དཔེ་ཆ་བྲིས་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་མཁན།
2019.06.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

དེང་རབས་ཀྲུང་གོའི་ཞིབ་སྡུར་ཁྲིམས་རིག་པའི་རྨང་འདིང་མཁན། ཀྲུང་གོ་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཕན་ཧེ་ཏེན་ནི་ད་ལོ་དགུང་ལོ་དགུ་བཅུ་གོ་དགུ་ལ་སླེབས་པ་དང་། ཁོ་རང་ཕལ་ཆེར་དུས་རབས་གཅིག་གི་དཀའ་སྡུག་གི་འཚོ་བའི་གོ་རིམ་བརྒྱུད་མྱོང་བ་རེད། ལོ་ངོ་བཅུ་ལྷག་ལ་དགེ་རྒན་ཁོང་དང་མཉམ་འགྲོ་མཉམ་འདུག་བྱེད་པའི་སློབ་མ་པེ་ཧྲིན་གྱིས་གསར་འགོད་པར་བཤད་རྒྱུར། དགེ་རྒན་ཁོང་གིས་ཆེས་སེམས་ཁུར་བྱེད་ས་ནི་སྔར་བཞིན་རིག་གཞུང་གནས་ཚུལ་དང་སློབ་མས་རིག་གཞུང་བྱ་འགུལ་ཅི་ཞིག་སྤེལ་བཞིན་པ་དེ་རེད། རིག་གཞུང་གླེང་སྐབས། དགེ་རྒན་ཁོང་གིས་དུས་ཚོད་འགའ་ལ་རྒྱུན་མཐུད་དེ་བགྲོ་གླེང་བྱེད་སྲིད། དགེ་རྒན་གྱི་ལས་རིགས་སྟེང་དུ་དགེ་རྒན་ཁོང་གི་མཚན་སྙན་ཤིན་ཏུ་ལེགས་ཀྱང་། སྨྱན་བྱད་སོགས་ཀྱི་སྟེང་དུ་མཐོང་བ་ཤིན་ཏུ་ཉུང་། དེ་ནི་ཁོའི་རང་ཉིད་དམའ་བར་འཛིན་པའི་གཤིས་ཀ་ལ་རགས་ལས་པ་རེད། ཁོ་རང་རིག་གཞུང་ལ་དགའ་བ་ལས་སེམས་པ་གཞན་ལ་གཡེང་བཞིན་མེད་ཟེར།

ང་ཚོས་ལོ་ངོ་བརྒྱ་ཙམ་གྱི་འགྱུར་ལྡོག་ཀློང་ནས་སྐུ་ཞབས་ཕན་ཧན་ཏེན་གྱི་སློབ་མ་བསྐྱངས་པའི་ལམ་བུ་ལ་རྒྱུས་ལོན་ཐེངས་གཅིག་བྱ།

