི་འགན་ཁུར་བ། མཱ་ཆེ་གེ་མོ་ཅིན་གྱིས་ཁེ་སྤོགས་ལེན་པའི་འགན་ཁུར། དེའི་ཁྲོད། རྒྱན་འཇོག་ཏུ་ཞུགས་པའི་མི་སྣ་ཏུང་ཆེ་གེ་མོ་ཡིས་རྒྱན་འཇོག་ཐེངས་བཞི་བྱས་པ་དང་། བསྡོམས་པས་སྒོར་ཁྲི་དྲུག་དང་སྟོང་བརྒྱད་ཕམ། ཀྲུའུ་ཆེ་གེ་ཡིས་རྒྱན་འཇོག་ཐེངས་གཉིས་བྱས་པ་དང་། བསྡོམས་པས་སྒོར་ཁྲི་གཉིས་དང་སྟོང་དྲུག་བརྒྱད་བརྒྱ་ཕམ། ཀྲང་ཆེ་གེ་མོ་ཡིས་རྒྱན་འཇོག་ཐེངས་བཞི་བྱས་པ་དང་། བསྡོམས་པས་སྒོར་ཁྲི་གཅིག་དང་སྟོང་དྲུག་ཕམ། ཨ་ཆེ་གེ་མོ་ཡིས་རྒྱན་འཇོག་ཐེངས་གཉིས་བྱས་པ་དང་། བསྡོམས་པས་སྒོར་ཁྲི་གཅིག་ཕམ། གོང་གི་མ་དངུལ་བསྡོམས་ན་སྒོར་འབུམ་གཅིག་དང་ཁྲི་གཉིས་བརྒྱད་བརྒྱ་ཡོད་པ་ཚང་མ་ཀའོ་ཆེ་གེ་མོ་སོགས་ཀྱིས་རྒྱན་འཇོག་མི་སྣར་འདོན་སྤྲོད་བྱས་པ་རེད། ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ། མཱ་ཆེ་གེ་མོ་ཅིན་གསུམ་གྱིས་གོང་གི་རྒྱན་འཇོག་ཁྲོད་ཐོབ་པའི་བསླུས་དངུལ་ཚང་མ་ཁོ་གསུམ་གྱིས་བག་མེད་ལོངས་སྤྱོད་བྱས།

2017ལོའི་ཟླ་བཅུ་གཅིག་པར། གནོད་འཚེ་ཐེབས་མཁན་ཏུང་ཆེ་གེ་མོ་ཡིས་ཞུ་སྦྱོར་ཕྱི་མ་ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ། མཱ་ཆེ་གེ་མོ་ཅིན་བཅས་ཀྱིས་ཕྱེས་པའི་རྒྱན་འཇོག་ཁང་ནས་རྒྱན་འཇོག་བྱེད་སྐབས། ཆད་པའི་སྒོར་ཁྲི་དྲུག་དང་སྟོང་བརྒྱད་ཀའོ་ཆེ་གེ་མོ་སོགས་ལ་མ་བྱིན། 2018ལོའི་ཟླ་བརྒྱད་པའི་ཚེས་བདུན་གྱི་དགོང་མོའི་དུས་ཚོད་བདུན་དང་སྐར་ལྔ་བཅུའི་སྟེང་། ཞུ་སྦྱོར་ཕྱི་མ་ལིག་ཆེ་གེ་མོ་དང་ཧུའུ་ཆེ་གེ་མོ་གཉིས་རྫོང་མཁར་གྱི་ཁྲིན་ཀོན་གྲོང་རྡལ་ཧྲོས་བུའུ་སྲང་ལམ་ལྷོ་མ་ནས་གནོད་འཚེ་ཐེབས་མཁན་ཏུང་ཆེ་གེ་མོར་འཕྲད་པ་དང་། ལིག་ཆེ་གེ་མོ་དང་ཏུང་ཆེ་གེ་མོ་གཉིས་ཀྱིས་ཁོ་བཀག་ནས་མཱ་ཆེ་གེ་མོ་དང་མཱ་ཆེ་གེ་མོ་ཅིན་གཉིས་ལ་ཁ་པར་བཏང་རྗེས་ཧྲོས་བུའུ་སྲང་ལམ་ལྷོ་མར་ཐོན་པ་དང་། ལིག་ཆེ་གེ་མོ་དང་ཀའོ་ཆེ་གེ་མོ། ཧུའུ་ཆེ་གེ་མོ་བཅས་ཀྱིས་མཉམ་དུ་ཏུང་ཆེ་གེ་མོ་ཁྲིད་ནས་ཧྲོས་བུའུ་སྲང་ལམ་གྱི་ཕྱེ་ཐུག་ཟ་ཁང་ཞིག་ནས་ཏུང་ཆེ་གེ་མོ་ལ་རྒྱན་ཤོར་བུ་ལོན་བསླང་། ལིག་ཆེ་གེ་མོ་ཡིས་ཏུང་ཆེ་གེ་མོ་ལ་འགྲམ་ལྕག་ཐེངས་གཉིས་གཞུས་པ་མ་ཟད་ཇ་ཕོར་ནང་གི་ཆུ་ཏུང་ཆེ་གེ་མོ་ཡི་གདོང་ལ་བླུགས། དགོང་མོའི་དུས་ཚོད་དགུའི་སྟེང་། ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ་གཉིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་ནས་ཧྲོས་བུའུ་སྲང་ལམ་ལ་ཐོན་ཏེ་མཱ་ཆང་ཆེ་གེ་མོ་སོགས་དང་མཉམ་འཛོམས་བྱས་པ་དང་། ལིག་ཆེ་གེ་མོ་དང་ཀའོ་ཆེ་གེ་མོ་གཉིས་ཀྱིས་རླངས་འཁོར་བསྐོར་ཏེ་རྫོང་དེའི་ཁྲིན་ཀོན་གྲོང་རྡལ་བྱང་རིའི་རི་ཁུལ་ཞིག་ནས་རྒྱན་ཤོར་བུ་ལོན་ལེན་མ་ཐུབ་པས། ཀའོ་ཆེ་གེ་མོ་དང་མཱ་ཆང་ཆེ་གེ་མོ་གཉིས་ཀྱིས་ལག་ཏུpvcའགྱིག་སྦུག་བཟུང་བ་དང་། མཱ་ཆེ་གེ་མོ་ཡིས་ཤིང་གི་དབྱུག་པ་བཟུང་ནས་ཏུང་ཆེ་གེ་མོ་ལ་གཅར་རྡུང་བྱས། ལིག་ཆེ་གེ་མོ་དང་ཧུའུ་ཆེ་གེ་མོ་ཡིས་ཏུང་ཆེ་གེ་མོ་ལ་རྐང་རྡུང་ལག་རྡུང་བྱས། དེའི་རྗེས་མཱ་ཆེ་གེ་མོ་དང་མཱ་ཆེ་གེ་མོ་ཅིན། ཀྲང་ཆེ་གེ་མོ། ཀའོ་ཆེ་གེ་མོ་བཅས་ཀའོ་ཆེ་གེ་མོ་ཡི་རླངས་འཁོར་དུ་བསྡད་ནས་ཏུང་ཆེ་གེ་མོ་བཙན་གྱིས་མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་དུ་ཁྲིད། ཉིན་དེའི་དགོང་མོའི་དུས་ཚོད་བཅུ་གཅིག་སྟེང་ནུབ་མཚོ་གྲོང་རྡལ་གྱི་མགྲོན་ཁང་ཞིག་ཏུ་བསྡད་པ་དང་། ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ་གཉིས་ཀྱིས་ཀྲང་ཆེ་གེ་མོ་དང་ཀའོ་ཆེ་གེ་མོ་ལ་མགྲོན་ཁང་དུ་ཏུང་ཆེ་གེ་མོ་སྲུང་དུ་བཅུག ཕྱི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཏུང་ཆེ་གེ་མོར་ལུས་ཕུང་མི་བདེ་བའི་ཚོར་སྣང་བྱུང་བས། ཀའོ་ཆེ་གེ་མོ་སོགས་ཀྱིས་ཏུང་ཆེ་གེ་མོ་ཁྲིད་ནས་སྨན་ཁང་དུ་སོང་། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་། མཱ་ཆེ་གེ་མོ་ཅིན་དང་ཀྲང་ཆེ་གེ་མོ། ཀའོ་ཆེ་གེ་མོ་ཆང་བཅས་གླ་གཏོང་རླངས་འཁོར་དུ་བསྡད་དེ་ཏུང་ཆེ་གེ་མོ་མཚོ་བྱང་ཁུལ་ཧེ་ཡན་རྫོང་ནས་ཧོང་ཡོན་རྫོང་ཁྲིན་ཀོན་གྲོང་རྡལ་དུ་ཐོན་རྗེས་བཏང་། 2018ལོའི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཧོང་ཡོན་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ལག་རྩལ་ཁང་གིས་དཔྱད་ཞིབ་བྱས་རྗེས། ཏུང་ཆེ་གེ་མོ་ཡི་རྨས་སྐྱོན་ཚབས་ཆེན་མིན་པ་བདེན་དཔང་བྱས།

