མི་རིགས་མཐུན་སྒྲིལ་གྱི་སྣེ་ཁྲིད་མཁན་དོན་གྲུབ་རྒྱལ།
2019.06.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 257

སྙན་སྒྲོན་པ།ཉན་མཁན་རྣམ་པ། ཐེངས་འདིའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་བསྟུད་འགོད་ཆེད་སྒྲིག་ལེ་ཚན“རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི”ཞེས་པའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་འཚོས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་མི་རིགས་མཐུན་སྒྲིལ་གྱི་སྣེ་ཁྲིད་མཁན་དོན་གྲུབ་རྒྱལ་ཞེས་པར་གསན་རོགས་གནོངས།
སྙན་སྒྲོན་པ། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཟེར་བ་བཞིན་དུ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན་ཆེས་མེད་དུ་མི་རུང་བ་ནི་མཐུན་སྒྲིལ་རེད། རང་རེའི་ཀྲུང་གོ་རྒྱལ་ཁབ་ནི་མི་རིགས་ལྔ་བཅུ་ང་དྲུག་གིས་གྲུབ་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་རིང་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་འཁོར་བའི་རིང་ལ། རང་རེའི་རྒྱལ་ཁབ་ལ་ཕྱོགས་ཡོངས་ནས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་ནི།  ཏང་གི་ཡང་དག་པའི་སྲིད་ཇུས་འོག་ཏུ་མི་རིགས་ང་དྲུག་གིས་ཁྱིམ་ཚང་གཅིག་བཞིན་དུ་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་འཕེལ་རྒྱས་བརྩོན་ལེན་བྱས་པའི་གྲུབ་འབྲས་ཡིན། དེ་བས་ང་ཚོ་སྡེ་བ་ཞིག་དང་ས་གནས་གང་ཞིག་ཡིན་རུང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས་འབྱོར་འབྲིང་འཚོ་བའི་ལམ་དུ་བསྐྱོད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད།

ཁྲི་ཀ་རྫོང་ཀབ་རོན་གཞོངས་སྦྲུལ་ལྕེ་སྡེ་བ་ནི་རྒྱ་དང་བོད། ཧོས། སོག་པོ།  ཟ་ལར་བཅས་མི་རིགས་ལྔ་མཉམ་དུ་འདུས་སྡོད་བྱས་ཡོད་པས། སྡེ་བ་དེ་ནི་མི་རིགས་སྣ་མང་གིས་གྲུབ་པའི་ཁྱིམ་གཞི་ཆེན་པོ་ཞིག་རེད།  སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དོན་འགྲུབ་རྒྱལ་ནི་ངང་རྒྱུད་བཟང་ཞིང་སྤྱི་སེམས་ཆེ་བའི་མི་ཞིག་རེད། སྤྱི་ལོ་ཉིས་སྟོང་དྲུག་ལོའི་ཟླ་བཅུ་གཅིག་པར་ཀབ་རོན་གཞོངས་ཞང་སྦྲུལ་ལྕེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་། ཁོས་ཐོག་མཐའ་བར་གསུམ་དུ་ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་དགོངས་དོན་ཡིད་ལ་ཡིད་ལ་དམ་པོར་བཟུང་ནས། མི་རིགས་མཐུན་སྒྲིལ་གྱི་བྱ་བར་མཐོང་ཆེན་བྱེད་པ་དེ་བྱ་བ་ཀུན་གྱི་གཙོར་བཟུང་ཞིང་། ནམ་ཡང་མི་དམངས་མང་ཚོགས་ཀྱི་འདོད་བློ་བསྐང་བ་དང་མི་དམངས་མང་ཚོགས་ཀྱི་དཀའ་སྡུག་སྣ་ཚོགས་ཐག་གཅོད་བྱེད་པའི་བརྩོན་སེམས་ལྷུར་ལེན་གྱིས་སྡེ་བའི་གཞུང་དོན་ལ་འབད་བརྩོན་ལྷོད་མེད་བྱེད་མཁན་ཞིག་རེད།

