ནག་འཇོམས་ངན་སེལ་བྱེད་པར་ང་ཚོས་མཛུབ་མོ་ལྔ་བཅངས་ཁུ་ཚུར་བྱེད།
2019.06.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 36

མང་ཚོགས་རྣམས་ཀྱིས་འགྲེམས་པང་བརྒྱུད་ནས་ནག་འཇོམས་ངན་སེལ་གྱི་ཤེས་བྱར་རྒྱུས་ལོན་བྱས།

ནག་འཇོམ་ངན་སེལ་ཏེ། གཙང་སེལ་བྱེད་རྒྱུ་ནི་ངན་ནག་སྟོབས་ཤུགས་དང་གཙང་འགྱུར་བྱེད་རྒྱུ་ནི་ཆབ་སྲིད་སྐྱེ་ཁམས་ཡིན་ལ། རྒྱལ་ཁ་ལེན་རྒྱུ་ནི་སྤྱི་ཚོགས་ཀྱི་བདེ་འཇགས་དང་སྲ་བརྟན་དུ་གཏོང་རྒྱུ་ནི་སྲིད་འཛིན་གྱི་རྨང་གཞི་ཡིན། ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་བཀོད་སྒྲིག་བྱས་པ་ནས་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བྱ་བ་དེར་ཚད་མཐོན་པོས་མཐོང་ཆེན་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུལ་ཤུལ་བོད་ཁུལ་གྱི་བརྟན་འཇགས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།   སེམས་ཞིབ་མོས་བཀོད་སྒྲིག་དང་དོན་དངོས་དམ་འཛིན། ཤུགས་ཆེན་པོས་སྐུལ་འདེད་བཅས་བྱས་ནས་ངན་ནག་སྟོབས་ཤུགས་འཇོམས་པའི་བྱ་འགུལ་ཀུན་ནས་བསླངས།

གཞི་གྲངས་སྐོར་ཞིག་ནི་ཆེས་ལེགས་པའི་བདེན་དཔང་ཡིན་ཏེ། ད་ལོའི་ཟླ་བཞི་བའི་ཚུན་དུ་ཁུལ་ཡོངས་ཀྱིས་སྡོམ་པས་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་ནག་ཉེས་རྩ་འཛུགས་གཅིག་དང་ནགས་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ལྔ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ནག་ཚོགས་དང་འབྲེལ་བ་ཡོད་པའི་མི་སོ་དགུ་འཛིན་བཟུང་བྱས། མི་ང་གཉིས་ཉེས་དོན་བཀག་སྐྱིལ་བྱས་པ་དང་ལྐོག་རྔན་བླངས་པའི་གྱོད་གཞི་ཞེ་གཅིག་ལ་མྱུལ་ཞིབ་བྱས། རྒྱན་འཇོག་བྱས་པའི་མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་ལྔ་སྟོང་བཞི་རྩིས་ལེན་བྱས།

མཉམ་འཛིན་སྤྱི་སྒྲུབ་བྱས་ཏེ་རྒྱལ་ཁ་ལེན་པའི་བློ་ཐག་ཆོད་པ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་《ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་སྐོར་གྱི་བརྡ་སྦྱོར》ལྟར། ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རང་རྟོགས་སྒོས་མྱུར་དུ་བྱེད་ཐབས་སྤྱད་དེ་དངོས་གཉེར་དམ་འཛིན་གྱིས་དུས་སྐབས་དང་པོའི་ནང་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་མི་ཉིས་བརྒྱ་དང་བཞི་བཅུ་རྩ་འཛུགས་བྱས་ནས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་གསོ་སྦྱོང་བྱ་འགུལ་སྤེལ་བ་དང་ཁུངས་སྣེའི་འབྱུང་ཁུངས་རྒྱ་བསྐྱེད་སྒོས་གནད་དུ་འཁེལ་བའི་རྡུང་རྡེག་བྱ་བ་ལག་བསྟར་བྱས།

“ཐེངས་འདིའི་དྲང་བདེན་དངསྡུག་རུལ་གྱི་འགྲན་བསྡུར་འདི་ནི་ཁུལ་ཡོངས་ཀྱི་སྟོབས་ཤུགས་གཅིག་བསྡུས་དང་སྡེ་ཁག་མང་པོའི་སྟོབས་ཤུགས་ཕྱོགས་བསྡུས་བྱས་པའི་སྟོབས་དང་ལྡན་པའི་མཁྲེགས་གཏོར་འཐབ་འཛིང་ཐེངས་ཤིག་ཡིན་པར་མ་ཟད། སྤྱི་ཚོགས་བདེ་འགོད་ཀྱི་ཆེད་དོན་བཅོས་སྐྱོང་ཐེངས་ཤིག་ཀྱང་ཡིན”ཞེས་ཡུལ་ཤུལ་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲུའུ་ཀྲན་མེན་གྱིས་བཤད།