ཕན་ཧན་ཏེན་ཆེས་ཐོག་མར་སློབ་གྲྭར་འགྲོ་བའི་སྐབས་སུ། ཕ་མས་བྱེད་ཐབས་ཆེས་བཟང་པོ་ནི་སློབ་གྲྭར་འགྲོ་རྒྱུ་དེ་ཡིན་ཟེར་བའི་བསླབ་བྱ་དེ་ཡིན། སློབ་འབྲིང་གི་སྐབས་སུ། ཕན་ཧན་ཏེན་གྱིས་མིང་དུ་གྲགས་པའི་ཀོང་ཀྲིག་ཕེ་ཀྲིན་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་། འཇར་འགོག་དམག་འཁྲུག་གི་སྐབས་སུ། སློབ་གྲྭས་སློབ་མཚམས་བཞག་སྟེ་ཨོ་མིན་དུ་གནས་སྤོར་དགོས་བྱུང་། ཕན་ཧན་ཏེན་རང་ཉིད་དངོས་སུ་འཐབ་འཁྲུག་གི་དུས་སྐབས་བརྒྱུད་མྱོང་བ་དང་། ཁྱིམ་དུ་ཉར་ཚགས་བྱས་ཡོད་པའི་དཔེ་ཆ་མང་པོ་བོར་སོང་ཡང་། ཁོ་རང་གིས་སྔར་བཞིན་དཔེ་ཀློག་བྱས་ཏེ། ཨང་དང་པོའི་རྒྱུགས་འབྲས་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་བཟང་པོའི་དམིགས་བསལ་རྟགས་མ་སྟེ། དངུལ་གྱི་རྟགས་མ་བླངས། ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོར། དགུང་ལོ་གོ་བཞི་ལ་སླེབས་པའི་ཕན་ཧའེ་ཏེན་ལ་རང་གི་མ་ཡུམ་སློབ་གྲྭའི༼ཀོང་ཀྲིག་ཕའེ་ཀྲིན་འཕྲིན་གསར༽དུས་དེབ་ཞིག་འབྱོར་བས། དགའ་སྤྲོ་ཚད་མེད་སྐྱེས་པ་དང་། ཁོས་གསར་དུ་པར་སྐྲུན་བྱས་པའི་བསྒྱུར་རྩོམ༼པོ་ཏིན་ཧེ་མའོ་ཁྲིམས་རིག་པ༽ཞེས་པ་དེ་མ་ཡུམ་སློབ་གྲྭར་ཕུལ་བ་མ་ཟད། དངོས་སུ་བཀའ་དྲིན་ཞུ་བའི་འཕྲིན་ལན་བྲིས། ཡི་གེའི་ནང་དུ་རང་ལས་རྒན་པའི་དགེ་རྒན་ཡོད་ཚད་ཀྱི་མིང་བཀོད་ཡོད་ལ། ཐ་ན་རི་མོའི་དགེ་རྒན་དང་། གླུ་དབྱངས་དགེ་རྒན་སོགས་ཀྱི་མིང་ཡང་བཀོད་ཡོད།

ཨ་ཕ་ཁྲིམས་རྩོད་པ་ཡིན་པའི་ཤན་ཤུགས་ལ་བརྟེན་ནས། ཕན་ཧན་ཏེན་གྱིས་ཧྲང་ཧེ་ཏུང་ཝུའུ་སློབ་གྲྭ་ཆེན་མོའི་ཁྲིམས་རིག་པའི་སློབ་གླིང་ནས་སློབ་གཉེར་བྱས་པ་དང་། འཐབ་འཁྲུག་གི་རྐྱེན་གྱིས་ཕན་ཧའེ་ཏེན་གྱིས་ཏུང་ཝུའུ་ཁྲིམས་རིག་པའི་སློབ་གླིང་དུ་སློབ་གཉེར་བྱེད་པའི་སྐབས་སུ། སློབ་གྲྭ་དེ་ས་ཆ་མང་པོར་གནས་སྤར་བ་སྟེ། མུའུ་ཨར་ཐང་ནས་ཚི་ཧྲོ་ཐོག་ཁང་ཆེན་མོ། དེ་ནས་ཀྲུང་ཧྭ་ལས་རིགས་སློབ་གྲྭ  ཞིན་ཡོན་སློབ་འབྲིང་། རྒྱལ་གཅེས་བུད་མེད་སློབ་གྲྭ་སོགས་སུ་གནས་སྤར། ཕན་ཧན་ཏེན་གྱི་སློབ་མ་པེ་ཧྲིན་གྱི་སེམས་ལ་གསལ་བོར་གནས་པ་ནི་ཉིས་སྟོང་བཅུ་གཉིས་ལོའི་སྔ་གཞུག་ཏུ། དགེ་རྒན་ཕན་ལགས་སློབ་གླིང་ལམ་གྱི་སློབ་ཁུལ་དུ་སློབ་ཐུན་གྲོལ་རྗེས་སློབ་མ་ཚོ་དང་འདུ་འཛོམས་ཆུང་ཆུང་ཞིག་བྱས་པ་དང་། སྐབས་དེར་ཁོས་འཇར་འགོག་དམག་འཁྲུག་སྐབས་སུ་སློབ་སྦྱོང་བྱས་པའི་དཀའ་སྡུག་གི་བརྒྱུད་རིམ་ཞིག་བཤད་བྱུང་བ་དེ་རེད། ཆིག་སྟོང་དགུ་བརྒྱ་ཞེ་གཉིས་ལོར་སློབ་གྲྭ་ཆེན་མོའི་སློབ་རིམ་གཉིས་པ་ཡིན་པའི་ཕན་ཧན་ཏེན་གྱི་ཞང་ཀང་དུ་ཡོད་པའི་ཨ་མ་ཚེ་ལས་འདས། འཐབ་འཁྲུག་གི་རྐྱེན་གྱིས། ཁོ་རང་ཨ་མའི་འདས་མཆོད་ལ་འགྲོ་མ་ཐུབ། ཨ་མས་སློབ་སྦྱོང་ལ་མུ་མཐུད་དུ་འབད་བརྩོན་བྱེད་དགོས་པའི་ཁ་ཆེམས་བཞག་ཡོད་པས། ཁོས་སྡུག་བསྔལ་ཁོག་ཏུ་བཅུག་ནས་སློབ་སྦྱོང་ལ་བརྩོན་པ་བསྐྱེད། སློབ་སྦྱོང་གི་ཨང་རིམ་ལོ་རིམ་ཡོངས་ཀྱི་ཨང་གསུམ་པའི་ནང་དུ་ཡོད་པར་མ་ཟད། ཁོས་ད་དུང་དབྱིན་སྐད་དང་། ཧྥ་རན་སིའི་སྐད། འཇར་མན་གྱི་སྐད། འཇར་པན་གྱི་སྐད་སོགས་ཀྱང་ཤེས། ཁོའི་སེམས་ཀྱི་བརྩེ་བ་དེ་བརྗོད་སྐབས། དགེ་རྒན་ཁོ་རང་གི་མིག་ཆུ་ཡང་དབང་མེད་དུ་ཤོར།