                   གསར་འགོད་པས་དོན་གྲུབ་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ། 

དོན་གྲུབ་རྒྱལ་གྱི་སྐད་ཆ།  ཉིས་སྟོང་དྲུག་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་དུ་ངས་ཧྲུའུ་ཅིའི་འགན་འཁུར་ནས་བྱ་བ་ལས་པ་ཡིན། ཀབ་རོན་གཞོངས་ཞང་སྦྲུལ་ལྕེ་སྡེ་བ་ན་རྒྱ་དང་བོད། ཧོས། སོག་པོ། ཟ་ལར་རིགས་བཅས་མི་རིགས་ལྔ་ཡོད་ལ།ང་རང་གིས་གཙོ་བོ་མི་རིགས་མཐུན་སྒྲིལ་གྱི་ཐད་ནས་བྱ་བ་ལས་པ་ཡིན། མི་རིགས་མཐུན་སྒྲིལ་གྱི་ཐད་ནས་བྱ་བ་ཇི་ལྟར་སྒྲུབ་པ་ཡིན་ནམ་ཞེ་ན། སྡེ་བའི་ནང་གི་ཚོགས་འདུ་ཆེ་ཆུང་གང་མང་སྟེང་དུ་མི་རིགས་མཐུན་སྒྲིལ་འཛིན་པ་དང་ཁྱིམ་མཚེས་བར་གྱི་མཐུན་སྒྲིལ་འཛིན་པ། ཕུ་ནུ་མིང་སྲིང་བར་གྱི་མཐུན་སྒྲིལ་འཛིན་པ།  ཕ་མ་དང་བུ་བུ་མོའི་ངོས་ཐད་ནས་མཐུན་སྒྲིལ་འཛིན་པ་བཅས་བྱས་ནས་རྒྱུན་དུ་ཚོགས་འདུའི་སྟེང་དུ་དེ་ལྟར་མང་ཚོགས་ལ་ཁ་ཏ་སློབ་གསོ་བཏང་བ་ཡིན། ལྷག་པར་དུ་རྒྱ་དང་བོད། སོག་པོ་དང་ཧོས་བཅས་མི་རིགས་བཞི་བོ་མི་རིགས་སུ་ལའང་བྱ་བ་སྒྲུབ་ཕྱོགས་ཀྱི་ཐད་ནས་ཁྱད་པར་ཞིག་བཏོད་མ་མྱོང་། དཔེར་ན་ལིས་ཅ་ཧྥུའུ་ཟེར་བའི་རྒྱ་རིགས་ཤིག་ནད་ཀྱི་དབང་གིས་ཚེ་ལས་འདས་རྗེས་ཁྱིམ་དུ་ཕུ་ནུ་མིང་སྲིང་མེད་པའི་རྐྱེན་གྱིས་དཀའ་ཁག་ལ་འཕྲད་འདུག སྐབས་དེར་ང་རང་གིས་མི་རིགས་མཐུན་སྒྲིལ་དམ་པོར་བཟུང་ནས་སྡེ་བའི་ནང་གི་མི་སྣ་རྩ་འཛུགས་བྱས་ཏེ་འདས་མཆོད་སྒྲུབ་པ་དང་འདས་པོའི་སྐར་མ་སོགས་ལ་རོགས་རམ་འདེགས་བྱས། ཉིན་ཁ་ཤས་ཀྱི་རྗེས་སུ་ཡང་ལིས་ཅ་ཧྥུའུ་ཡིས་ནུ་བོ་ཚེ་ལས་འདས་སོང་བས་ཡང་བསྐྱར་དུ་སྡེ་མི་རྩ་འཛུགས་བྱས་ནས་འདས་མཆོད་ལ་རོགས་རམ་བྱེད་དུ་སོང་བ་ཡིན། དེ་ལྟར་མི་རིགས་མཐུན་སྒྲིལ་གྱི་ངོས་ཐད་ནས་འབད་པ་བྱས་པ་ཡིན། ང་རང་ཉིད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་པའི་ཆ་ནས་སྡེ་བའི་ནང་གི་མི་རིགས་སུ་དང་གང་དཀའ་ཁག་ལ་འཕྲད་ན་ང་རང་སྟེང་ནས་སྒོར་མོ་ཁྲི་གཅིག་ཅན་དང་སྟོང་ལྔ་ཅན་གང་མང་བྱིན་ནས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་རམ་བྱས་པ་ཡིན། དཔེར་ན་ཡང་ཚེ་ལོ་ཐར་ཟེར་བའི་སྡེ་མི་དེ་སྦྲུལ་ལྕེ་སྡེ་བ་རུ་ཁག་དང་པོའི་མི་ཡིན་ལ། རླངས་འཁོར་གྱི་དོན་རྐྱེན་ཆེན་པོ་ཞིག་གིས་ཞིང་ཆེན་སྨན་ཁང་གི་མྱུར་སྐྱོབ་ཁང་དུ་སྐྱེལ་དགོས་བྱུང་། སྐབས་དེར་ནད་པར་སྨན་བཅོས་བྱེད་སྤྱད་ཀྱི་སྒོར་མོ་མེད་པས་ང་རང་གིས་སྒོར་མོ་ཁྲི་བཞི་ནད་པ་མྱུར་སྐྱོབ་བྱེད་པར་བྱིན་པ་ཡིན།