ཡུལ་ཤུལ་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཐེངས་མང་པོར་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱར་སློབ་སྦྱོང་བྱས་ཏེ། གནས་པའི་གནད་དོན་ལ་ཞིབ་འཇུག་དང་བྱ་བའི་བཀོད་སྒྲིག་ལ་ཇུས་འགོད་བྱས་ཏེ། ལས་རྐང་དང་པོར་ཟབ་ཞུགས་བྱས་ནས་ཆེད་དོན་འཐབ་རྩོད་དེ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བྱེད་པར་འགན་སྲུང་བྱས། དེ་དང་མཉམ་དུ།  ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་རྗེས་ཕྱོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་ལས་ཁུངས་། དཔྱད་ཞིབ་ཚད་འཇལ་གྱི་ནང་དོན་གལ་ཆེན་དུ་བཞག་སྟེ་གླེང་ཕྱོགས་སྟོབས་ལྡན་དང་འགན་འཁྲི་གསལ་བོ་བྱས།

དེ་དང་མཉམ་དུ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ། ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་དང་ཁུལ་སྤྱི་བདེ་ཁང་སོགས་ལས་ཁུངས་ཀྱིས་རང་སྟེང་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ། ཆེད་དོན་ཇུས་གཞི་བཟོ་བ་དང་ཧུར་བརྩོན་སྒོས་ཟབ་ཞུགས་བྱེད་པ་བཅས་བྱས་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་པར་ཐུན་མོང་གི་སྟོབས་ཤུགས་བཏོན་ཏེ། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཀུན་ཏུ་ཏང་ཨུ་ཡིས་གཅིག་གྱུར་སྣེ་ཁྲིད་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་རོགས་སྒྲུབ་བྱེད་པ། སྲིད་ཁྲིམས་སྡེ་ཁག་གིས་རོགས་སྒྲུབ་དམ་པོ་བྱེད་པ། ཁོངས་གཏོགས་ལས་ཁུངས་སོ་སོས་མཉམ་སྒྲུབ་དམ་འཛིན་བྱེད་པའི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

ཡུལ་ཤུལ་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲུའུ་ཀྲན་མེན་གྱིས་བཤད་རྒྱུར། “རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བྱས་པ་ནས་སྒྲིག་གཞིའི་ལམ་ལུགས་འཐུས་ཚང་ཞིག་བཙུགས་པའི་བར་དང་། ཁོངས་གཏོགས་ལས་ཁུངས་ཀྱིས་མཉམ་སྒྲུབ་དམ་འཛིན་བྱས་པ་ནས་རིམ་པ་སོ་སོར་འགན་ནུས་ལག་བསྟར་བྱས་པའི་ཚུན་གྱི་ཚགས་དམ་པའི་འགུལ་སྐྱོད་ཀྱི་རྒྱབ་ཕྱོགས་སུ། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མའི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དྲག་པོར་རྒྱལ་ཁ་ལེན་པའི་ཆོད་མངོན་སེམས་ཡོད”ཟེར།

དྲིལ་སྒྲོག་གིས་དམངས་སེམས་བདེ་ལ་འགོད་པར་སྣེ་ཁྲིད་བྱས་པ།

དྲིལ་སྒྲོག་སྣེ་ཁྲིད་བྱ་བར་ཤུགས་སྣོན་བྱས་ཏེ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་དམངས་སེམས་འགུག་པའི་བྱ་བ་ཞིག་ཏུ་གྱུར་བ་དང་། གནད་འཁེལ་དབུལ་སྐྱོར་གྱིས་མི་དམངས་མང་ཚོགས་གྱི་ཁ་རྒྱབ་གནད་དོན་ཐག་གཅོད་བྱས་ནས་འཚོ་བ་སྐྱིད་པོ་རོལ་ཏུ་འཇུག ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱིས་རིམ་པ་ཆེས་མཐོ་ས་ནས་མི་དམངས་མང་ཚོགས་ལ་བདེ་འཇགས་དང་བདེ་སྐྱིད་ཀྱི་ཚོར་སྣང་སྦྱིན་བཞིན་ཡོད། དེའི་སྟབས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་དམངས་སེམས་འགུག་པ་དང་ལས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་བའི་བྱ་བ་ཆེན་པོ་ཞིག་རེད།

སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཀྱིས་གོ་བདེ་ཞིང་ཚུར་ལེན་བྱེད་ཐུབ་པའི་བྱེད་ཐབས་སྤྱད་ནས་དྲིལ་སྒྲོག་བྱ་བ་སྤེལ་བ་སྟེ། འཕྲད་བྱང་འགེལ་བ་དང་བློ་འདྲི་ས་ཚུགས་བཙུགས་པ།  ཡུལ་དངོས་ནས་གྱོད་དོན་དཔེ་གཞི་སྒྲོག་འགྲེལ་བྱེད་པ། དྲིལ་སྒྲོག་ལག་དེབ་སྟེར་བ། གློག་བརྙན་ཐུང་ངུའི་རྣམ་པ་སྤྱད་དེ་མི་དམངས་མང་ཚོགས་ལ་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ཤེས་རྟོགས་བྱུང་དུ་བཅུག

ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་དྲིན་ཆེན་སྡེ་བའི་སྡེ་མི་ནོར་བུ་རྡོ་རྗེ་ཡིས་བཤད་རྒྱུར། “ངན་ནག་སྟོབས་ཤུགས་ནི་སྡུག་རྩུབ་ཆེ་བའི་གཅན་གཟན་ཞིག་དང་འདྲ་ཞིང་གཅན་གཟན་དེ་དག་མ་བཏུལ་བའི་ཡར་སྔོན་དུ་ཤ་ཟས་ནའང་དེ་འདྲའི་ཞིམ་པོ་ཞིག་མིན་ལ། སྡུག་རྩུབ་ཆེ་བའི་གཅན་གཟན་དེ་དག་ཕམ་པར་བྱས་རྗེས་ད་ལྟ་རྩམ་པ་ཟས་ནའང་བདེ་སྐྱིད་ལྡན་པའི་སྣང་བ་ཞིག་སྟེར”ཟེར།

ངན་ནག་སྟོབས་ཤུགས་རྩ་སློག་བྱས་པ།

ངན་ནག་དང་རུལ་སུངས་ཀྱི་བར་ལ་ཕན་ཚུན་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཁྱད་ཆོས་དེ་དམིགས་སུ་བཟུང་ནས། ངན་ནག་གྱོད་གཞིར་ཞིབ་བཤེར་བྱེད་པའི་ཞོར་དུ“ངོ་གཉིས་མ”དང་འགེབ་སྲུང་མཁན་ལ་རྡུང་རྡེག་དྲག་པོ་བཏང་ཞིང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དང་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། ངན་ནག་སྟོབས་ཤུགས་ཀྱི་འགེབ་སྲུང་མཁན་དུ་གཏོགས་པ་དག་ལ་ཞིབ་བཤེར་གསལ་བོ་བྱས་ཏེ་གཅིག་ཀྱང་མི་འཆོར་བར་བྱས།

ད་ལྟའི་བར་དུ། ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དང་རྫོང་སོ་སོས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བྱ་སྒྲུབ་པའི་གནས་ཚུལ་སྐོར་ལ་མངོན་བཤེར་ལྐོག་འདྲི་ཐེངས་ལྔ་ལ་བྱས་པ་དང་། “འགེབ་སྲུང་མཁན”གཅིག་དང་བྱ་ངན་བསྒྲུབས་པའི་མི་དམངས་ཉེན་རྟོག་པ་གསུམ་ལ་ཁྲིམས་ལྟར་ཐག་གཅོད་བྱས་པར་མ་ཟད། ཉེན་རྟོག་པའི་རོགས་རེས་པ་གསུམ་ལས་རྐང་ལས་ཕྱིར་ཕུད་ནས་དཔེ་མཚོན་རང་བཞིན་གྱི་གྱོད་གཞི་གསལ་བསྒྲགས་བྱས།

ཡུལ་ཤུལ་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཁྲིན་སུང་གིས་བཤད་རྒྱུར། ལས་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ། གནད་དོན་གཙོ་བོ་བཅས་ལ་དམིགས་ནས། ང་ཚོས་ཞིབ་བཤེར་དང་རྡུང་རྡེག་གནད་དུ་འཁེལ་བ་བྱས་པར་མ་ཟད། ཁུལ་ཡོངས་ཀྱི་སྡེ་བ་ཉིས་བརྒྱ་ང་བརྒྱད་དང་སྡོད་ཁུལ་ང་བཞི་ཡི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པའི་ཁོངས་མི་སྟོང་གཉིས་དང་བརྒྱད་བརྒྱ་གྱ་བདུན་གྱིས་ངན་ངག་སྟོབས་ཤུགས་མེད་པའི་དམ་བཅའ་ཡི་གེ་སྟེང་མིང་བཀོད་པ་དང་།   ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱིས་འཁོན་འཛིན་བཅངས་པའི་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་དོན་ལ་རྡུང་རྡེག་དྲག་པོ་བཏང་སྟེ། བཟོད་སྒོམ་ཅི་ཡང་མི་བྱེད་པའི་རྣམ་འགྱུར་གྱིས་ངན་ནག་སྟོབས་ཤུགས་གཅིག་ཀྱང་མ་ལུས་པར་རྡུང་རྡེག་བཏང་།

འཐབ་རྩོད་དྲག་པོ་རེ་རེའི་ཤུགས་དྲག་པོའི་ཕར་རྒོལ་འོག  ཁུལ་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁའི་གཏམ་བཟང་བསྟུད་མར་གྲགས་ཤིང་།  དུས་རིམ་རང་བཞིན་གྱི་གྲུབ་འབྲས་དེར་མི་དམངས་མང་ཚོགས་ཀྱིས་དགའ་འབོད་བྱེད་ཅིང་། ཏང་དང་མི་དམངས་ལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ངན་ནག་སྟོབས་ཤུགས་ལ་རྡུང་རྡེག་བྱེད་པའི་ཆོད་སེམས་དང་ནུས་པ་མཐོང་དུ་བཅུག

                                                                                     ལོ་ཙཱ་བ། གཡང་འབུམ་རྒྱལ།