སློབ་མཐར་ཕྱིན་པའི་སྔ་གཞུག་ཏུ། ཕན་ཧན་ཏེན་ལ༼ལོ་འཁོར་དུས་དེབ༽རྩོམ་སྒྲིག་བྱེད་དུ་བཅུག་སྟེ། ཏུང་ཝུའུ་ཁྲིམས་རིག་པའི་སློབ་གླིང་གི་ཆིག་སྟོང་དགུ་བརྒྱ་ཞེ་བཞི་ལོའི་དུས་དེབ་ཀྱི་མདུན་ངོས་སྟེང་དུ་མིག་ལ་གསལ་བའི་ཤིས་ཚིག་ཅིག་བྲིས་ཡོད་པ་སྟེ། དེབ་འདི་མ་ཡུམ་སློབ་གྲྭ་དང་མེས་རྒྱལ་ལ་ཕུལ་བ་ཡིན་ཞེས་བྲིས་འདུག་པ་དང་། རྒྱལ་གཅེས་ཀྱི་སེམས་པ་དེ་ཤོག་ངོས་སུ་ཤར་མར་བྲིས་འདུག

རྒྱལ་ཁབ་ལ་དགའ་ཞེན་ཆེ་བས། ཆིག་སྟོང་དགུ་བརྒྱ་ཞེ་དགུ་ལོར། ཕན་ཧན་ཏེན་ལ་ཨ་མེ་རི་ཁའི་ཡེ་ལུའུ་སློབ་ཆེན་ཞིབ་འཇུག་ཁང་གི་བྱ་དགའི་དངུལ་ཐོབ་ཡང་། ཁོ་རང་རྒྱལ་ནང་དུ་བསྡད་ནས་སློབ་ཁྲིད་ཞིབ་འཇུག་བྱེད་རྒྱུ་བདམ་གསེས་བྱས་པ་དང་། འདི་ནི་ཆེས་བཟང་པའི་གདམ་གསེས་ཅིག་རེད།

ཆིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོར་ཕན་ཧན་ཏེན་ལ་ཏང་ཝུའུ་ཁྲིམས་རིག་པའི་སློབ་གླིང་ནས་རམས་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་ཐོབ་པ་དང་། དེའི་འཕྲོར་ཕན་ཧན་ཏེན་གྱིས་ཧྲང་ཧའེ་ཀོང་ཧྭ་སློབ་གྲྭ་ཆེན་མོ་ཁྲིམས་རིག་པའི་སློབ་གླིང་ནས་དགེ་རྒན་བྱས། རྗེས་སུ་ཏུང་ཝུའུ་ཁྲིམས་རིག་པའི་སློབ་གླིང་དང་། པེ་ཅིན་སློབ་ཆེན། པེ་ཅིན་སྲིད་ཁྲིམས་སློབ་གླིང་། ཀྲུང་གོ་ཆབ་སྲིད་བཅའ་ཁྲིམས་སློབ་ཚོགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་སློབ་གླིང་ཁྲིམས་རིག་པ་ཞིབ་འཇུག་ཁང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་སོགས་སུ་སྔ་རྗེས་སུ་ལོ་ངོ་དོན་གཅིག་རིང་ལ་སློབ་ཁྲིད་བྱས། ལས་ཁུངས་གང་དུ་བྱ་བ་སྒྲུབ་ཡང་། ཁོས་རིག་གཞུང་ཞིབ་འཇུག་མཚམས་བཞག་མ་མྱོང་། ཞིབ་འཇུག་དགོས་མཁོའི་དབང་གིས་ཕན་ཧན་ཏེན་གྱིས་ཨུ་རུ་སི་དང་། དབྱི་ཐ་ལིའི་སྐད་རང་སྦྱོང་བྱས་པ་དང་། སྔ་རྗེས་སུ་ལོ་ངོ་ཉེར་བདུན་གྱི་དུས་ཚོད་བཀོལ་ཏེ། སྐད་རིགས་བཞིའི་འགྱུར་བརྩམས་པ་དང་། དབྱིན་ཇི་དང་། ཨ་མེ་རི་ཁ། ཧྥ་རན་སི། འཇར་མན། འཇར་པན་སོགས་རྒྱལ་ཁབ་ཡི་གེས་པར་སྐྲུན་བྱས་པའི༼གོང་མའི་ལམ་ལུགས་སྨྲ་བ༽ཞེས་པའི་འགྱུར་ཡིག་བཅུ་གསུམ་པོར་ཟུར་ལྟ་བྱས་པ་དང་། མཱ་ཅི་ཡ་བེ་ལིའི་བསམ་བློ་དང་སྐྱེ་ཁུངས་ཀྱི་དབྱི་ཐ་ལི་དང་། དབྱིན་ཇི། འཇར་མན། ཧྥ་རན་སི། ཨུ་རུ་སི། འཇར་པན་སོགས་རྒྱལ་ཁབ་ཀྱི་བརྩམས་ཆོས་བཅུ་བདུན་ལ་ལྟ་ཀློག་བྱས་ཤིང་། ཆིག་སྟོང་དགུ་བརྒྱ་གྱ་ལྔ་ལོར་ཡང་དག་པའི༼གོང་མའི་ལམ་ལུགས་སྨྲ་བ༽ཞེས་པའི་འགྱུར་རྩོམ་པར་སྐྲུན་བྱས་པ་དང་། ཉིས་སྟོང་བཅུ་གཉིས་ལོར་ཁོ་ལ་ཀྲུང་གོའི་ལོ་ཙཱ་བའི་མཐུན་ཚོགས་ཀྱིས༼མི་ཚེ་གང་བོར་རིག་གནས་ལོ་ཙཱ་བྱས་པའི་གྲུབ་འབྲས་གཟེངས་རྟགས༽གནངས།