ཁྲིམས་ཁང་གིས་བལྟས་ན། ཞུ་སྦྱོར་ཕྱི་མ་ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ། མཱ་ཆེ་གེ་མོ་ཅིན་བཅས་ཀྱིས་ཁེ་སྤོགས་བསམ་ནས། ཧོང་ཡོན་དང་ཧེ་ཡན་སོགས་ས་གནས་སུ་ཐེངས་མང་པོ་རྒྱན་འཇོག་ཁང་ཕྱེས་པ་དང་། གཞན་མི་བསྡུས་ནས་རྒྱན་འཇོག་བྱེད་དུ་བཅུག་པ་མ་ཟད་ཁེ་སྤོགས་བླངས། ཁོ་ཚོའི་བྱ་སྤྱོད་ཀྱིས་རྒྱན་འཇོག་ཁང་ཕྱེས་པའི་ཉེས་པ་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ། མཱ་ཆེ་གེ་མོ་ཅིན། ལིག་ཆེ་གེ་མོ། ཀྲང་ཆེ་གེ་མོ། ཀའོ་ཆེ་གེ་མོ་ཆང་། ཧུའུ་ཆེ་གེ་མོ་བཅས་ཀྱིས་རྒྱན་ཤོར་བུ་ལོན་ལེན་པའི་སྐབས་བྱེད་ཐབས་དྲག་པོ་སྤྱད་པ་དང་། ཁྲིམས་འགལ་ལྟར་ཏུང་ཆེ་གེ་མོ་ཡི་མི་ལུས་རང་དབང་འཕྲོག་པའི་བྱ་སྤྱོད་ལས་ཁྲིམས་འགལ་བཀག་སྐྱིལ་གྱི་ཉེས་པ་བསགས་ཡོད་པས། ཁྲིམས་ཆད་བཅད། གཞུང་གཏུག་ལས་ཁུངས་ཀྱི་སྐྱོན་འདོན་ཞུ་གཏུག་བྱས་པའི་དོན་དངོས་དང་ཉེས་པ་གྲུབ་ཡོད། ཞུ་སྦྱོར་ཕྱི་མ་ཀའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ། མཱ་ཅིན་ཆེ་གེ་མོ་བཅས་ཀྱིས་ཁྲིམས་འགལ་ཁེ་ཕན་བླངས་པ་དང་། དུས་རྒྱུན་ངན་འབྲེལ་བྱས་ཏེ། ཐེངས་མང་པོ་རྒྱན་འཇོག་ཁང་དང་རྒྱན་ཤོར་བུ་ལོན་ལེན་པ། མི་གཞན་པར་ཁྲིམས་འགལ་བཀག་སྐྱིལ་བྱས་པ་སོགས་ཁྲིམས་འགལ་ཉེས་དོན་བྱ་འགུལ་སྤེལ་ཏེ། མི་བྱེད་དགུ་བྱེད་དང་མང་ཚོགས་ལ་བརྙས་བཅོས་བྱས་པས། ས་དེའི་སྤྱི་ཚོགས་ཀྱི་འཚོ་བའི་སྒྲིག་ལམ་ལ་གཏོར་བརླག་ཚབས་ཆེན་བྱས་པ་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་བཟོས་པར་ངན་པའི་སྟོབས་ཤུགས་ཀྱི་ཉེས་དོན་ངོ་བོ་ལྡན་པ་རེད། ཉེས་དོན་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་དུ་གོང་གི་ཁྲིམས་ཐག་བཅད།

ཧོང་ཡོན་རྫོང་ཁྲིམས་ཁང་གིས་གྱོད་དོན་དེ་ཐག་གཅོད་བྱས་རྗེས། མངག་བཅོལ་དག་འབུད་མི་སྣ་མེད་པའི་ཞུ་སྦྱོར་ཕྱི་མ་དྲུག་པོ་དེ་ཁྲིམས་ལྟར་བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས་རྩོད་པས་དག་འབུད་བྱེད་དུ་བཅུག འདྲི་གཅོད་བྱེད་སྐབས། སྐྱོན་འདོན་དག་འབུད་ཕྱོགས་གཉིས་ཀྱི་ཁྲིམས་རའི་མགོ་འཛིན་འོག སྐྱོན་འདོན་བྱེད་པའི་དོན་དངོས་ལ་དམིགས་ཏེ། ངོ་ཐུག་ར་སྤྲོད་དང་བཤེར་རྩོད་བྱས་པ་མ་ཟད་གྱོད་དོན་གྱི་དོན་དངོས་དང་བདེན་དཔང་སོགས་ཀྱི་ཐད་ནས་བསམ་འཆར་མང་པོ་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་བདུན་པོ་ཡིས་སོ་སོར་མཇུག་མཐའི་ཞིབ་གླེང་བྱས། ཞུ་སྦྱོར་ཕྱི་མའི་ཁྱིམ་མི་དང་སྤྱི་ཚོགས་ལས་རིགས་སོ་སོའི་མང་ཚོགས། གསར་འགྱུར་སྨྱན་བྱད་བཅས་ཀྱི་མི་ལྔ་བཅུ་ལྷག་གིས་ཁྲིམས་རའི་བྱ་འགུལ་ཧྲིལ་བོར་ཟུར་ཉན་བྱས།

ལོ་ཙཱ་བ། ཤ་བོ་རིན་མཚོ།