སྙན་སྒྲོན་པ། ཁྲི་ཀ་རྫོང་ཀབ་རོན་གཞོངས་སྦྲུལ་ལྕེ་སྡེ་བ་ནི་མ་གཞི་ནས་ཁུལ་ཡོངས་ཀྱི་དབུལ་ཕོངས་ཞང་གི་ཁོངས་སུ་གཏོགས་ལ། སྦྲུལ་ལྕེ་སྡེ་བ་ཡོད་ས་ནས་ཞང་སྲིད་གཞུང་གི་བར་དུ་སྤྱི་ལེ་གསུམ་ཙམ་གྱི་བར་ཐག་ཡོད་ལ།  ས་གནས་དེའི་རང་བྱུང་ཆ་རྐྱེན་དེ་འདྲའི་མི་ལེགས་པའི་ཁར་རྨང་གཞིའི་སྒྲིག་ཆས་ཐད་ནས་ཀྱང་རྗེས་ལུས་ཡིན། དེ་བས་མི་དམངས་མང་ཚོགས་ཀྱི་ལོ་རེའི་ཡོང་འབབ་ཤིན་ཏུ་དམའ་བ་ནི་སྦྲུལ་ལྕེ་སྡེ་བའི་མིག་སྔའི་དཀའ་ཁག་དང་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད།  དོན་གྲུབ་རྒྱལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཆ་ནས་སྐབས་དེར་ཁོས་མང་ཚོགས་ཀྱི་མིག་མདུན་གྱི་དཀའ་ཁག་དེ་དག་ཐག་གཅོད་མ་བྱས་ན་ནམ་ཡང་དབུལ་ཕོངས་ཀྱི་གནས་སུ་སྡོད་དགོས་པས། གནས་ཚུལ་དེ་དག་ཅིས་ཀྱང་ཐག་གཅོད་བྱེད་དགོས་པའི་ཆོད་སེམས་བརྟན་པོ་བཞག

                                དོན་གྲུབ་རྒྱལ་གྱི་བྱ་དགའི་རྟགས་མ། 

དོན་གྲུབ་རྒྱལ་གྱི་སྐད་ཆ།  སྐབས་དེར་སྡེ་བ་འདི་ཡར་རྒྱས་གོང་འཕེལ་དུ་གཏོང་ཆེད་དུ་ནུས་པ་གང་མང་ཞིག་བཏོན་པ་ཡིན། དཔེར་ན་སྨན་རྩྭའི་ཕྱོགས་ནས་ཀྱང་སྡེ་བའི་སྡེ་མི་བཀོད་སྒྲིག་བྱས་ནས་ཡོང་འབབ་འཚོལ་དུ་བཅུག་པ་ཡིན། ཡང་ན་བཟོ་གྲྭ་ལས་ན་ཡོང་སྒོ་བཟང་བའི་སྐོར་དང་ཏང་དང་སྲིད་གཞུང་གིས་རོགས་རམ་རྒྱབ་སྐྱོར་ཇི་ལྟར་བྱེད་པའི་ངོས་ཐད་ནས་མང་ཚོགས་ལ་སློབ་གསོ་མང་པོ་བཏང་མྱོང་། ང་རང་ཉིད་ལ་བ་མོ་སྟོང་ཞིག་གསོ་བའི་ར་བ་ཞིག་ཡོད། ར་བའི་ནང་དུ་ལྔ་སྐྱོང་ཁྱིམ་ཚང་དང་དབུལ་ཕོངས་ཁྱིམ་ཚང་གི་ལས་བཟོ་བ་མང་པོ་བསྡུ་ལེན་བྱས་ནས་བྱ་བའི་ལས་གནས་ཐག་གཅོད་བྱས་པ་ཡིན། ལོ་རེར་སྡེ་བའི་མང་ཚོགས་ལ་སྒོར་མོ་ཁྲི་སུམ་བཅུ་ལྷག་གི་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད། ང་རང་ཉིད་ཆུང་དུས་ནས་བཟུང་ཚོང་ལས་གཉེར་བའི་ལས་ལ་ཧ་ཅང་དགའ། སྡུག་མྱོང་བར་སྐྲག་སྣང་ཞིག་སྐྱེས་མ་མྱོང་། ལྷག་པར་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་རང་ས་གནས་ཀྱི་མི་དམངས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་བསམ་པ་བརྟན་པོ་ཞིག་ཡོད། དེ་ལྟར་མི་དམངས་མང་ཚོགས་ལ་ཕ་པའི་བྱ་བ་མང་པོ་བསྒྲུབས་པས་རིམ་བཞིན་རྒྱལ་ཡོངས་རིམ་པ་དང་ཁུལ་རིམ་པའི་དགའ་རྟགས་དང་མཚན་སྙན་གནང་བ་དེས་ང་རང་ལ་དེ་ལས་ཀྱང་སྤོབས་པ་ཇེ་ཆེ་རུ་བསྐྱེད་པ་དང་། བློ་རྒྱ་ཇེ་ཆེར་བཏང་། ད་སྐབས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོ་འདིས་ཕྱོགས་གང་ཐད་ནས་མི་དམངས་མང་ཚོགས་ལ་རོགས་རམ་དང་དབུལ་སྐྱོར་བྱེད་དགོས་པའི་རེ་བ་མང་དུ་བཏོན་ཡོད་པ་རེད། རྗེས་ཕྱོགས་ཀྱང་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་གཙོ་བོར་བཟུང་ནས་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་རོགས་སྐྱོར་བྱ་རྒྱུ་ཡིན།
སྙན་སྒྲོན་པ། དོན་གྲུབ་རྒྱལ་ནི་མི་རིགས་མཐུན་སྒྲིལ་གྱི་བྱ་བར་ནུས་ཤུགས་ཆེན་པོ་འདོན་མཁན་ཞིག་དང་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་མཁན་ཞིག་ཡིན་པར་མ་ཟད།  རྒྱལ་ཁབ་ཀྱི་དྲིན་ཚོར་ཞིང་དྲིན་གཟོ་བྱེད་ཤེས་པའི་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་ཞིག་ཀྱང་རེད།