ཕན་ཧན་ཏེན་ནི་ཚང་མས་ཁས་ལེན་ཐོབ་པའི་ཀྲུང་གོའི་ཞིབ་སྡུར་ཁྲིམས་རིག་པའི་རྨང་འདིང་མཁན་ཡིན། ཞིབ་སྡུར་རིག་པ་ཀྲུང་གོ་ནས་དར་བའི་ཐད་ནས། དབྱིན་ཇི་དང་། ཨ་མེ་རི་ཁ། ཧྥ་རན་སི། འཇར་མན། འཇར་པན་སོགས་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་ཞིབ་སྡུར་རིག་པའི་གསུང་རྩོམ་ཁྲོད་མི་འདང་ས་ཡོད་པ་དང་། ཕན་ཧན་ཏེན་གྱིས་རང་རྒྱལ་གྱི་དངོས་ཡོད་ལོ་རྒྱུས་གནས་ཚུལ་ལ་རྟོག་དཔྱོད་བྱེད་པ་བརྒྱུད་དེ། ༼ཁྲིམས་གཞུང་༽ཞེས་པ་རང་རྒྱལ་ལོ་རྒྱུས་ཐོག་གི་ཅུང་མ་ལག་ཅན་གྱི་ཡིག་ཐོག་ཁྲིམས་དེབ་ཐེངས་དང་པོ་ཡིན་པ་མ་ཟད། ད་དུང་འཛམ་གླིང་ཞིབ་སྡུར་རིག་པའི་འབྱུང་ཁུངས་ཀྱི་རླབས་ཆེན་གྲུབ་འབྲས་ཤིག་ཡིན་པ་གཏན་འཁེལ་གསལ་བོ་བྱས། སྐབས་དེར་བྱུང་བའི་སྤྱི་ཚོགས་ཀྱི་ཕན་འབྲས་དང་དེའི་རྗེས་ཀྱི་ཀྲུང་གོའི་ཁྲིམས་ལུགས་ལོ་རྒྱུས་སྟེང་ཤུགས་རྐྱེན་ཟབ་མོ་ཐེབས་པར་གཞིགས་ནས་བཤད་ན། ཤར་ནུབ་རྒྱལ་ཁབ་ཁག་གི་ཞིབ་སྡུར་རིག་པའི་འབྱུང་ཁུངས་དང་བསྡུར་ནའང་རིན་ཐང་ཆེས་ཆེར་ལྡན་པ་ཞིག་ཡིནཔ་དང་། དེ་ནི་ཆེས་སྔ་བའི་ཧན་མའོ་ལཱ་པིས་ཁྲིམས་དེབ་དང་འདྲ་བར་ཤར་ཕྱོགས་ཞིབ་སྡུར་ཁྲིམས་རིག་པའི་འབྱུང་ཁུངས་ཀྱི་རྣོ་ངར་ལྡན་པའི་རལ་གྲི་ཆ་གཅིག་ཡིན་པར་སྨྲས་ཆོག

ཕན་ཧན་ཏེན་གྱིས་སྔོན་ཆད་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་ལས་ཁུངས་ཀྱི་བློ་འདྲི་ལྟར། དཔྱད་རྩོམ་མང་པོ་བྲིས་པ་དང་། ཡང་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཀྱི་འགེབས་སྲུང་དབང་ཆའི་མཚན་ཉིད་ལ་རང་ཉིད་ཀྱི་བསམ་ཚུལ་འདོན་སྤྲོད་བྱས་མྱོང་།