དོན་གྲུབ་རྒྱལ་གྱི་སྐད་ཆ།  ང་རང་ཉིད་གུང་ཁྲན་ཏང་ཡོན་ཞིག་ཡིན་ལ། རང་རེའི་ཀྲུང་གོ་རྒྱལ་ཁབ་ལ་མི་རིགས་ལྔ་བཅུ་ང་དྲུག་ཡོད་པ་དང་།  ང་ལ་མི་རིགས་ལྔ་དྲུག་ཁྱིམ་ཚང་གཅིག་ཡིན་པའི་བསམ་པ་དང་འདུ་ཤེས་ཡོད། ལྷག་པར་དུ་གུང་ཁྲན་ཏང་ལ་བཀའ་དྲིན་ཆེ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ང་ཚོའི་འཚོ་བ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་རེད། ང་རང་ཉིད་ཀྱིས་སེམས་སྟེང་ནས་ཏང་ལ་བཀའ་དྲིན་ཆེ་ཞུ་པ་ཡིན། མི་རེ་རེ་དང་མི་རིགས་རེ་རེ་གང་ཞིག་ཡིན་ཡང་ཏང་གི་བཀའ་དྲིན་འདི་ཚོར་ཐུབ་དགོས། 

སྙན་སྒྲོན་པ།  སྡེ་བའི་ཧྲུའུ་ཅི་དོན་གྲུབ་རྒྱལ་གྱི་སྣེ་ཁྲིད་འོག་ཏུ་སྦྲུལ་ལྕེ་སྡེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་སྔོན་དང་བསྡུར་ན་ད་ལྟ་བློ་ཡུལ་ལས་འདས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལྷག་པར་དུ་མི་རིགས་སྣ་མང་འདུས་སྡོད་བྱེད་པའི་སྡེ་བ་དེ་ལ་མཚོན་ན་ཕན་ཚུན་བར་གྱི་བརྩེ་བ་ནི་ཁྱིམ་ཚང་གཅིག་ལྟར་ཡིན་པས་རྫོང་ཡོངས་ནས་ཐེངས་དུ་མར་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་སྡེ་བར་བདམས་པ་དང་། ཧྲུའུ་ཅི་དོན་གྲུབ་རྒྱལ་ལ་ཞིང་ཆེན་རིམ་པ་དང་རྒྱལ་ཡོངས་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་མི་སྒེར་གྱི་གཟེངས་རྟགས་བསྩལ་མྱོང་།

  ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྐར་མ་འཚོས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་ཏེ། ཁ་ཡིག་ལ་མི་རིགས་མཐུན་སྒྲིལ་གྱི་སྣེ་ཁྲིད་མཁན་དོན་གྲུབ་རྒྱལ་ཞེས་པ་དེ་ཡིན། ཁྱེད་ཚོས་ཉན་པར་བཀའ་དྲིན་ཆེ།

གསར་འགོད་པ། སྐར་མ་མཚོ། གཡང་འབུམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 
ལྟ་སྐུལ་བ། ལྷ་བརྟན་།
 སྤྱིའི་ལྟ་སྐུལ་བ། རྣ་བྷ།