ལོ་ངོ་བརྒྱད་ཅུ་ཙམ་གྱི་རིང་ལ། ཁོ་རང་གིས་ད་དུང་༼ཡོན་ཀྲའོ་དབྱིན་ཇི་དང་ཨ་མེ་རི་ཁའི་ཁྲིམས་ལུགས་ཚིག་མཛོད༽ཀྱི་སྤྱིའི་ཞུ་དག་གཏན་འབེབ་ཀྱི་གདན་ཞུ་དང་ལེན་བྱས་ཏེ། གཙོ་སྒྲིག་པ་ཞའེ་པའོ་དང་མཉམ་དུ་ཧྲང་ཧེ་དང་། ནན་ཅིན། ཧང་ཀྲིག ཧི་ཧྥེ་སོགས་སུ་སོང་ནས་ཏུང་ཝུའུ་སློབ་གྲྭ་ཆེན་མོའི་རྒན་རབས་པ་རྣམས་ཚིག་མཛོད་ཞུ་དག་གི་བྱ་བའི་ནང་ཞུགས་པར་སྐུལ་སློང་བྱས་པ་དང་། དེའི་རྗེས་སུ་ཡང་ཞང་ཀང་དང་། ཐའེ་ཝན། ཨ་མེ་རི་ཁ། ཁ་ན་ཏ་སོགས་སུ་ཡོད་པའི་དབྱིན་ཇི་དང་། ཨ་མེ་རི་ཁ། ཧྥ་རན་སི། རོ་མ་དང་། མ་ལེ་ཞི་ཡ། ཧྥ་རན་སིའི་སྐད་ལ་བྱང་བའི་ཆེད་མཁས་པ་མང་པོར་འབྲེལ་འདྲིས་བྱས་པ་དང་། དཀའ་སྡུག་གང་མང་བརྒྱུད་མཐར་ཉིས་སྟོང་གསུམ་ལོར་ལས་རིགས་སྟེང་སྙན་གྲགས་ཆེ་བའི༼ཡོན་ཀྲའོ་དབྱིན་ཇི་དང་ཨ་མེ་རི་ཁའི་ཁྲིམས་ལུགས་ཚིག་མཛོད༽ཅེས་པ་པར་སྐྲུན་བྱས། འདི་ནི་དབྱང་ཐེ་ལིང་དང་། ལུའུ་ཅོན། ཚའེ་ཅན། ཞུས་ཀྲི་སིན། ཕན་ཧན་ཏེན་སོགས་ཏུང་ཝུའུ་ཤེས་ཡོན་པའི་སྡེ་ཡིས་མཉམ་འབྲེལ་སྒོས་ཀྲུང་གོའི་ཁྲིམས་རིག་པའི་སྟེང་བསླངས་པའི་རྡོ་རིང་ཞིག་རེད།

ད་ལོ་དགུང་ལོ་གོ་དགུ་ལ་སླེབས་པའི་སྐུ་ཞབས་ཕན་གྱིས་ད་དུང་སྨྱུ་གུའི་འབྲི་མཚམས་བཞག་མེད་པ་དང་། ཁོས་ལོ་ངོ་བདུན་ཅུ་ལྷག་གི་རིང་ལ་བསྒྱུར་བའི་བརྩམས་ཆོས༼དབང་ཆའི་འཐབ་རྩོད་སྨྲ་བ༽ཞེས་པ་དེ་ད་ལོར་ཧྲང་ཝུའུ་པར་སྐྲུན་ཁང་གིས་པར་སྐྲུན་བྱེད་རྒྱུ་ཡིན་ཞིང་། ༼ཕན་ཧའེ་ཏེན་རིག་གཞུང་ཉིང་བཅུད་ཕྱོགས་བསྡུས༽ཞེས་པ་དེ་ཡང་ད་ལོར་ལྟ་མཁན་རྣམ་པའི་མིག་ལམ་དུ་བཀྲམ་ཐུབ་རྒྱུ་རེད། སྐུ་ཞབས་ཕན་ཡིས་ང་ནི་འབད་བརྩོན་བྱེད་པའི་མཁས་པ་ཞིག་ཡིན་ཅེས་པ་ནང་བཞིན། དཔེ་ཆ་རེ་རེ་དང་། སྨྱུག་ཁ་བསྒྱུར་ཐེངས་རེ་རེར། ནམ་ཡང་འགྱུར་བ་མེད་པ་ནི་དཔེ་ཆ་བ་ཞིག་གིས་རྒྱལ་ཁབ་ལ་དྲན་འཇལ་བའི་རྣམ་དག་གི་སེམས་པ་དེ་ཡིན།

                                                                                                                     ལོ་ཙཱ། ཚེ་རིང་སྒྲོལ་མ།